མེ་ལོང་ཡེ་ཤེས།

༼མེ་ལོང་ཡེ་ཤེས༽ཞེས་པའི་དྲ་རྒྱའི་མཚོན་དོན་ངོ་སྤྲོད་གནད་བསྡུས།

མེ་ལོང་ནི་གཟུགས་བརྙན་ཐམས་ཅད་འཆར་བའི་གཞི་ཡིན་པས་འདི་སྣང་གི་མཚན་མ་ཐམས་ཅད་འབྱུང་བ་དང་། འཇིག་པ། ཆགས་པ་དང་གནས་པའི་རྟེན་བྱེད། ཡེ་ཤེས་ནི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་རྩི་ཡིན་ཕྱིར་བཟང་ངན་གྱི་རྣམ་པ་སོ་སོར་མ་འདྲེས་པར་འབྱེད།

༡༽མེ་ལོང་ནི་གཡའ་དག་གི་ནམ་མཁའ་ཡིན་པས་དྭངས་བ་དང་། གཙང་བ། ཡངས་པའི་རང་བཞིན་དུ་གནས། ཡེ་ཤེས་ནི་ཉི་མ་ཡིན་པས་གསལ་བ་དང་། ཁྱབ་པ། བདལ་བ་གསུམ་གྱིས་ཐམས་ཅད་ལ་འོད་སྣང་འབྱིན་པར་བྱེད།

༢༽མེ་ལོང་ནི་བགྲོད་དུ་མེད་པའི་ལམ་ཡིན་པས་ས་ཡི་རིམ་པ་དང་གནས་ལ་མཐོ་དམན་འཇལ་དུ་མེད། ཡེ་ཤེས་ནི་གཡོ་མེད་དག་པའི་སྐུ་ཡིན་ཕྱིར་འཕོ་འགྱུར་མེད་པར་རང་སར་རྒྱུན་དུ་གནས།

༣༽མེ་ལོང་ནི་སྐྱེད་དུ་མེད་པའི་འབྲས་བུ་ཡིན་པས་ཐམས་ཅད་ཀྱི་རེ་བའི་དམིགས་རྣམ་དུ་གྱུར། ཡེ་ཤེས་ནི་དགག་སྒྲུབ་བྲལ་བའི་འོད་ཡིན་ཕྱིར་ཕྱི་ནང་དང་ཁ་ཞབས་ཀུན་ཀ་གསལ།

༤༽མེ་ལོང་ནི་མཁའ་ལ་ལྡིང་བའི་ཁྱུང་གཤོག་ཡིན་པས་འདི་སྣང་གི་དངོས་པོ་ཐམས་ཅད་བརླ་འོག་ཏུ་ཁེབས་ནས་ཡོད། ཡེ་ཤེས་ནི་རྩལ་སྟོབས་ཡིན་ཕྱིར་དགག་པ་དང་སྒྲུབ་པའི་གོལ་ས་ཡེ་ནས་བྲལ།

༥༽མེ་ལོང་ནི་ཆུ་ནང་གི་ཟླ་གཟུགས་ཡིན་པས་ལྟ་རུ་ཡོད་ལ་འཛིན་དུ་མེད། ཡེ་ཤེས་ནི་འོད་ཀྱིས་ཁེངས་པའི་གུར་ཁང་ཡིན་ཕྱིར་ཐུག་རེག་གི་མཚན་མའི་ཡུལ་ལས་འདས།

༦༽མེ་ལོང་ནི་བྱད་ཡིན་ལ་ཡེ་ཤེས་ནི་བཞིན་ཡིན། དོན་དུ་བྱད་དང་བཞིན་གཉིས་དབྱེ་རུ་མེད་པ་ལྟར། མེ་ལོང་དང་ཡེ་ཤེས་གཉིས་ལོགས་སུ་དགར་དུ་མེད། ཚིག་གི་སྤྲོས་པ་མང་ཡང་མཐའ་ཐམས་ཅད་ཀྱི་འདུས་སོ་དོན་གྱི་ཉག་མ་གཅིག་ཏུ་གནས་འདུག་པ་ནི་མེ་ལོང་ཡེ་ཤེས་ཀྱི་ངེས་དོན་ཡིན་ནོ། །

༧༽ད་དུང་མེ་ལོང་ནི་དགོས་འབྱུང་གི་ནོར་བུ་ཡིན་པས་ཕུན་ཚོགས་ལོངས་སྤྱོད་ཐམས་ཅད་འབྱུང་བའི་གཞི་རུ་གྱུར། ཡེ་ཤེས་ནི་ནོར་འོད་ཡིན་པས་ཉེས་སྐྱོན་གྱི་དྲི་མ་ཐམས་ཅད་རང་ས་ནས་དྭངས་བར་བྱེད།

འབྲུ་དགུ་ནི།

ཐེག་པ་དགུ་ཡི་རིམ་པ་མ་འདྲེས་པར་གདུལ་བྱའི་བློ་ཡི་མཐོང་སྣང་མི་མཐུན་པའི་བདེན་པ་རེ་རེ་ཡིན།

མཐའ་ཡི་ཕྱི་ནང་ཐིག་གཉིས་ནི།

མེ་ལོང་ཡེ་ཤེས་ལ་བདེན་པ་གཉིས་སུ་འདུས་པས། ཡོད་མེད། སྣང་སྟོང་། རྟག་ཆད། སྐྱེ་འགག་གི་སྤྲོས་པ་ཐམས་ཅད་བཏགས་པ་ཙམ་དུ་བདེན་ཡང་སྣང་བ་ལྟར་དུ་མེད་པའི་དོན་མཚོན་པ་ཡིན།

ཕན་ཚུན་སྦྲེལ་བ་ནི།

ཆོས་ལུགས་གྲུབ་མཐའ་དང་། མི་རིགས་རིག་གནས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་དུ་གྲུབ་པའི་དོན་མཚོན་པ་ཡིན་ནོ། །

འདི་ལྟར་བོན་རང་ལུགས་སུ་ཐེག་འགྲེལ་མེ་ལོང་དགུ་སྐོར་ཞེས་པ་དང་། རྫོགས་ཆེན་མེ་ལོང་བདུན་པ་ཞེས་པ་སོགས་མེ་ལོང་དགུ་དང་བདུན་གྱི་མཚོན་དོན་ལྡན་པའི་བོན་སྡེ་དུ་མ་བཞུགས་ཡོད་པ་ལས་སྐབས་འདིར་རྫོགས་ཆེན་མེ་ལོང་བདུན་པོའི་དབྱིབས་རྣམ་གྱི་འོད་ཐིག་ཕྲ་མོ་ཙམ་ཞིག་དྲ་བའི་རིག་གནས་ཀྱི་སྟོང་ཆ་ནས་འཕྲོས་པའི་ཚུལ་དུ་འགྲེལ་བཤད་ཕྲན་བུ་ཞུས་པ་ཞིག་ཡིན། །

སྔོན་དུ་འགྲོ་བའི་རྗེས་ཀྱི་མེ་ལོང་བདུན་པོ་ནི།

༡༽ལྟ་བ་སྙིང་གི་མེ་ལོང་། ༢༽སྒོམ་པ་སྙིང་གི་མེ་ལོང་། ༣༽འབྲས་བུ་སྙིང་གི་མེ་ལོང་། ༤༽སྤྱོད་པ་སྙིང་གི་མེ་ལོང་། ༥༽ཞིང་ཁམས་སྙིང་གི་མེ་ལོང་། ༦༽ངོ་སྤྲོད་སྙིང་གི་མེ་ལོང་། ༧༽ཡོན་ཏན་སྙིང་གི་མེ་ལོང་དང་བདུན་ཡིན་ནོ། །

                                                 མེ་ལོང་ཡེ་ཤེས་གཙོ་སྒྲུབ་ཁང་ནས་ཕྱི་ལོ་༢༠༡༥ཟླ་༩ཚེས་༦ཉིན།