ཞང་ཞུང་སྲིད་པའི་བླ་མཁར་འོམ་པོ་སྒོ་བཞི་ལས་འཕྲོས་པའི་སྲིད་པ་སྤྱི་རྗེའི་འོད་སྣང་།

0
854
གངས་རིན་པོ་ཆེ།

   རྩོམ་པ་པོ། ཁྱུང་ནག་དགེ་བཤེས་དགེ་ལེགས་སྦྱིན་པ།

    སྤྱིར་འཛམ་གླིང་གི་ཁྱོན་འདིར་རང་རྐྱ་ཐུབ་པའི་གནའ་བོའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་རང་རང་ལ་ལྟོས་པའི་ཤེས་རིག་དང་། ཆབ་སྲིད། དམག་དོན། སྐད་ཡིག ཆོས་ལུགས་དང་མི་རིགས་ཀྱི་གོམས་གཤིས་སོགས་ཇི་སྙེད་ཅིག་ཡོད་པ་ནང་བཞིན། གནའ་བོའི་ཞང་ཞུང་བོན་གྱི་རྒྱལ་ཁབ་ཆེན་མོ་དེ་ཉིད་ཉམས་དམས་སུ་མ་སོང་བའི་སྔོན་དུ་ཁྱིམ་མཚེས་རྒྱལ་ཁབ་གཞན་ལ་ལྟོས་མིན་གྱིས་མི་རིགས་རང་ཉིད་དང་འབྲེལ་བའི་ཐུན་མིན་རིག་གནས་དང་། ཤེས་ཡོན། རིག་གཞུང་། ཆབ་སྲིད། དམག་དོན། སྐད་ཡིག ཆོས་ལུགས། མི་རིགས་ཀྱི་གོམས་གཤིས་དང་སྟོབས་འབྱོར་སོགས་གང་ཅིའི་ཐད་ཁྱིམ་

མཚེས་རྒྱལ་ཁབ་གཞན་རྣམས་ལས་ཀྱང་ཡང་རྩེར་སོན་ཡོད་པ་ཞང་བོད་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པ་ནི་ཞང་ཞུང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་གྲུབ་ཆ་ཞིག་ལ་བརྟེན་ནས་བྱུང་བ་ཡིན། ཡ་ཐོག་ཞང་ཞུང་གི་མི་རིགས་ཀྱི་ཐ་སྙད་ཐོག་མར་གྲུབ་པ་ནས་བཟུང་། དུས་རབས་བརྒྱད་པར་ཞང་ཞུང་གི་རྒྱལ་པོ་ཐ་མ་ལི་མིན་རྐྱའི་བར་འཇིག་རྟེན་སྲིད་པའི་རང་གཤིས་དང་མཚུངས་པའི་ཞང་ཞུང་བོན་གྱི་རྒྱལ་ཁབ་ཆེན་མོ་དེ་ཉིད་འཕེལ་རྒྱས་ཀྱི་དུས་རིམ་དང་། ཉམས་རྒུད་ཀྱི་དུས་རིམ་སོགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་རི་མོ་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་ནི། ཞང་ཞུང་རྒྱལ་ཁབ་ཀྱི་འཕེལ་རིམ་ལ་བརྟེན་ནས་ཤེས་རྟོགས་ཐུབ་པ་ཡིན། བྱུང་བའི་ལོ་རྒྱུས་ཀྱི་རི་མོ་དེ་རྣམས་གནའ་བོའི་ཞང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་དང་། ཞང་ཞུང་བོན་གྱི་དཔེ་རྙིང་ཁག་ལ་གཞི་བཅོལ་ཏེ་ཞིབ་འཇུག་མ་བྱས་པར་སེམས་ཅན་སྒྲིན་པོའི་མནོ་བསམ་གཅིག་པུས་ཐོག་ནས་ཞང་ཞུང་གི་ལོ་རྒྱུས་ཡང་དག་པ་ཞིག་རྙེད་ཐུབ་མེད་པ་རེད། དེ་ཡང་ཞང་ཞུང་གི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་སྲིད་པའི་སྤྱི་རྗེ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ལས་སོགས་ཞང་ཞུང་གི་རྒྱལ་པོ་དུ་མ་ཞིག་འཛམ་གླིང་གོ་ལའི་ཁྱོན་འདིར་ཕེབས་ཏེ། ཞང་ཞུང་གི་རྒྱལ་ཁབ་ཆེན་མོར་དབང་བསྒྱུར་ཞིང་ཆབ་སྲིད་ཀྱི་མཛད་འཕྲིན་བསྐྱངས་བའི་ལོ་རྒྱུས་ཡོད་ལ། དེ་རྣམས་ཀྱི་སྐུ་ཡི་འཁྲས་རྟེན་གནའ་བོའི་མཁར་རྫོང་དུ་མའི་ཞིག་ཤུལ་གནའ་སྒྲུང་ལྟ་བུ་མ་ཡིན་པར་མིག་མཐོང་ལག་ཟིན་ཞེས་པའི་དཔེ་ལྟར་དེང་སང་མཇལ་ཡུལ་དུ་བཞུགས་ཡོད། སྐབས་འདིར་གནའ་བོའི་ཞང་བོད་ལོ་རྒྱུས་ཡིག་ཆ་ཁག་ལ་གཞི་བཅོལ་ཏེ་ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་ས་རུ་གྲགས་པ་ཁྱུང་ལུང་དངུལ་མཁར་སྐོར་ལ་ཅུང་ཙམ་གླེང་བར་འདོད། གང་ཡིན་ཞེ་ན། ཞང་ཞུང་གི་ལོ་རྒྱུས་སྨྲ་བའི་མཁས་དབང་མི་ཉུང་བ་ཞིག་གིས་རང་རང་གི་འདོད་ཕྱོགས་ལྟར་ཁྱུང་ལུང་དངུལ་མཁར་ངོས་འཛིན་གནང་ཡོད་ནའང་དེ་དག་འདོད་པ་གཅིག་མཐུན་དུ་བྱུང་མེད་པས་དེ་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དུ་ཡིན། གནའ་བོའི་ཞང་ཞུང་གི་ལོ་རྒྱུས་ལ་མཐོང་ཐོས་མྱོང་གསུམ་ཞན་པའི་བདག་ལྟ་བུས་ཞང་ཞུང་གི་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་འདི་ཡིན་ཞེས་མཐའ་གཅིག་ཏུ་བཤད་པར་དཀའ་ནའང་། ཞང་ཞུང་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལ་གཞི་བཅོལ་ཏེ་དོན་གྱི་ཡིན་ཚུལ་ཅུང་ཙམ་འཆད་པར་སྤྲོའོ།། ཞང་ཞུང་དབུས་ཀྱི་རྒྱལ་ས་དང་དེར་ཞལ་གསལ་དུ་བྱུང་བའི་རྒྱལ་པོ་འགའི་བྱུང་རབས། །ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་གི་ཡུལ་དབུས་ཀྱི་རྒྱལ་ས་ཡིན་པ་དང་། མཁར་འདིར་ཞང་ཞུང་གི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་ནང་ནས་སླ་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་དང་གསུམ་བྱུང་ནས་ཞང་ཞུང་གི་ཁྲི་སྡེར་དབང་བསྒྱུར་བྱས་ཡོད་པ་ནི་ཞང་བོད་ལོ་རྒྱུས་ཐོག་ཡོངས་གྲགས་ཤིག་ཡིན་ཀྱང་། མཁར་འདི་ཐོག་མར་ཞང་རྒྱལ་སུ་ཞིག་གི་སྐུ་རིང་ལ་བཞེངས་པ་དང་། མཁར་འདིར་གནས་སྡོད་ཀྱི་ཞང་ཞུང་གི་རྒྱལ་རབས་དུ་ཞིག་བྱུང་མིན་དང་། ཐ་མ་ཉམས་ཞིག་ཏུ་སོང་བའི་དུས་རིམ་སོགས་ནི་ཞང་ཞུང་བོན་གྱི་ལོ་རྒྱུས་དེ་ཉིད་ཉེར་འཚེའི་གཉན་འཕྲང་དུ་མར་བརྒྱུད་དགོས་བྱུང་ཡོད་སྟབས། ཞལ་གསལ་དུ་འཁོད་པའི་ཡིག་ཆ་ཞིག་དེང་གི་ཆར་མཇལ་ཡུལ་དུ་མ་གྱུར། འོན་ཀྱང་དེང་སྐབས་མཇལ་ཡུལ་དུ་གྱུར་པའི་ཞང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ལ་གཞི་བཅོལ་ཏེ་ང་ཚོས་ཞིབ་འཇུག་བྱས་པ་ཡིན་ན་མཁར་འདི་ཐོག་མར་མི་སུ་ཞིག་གིས་བཞེངས་ཡོད་པ་དང་། མཁར་འདིའི་བཀོད་པ་ཇི་ལྟར་ཡོད་པའི་སྐོར་ང་ཚོས་ཤེས་རྟོགས་ཀྱི་ཡུལ་དུ་འགྱུར་ཐུབ་ངེས་ཡིན། གཡུང་དྲུང་བོན་གྱི་ཡིག་ཆ་དུ་མའི་ནང་བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་ཐོག་མར་ཞང་ཞུང་ཡུལ་དུ་ཕེབས་པའི་དུས་སུ་མཁར་འདི་བཞེངས་པར་གསལ། དེ་དུས་གཤེན་རབ་མཆོག་དགུང་ལོ་བཅུ་བཞེས་པ་ཀུན་འབུམ་ཁྲ་བོ་ལས་གསལ། དེས་ན་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་ཐོག་མར་ཞང་ཞུང་ཡུལ་དུ་ཕེབས་པའི་དུས་རིམ་དང་། བོད་ཡུལ་དུ་ཐོག་མར་ཕེབས་པའི་དུས་རིམ་གཉིས་མི་འདྲ་བའི་ཚུལ་ཤེས་དགོས་སོ། །དེ་ཡང་ཀུན་འབུམ་ཁྲ་བོ་ལས། དང་པོ་ཞང་ཞུང་ཡུལ་དུ་བབ་༼བབས་༽པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱིས་༼གྱི་༽རྒྱལ་པོར་ཐོགས་པ་ཡང་དེར་བསྲིད་༼སྲིད།༽ དེ་ལ་༼ལས་༽མས་༼མར་༽གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་སྟག་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་༼གངས་༽ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་༼ཞིག་༽བརྩིགས། མཐའ་བརྒྱད་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་༼བརྒྱ་༽དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། །ཤེ་ལེ་དབལ་རྩེ། འོད་གསལ་གཡུ་རྩེ། གསང་མེར་ལྷ་རྩེ། ཉི་འོད་ཤེལ་རྩེ། རྒྱལ་བ་བསེ་མཁར། ཡ་གད་སྟག་མཁར། ཧབ་སོ་ལྒ་མཁར། སྐྱུག་མོ་ལན་མཁར། ལོ་ཏོག་འགྱུར་མཁར། དྲག་ཚན་འབྲམ་མཁར། གུ་རི་གནམ་མཁར། གཡུང་དྲུང་ཡོད་མཁར། ཁ་རག་ཁྱུང་མཁར། དཔལ་བརྩན་སེང་མཁར། ཆེ་བརྩན་དྲེགས་མཁར། མཐོ་བརྩེགས་རྒོད་མཁར། མ་མ་དྲེད་མཁར། ཡར་མོ་བཞད་མཁར། མཁར་ཕྲན་བཅོ་བརྒྱད་ལ། སྡེ་ཆེན་བཅོ་བརྒྱད་གནས། བོན་ཆེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ། དེའི་དཀྱིལ་ཤད་དུ། ཁྱུང་ལུང་དངུལ་མཁར་བརྩིགས། རྨེང་བཞི་གསེར་ལ་བྱས། ལོག་བཞི་དངུལ་ལ་བྱས། སྒོ་སྐྱེས་པ་ལྕགས་ལ་བྱས། སྒོ་བཞི་དུང་ལ་བྱས། ཟུར་བཞི་མཆོང་ལ་བྱས། ཁ་བད་ཟངས་ལ་བྱས། རྩེ་མོ་གནམ་རིམ་བཅུ་གསུམ་དུ་བྱུང་། བུ་ཡུག་རྟག་པར་འཁོར། འབྲུག་ཏོང་སྔོན་པོ་ཉལ། བྱ་ཁྱུང་རྩིབས་སུ་ལྡིང་། མཁར་མིག་བརྒྱ་དང་རྩ་བརྒྱད་ཡོད། སུམ་ཆ་ཡན་ཆད་ལྷའི་བཟུངས་༼ལྷས་བཟུང་༽། གཡའ་བྲག་གངས་གསུམ་བྷར་༼འབར།༽ འོད་ཟེར་ཐོག་གསུམ་འཕྲོ། ལྷ་དྲག་གེ་ཁོད་གནས། སུམ་ཆ་གཤེན་གྱིས་བཟུང་། འབྲོག་མོ་ཐིལ་གསུམ་མཆིས། རྟ་ལུག་གནག་གསུམ་འཕྱོ། རྔ་གཤང་དུང་གསུམ་སྒྲོགས། བསྭོ་དབལ་བོན་གསུམ་འབོད། ཞང་ཞུང་གྱེར་རྒྱུང་གནས། སུམ་ཆ་མན་ཆད་ཀླུས་བཟུངས། གཡུ་མཚོ་ཀྱི་ལི་ལི། གཡུ་བུན་ཁྲིགས་སེ་ཁྲིག ཆུ་སྲིན་དུང་གསུམ་ངར། ཀླུ་ཕྲུག་གྱུར་གསུམ་རྩེ། མི་མགོན་དཀར་པོ་གནས། དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན། ཞེས་དང་། མདོ་འདུས་ལས། ཁྱུང་ལུང་རྔུལ་༼དངུལ་༽མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། ཞེས་གསུངས་ཚུལ་ལྟར་ན་སྟོན་པ་གཤེན་རབ་མི་བོ་མཆོག་ཞང་ཞུང་བོན་གྱི་ཞིང་ཁམས་འདིར་ཐོག་མར་ཞབས་བཅགས་པའི་དུས་སུ་མཁར་འདི་བཞེངས་པར་གསུངས། རྣམ་མཁྱེན་རྒྱལ་བ་གཤེན་རབ་གཙོ་འཁོར་རྣམས་ཞང་ཞུང་གི་ཞིང་འདིར་ཞབས་སོར་འཁོད་པའི་སྐབས། ཞང་ཞུང་གི་རྒྱལ་པོ་ནི། གཡུང་དྲུང་བོན་གྱི་བསྟན་པ་ལ་འབྲེལ་བ་ཐོག་མར་གནང་མཁན་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ཡིན་པ་དང་། ཁོང་གིས་སངས་རྒྱས་བསྟན་པའི་གཙོ་བོ་ཞལ་མཇལ་བ་དང་། ཁྲི་རྗེ་ལུང་བསྟན་གྱི་མདོ་ཞུས། ༼མདོ་སྡེ་འདི་ཉིད་ད་ལྟ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཁོངས་སུ་བཞུགས་ཡོད།༽གསས་མཁར་ནོར་བུ་སྤུངས་རྩིག་བཞེངས་པ་དང་། ཁོང་གི་རྒྱལ་ས་ལྟེ་བ་གངས་ཏི་སེའི་མགུལ་དུ་ཡོད་པའི་ག་ལྗང་གཡུ་ལོ་རྫོང་མཁར་ཞེས་དེང་སྐབས་རྒྱང་གྲགས་དགོན་པ་ཆགས་ས་དེ་ཡིན་པ་བོན་གྱི་ལོ་རྒྱུས་རྣམས་སུ་གསལ་བར་འཁོད་ཡོད། འོན་ཀྱང་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་གྱིས་ཞང་ཞུང་གི་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་བཞེངས་པའོ་ལོ་རྒྱུས་གང་ཡང་ཞལ་གསལ་དུ་མ་བྱུང་། དམུ་སྲས་འགྲོ་བའི་མགོན་པོ་སངས་རྒྱས་གཤེན་རབ་མི་བོ་དང་མཆོད་ཡོན་གྱི་འབྲེལ་བ་ཐོག་མར་གནང་མཁན་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་འདི་དང་། གདུང་ཚབ་མུ་ཆོའི་སློབ་བརྒྱུད་དྲང་སྲོང་ཁྲི་ལྡེ་འོད་པོ་དང་མཆོད་ཡོན་གྱི་འབྲེལ་བ་གནང་མཁན་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་གུ་ལང་གསེར་གྱི་བྱ་རུ་ཅན་གཉིས་ཞང་ཞུང་བོན་གྱི་ལོ་རྒྱུས་རྣམས་སུ་འཁྲུགས་འདྲེས་ཀྱི་ཚུལ་དུ་བཤད་པ་མང་ཡང་། འདི་གཉིས་མིང་འདྲ་ཡང་དོན་མི་འདྲ་བ་ཡིན་པ་ནི་བྱུང་བའི་ལོ་རབས་ཀྱི་ཐོག་ནས་གསལ་ཤེས་ཐུབ་པ་རེད།

དྲན་པ་ཡང་གསང་།
དྲན་པ་ཡང་གསང་།

བསྐྱར་དུ་འོམ་པོ་སྒོ་བཞིའི་སྐོར་ནན་གྱིས་གླེང་བ།

   ད་ལྟ་ང་ཚོས་ཞིབ་འཇུག་བྱེད་སའི་མཁར་ཤུལ་འདི་ཉིད་སྔར་ཞང་ཞུང་གི་དུས་སུ་ཇི་ལྟར་ཡོད་པའི་ཚུལ་ནི། བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ལས། སྔོན་ཞང་ཞུང་གི་ཡུལ་ཨི་ཤོད་ན། ཤིང་ཨ་པར་ལྗོན་པའི་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་པའི་དབུས། མཁར་ཁྱུང་ལུང་དངུལ་མཁར་མ་མ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་བྱ་བ་ན། ཞེས་དང་། རྒྱུང་ཡར་ཁོད་སྤུངས་ཀྱི་ལོ་རྒྱུས་ལས། ཡུལ་ཞང་ཞུང་གི་ཡུལ་ཨི་ཤོད་ན། ཤིང་ཨ་པ་ར་ན་ལྗོན་པའི་ཚལ། མེ་ཏོག་པད་མ་འོད་ཀྱི་ནང་། གྲོང་ཁྱེར་རྒྱལ་བ་མཉེས་པའི་དབུས། མཁར་ཁྱུང་ལུང་དངུལ་མཁར་གྱི་ཁྱུང་པོའི་ལུང་པ་དངུལ་ཆུ་ཅན་གྱི་སྒོ་བཞི་དང་ལྡན་པས། འོམ་པོ་སྒོ་བཞི་ཞེས་བྱ་བ་ན། ཞེས་དང་། ཡང་དེ་ཉིད་ལས། ཁྱུང་པོའི་ཡུལ་གྲོང་ཁྱེར་བདེ་ལྡན་འོད་འཕྲོ། མཁར་ཤེལ་ལེ་རྫོང་ཕུག རྩི་མེ་ཏོག་སྣ་ཚོགས་མཛེས་པའི་ཚལ། ཤིང་ཀོ་ལོ་ཀོ་ཤོ སྨན་ར་ས་ཡ་ན་དང་། གུར་གུམ་གྱི་སྤང་སྤོས་ཡོད་པའི་གནས་ན། ཞེས་དང་། འབེལ་གཏམ་ལུང་གི་སྙིང་པོ་ལས། ཞང་ཞུང་ཁྱུང་ལུང་གི་གྲོང་ཁྱེར་རྒྱལ་བ་མཉེས་པའི་ཡུལ་གྱི་ཁབ་ཁྱུང་ཆེན་སྤུངས་པའི་རི་བོ་༼མཁར་གདོང་ཟེར། མཆན།༽ལ་གཡུང་དྲུང་སེམས་དཔའི་འདུས་སྡེ་ཆགས། ཡུལ་དབུས་སུ་དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨིང་རྡོ་ཅན་དེ་རུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་གྱིས་མངའ་དབང་བསྒྱུར། ཞེས་དང་། ཞང་ཞུང་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་ཡུལ་གྱི་དཀར་ཆག་ལས། གོང་བཤད་ལྟར་ཡུལ་ཁམས་དང་། མཁར་རྫོང་མང་པོ་བཤད་པའི་དབུས་མ་སྟེ་དང་པོ་ཁྱུང་ལུང་དངུལ་མཁར་འདི་ཉིད་ཡིན་ཏེ། ལུང་ལས། ཡུལ་ནི་ཞང་ཞུང་གྲོང་ཁྱེར་ཡངས་པ་ཅན། ཕྱི་ཁྲི་ནང་ཁྲི་བར་ཁྲི་ཞེས་བྱ་སྟེ། ཁྱིམ་བདག་སྟོང་ཕྲག་སུམ་ཅུའི་རྩེ་མོ་ན། མཁར་ནི་ཁྱུང་ལུང་དངུལ་མཁར་གཡུ་ཡི་ཁ་བད་ཅན། རྒྱལ་བ་མཉེས་པའི་ཕོ་བྲང་ཞེས་བྱ་བ། ཞང་ཞུང་རྒྱལ་མཁར་ལྔ་ཡི་དྭང་མ་ན། ཞེས་གསུངས། ལུང་མཆོག་འདི་རྣམས་གནའ་སྒྲུང་ལྟ་བུར་མི་འཇོག་པར། རིན་ཐང་བྲལ་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་བཟུང་སྟེ་འདིའི་སྐོར་ལ་བློ་རྣལ་དུ་ཕབ་ནས་ཞིབ་འཇུག་གནང་བ་ཡིན་ན་ཞང་བོད་ཀྱི་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་ཁྱུང་ལུང་དངུལ་མཁར་འདི་ཉིད་གནའ་བོའི་མི་ཚོས་བྲུས་པའི་ས་ཕུག་དང་། རྡོ་ཤིང་སོགས་ལས་བསྐྲུན་པའི་མཁར་ཙམ་ཡིན་མིན་སྐོར་ཚེགས་མེད་དུ་མཁྱེན་ཐུབ་པ་རེད།

རྒྱུང་ཡར་ཁོད་སྤུངས་ཡབ་སྲས་ཀྱི་སྐོར་གླེང་བ།

    མཁར་འདིར་གནས་སྡོད་ཀྱི་བྱ་རུ་ཐོབ་པའི་རྒྱལ་པོ་གསུམ་གྱི་ནང་ཚན་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་ནི་ཞང་ཞུང་དྲན་པ་ནམ་མཁའི་ཡབ་ཡིན་པ་དང་། འདི་དང་ཡུམ་ཕྱྭ་བཙུན་གུང་མ་གཉིས་སྟངས་དབྱལ་དུ་འཚོས་པ་ལས་ཞང་ཞུང་དྲན་པ་ནམ་མཁའ་ཕྱི་ལོའི་སྔོན་ལོ་རབས་༼༩༡༤༽མེ་རྟ་ལོར་སྐུ་འཁྲུངས་ཡོད་པ་བོན་གྱི་བསྟན་རྩིས་ཡིག་ཆ་ལས་གསལ། འཁྲུངས་ཚུལ་ནི། ཡབ་ཡུམ་འདི་གཉིས་ཀྱི་སྐུ་ཚེའི་སྟོད་དུ་སྲས་མེད་པས་དུས་བཟང་ལ་བློན་འབངས་ཤེས་ལྡན་ཀུན་འཛོམས་ནས་སློབ་དཔོན་མཁས་པ་མི་བརྒྱད་དག་ལ་བརྟག་ལུང་ཞུས་པ་དང་། རྒྱལ་བ་ཞི་ཁྲོ་རྩ་གསུམ་ཚོགས་ལ་མཆོད་ཅིང་གསོལ་བ་བཏབ་ནས་སྲས་ཀྱི་དངོས་གྲུབ་བསྩལ་བའི་སྨོན་ལམ་བཏབ་པས། ཡབ་ཡུམ་གྱི་རྨི་ལམ་དུ་ཉི་ཟླ་ལ་སོགས་ལུས་ལ་ཐིམ་པའི་རྨིས་ལྟས་བཟང་པོ་ཤར་བས་གསང་བའི་མཆོག་ཏུ་དགོངས། ཕྱི་ལོའི་མེ་རྟ་ཟླ་བའི་ཚེས་བཅུ་ལ་འཇའ་འོད་འཁྲིགས་ཤིང་མེ་ཏོག་གི་ཆར་བབས་པ་སོགས་བཀྲ་ཤིས་པའི་དགེ་རྟགས་དང་བཅས་སྲས་ཁྱད་པར་ཅན་ཞིག་སྐུ་འཁྲུངས་སོ། །སྐུ་འཁྲུངས་མ་ཐག་ཏུ་གསུང་བྱོན་ཏེ་བདེ་བར་གཤེགས་པའི་ཐུགས་འཛབ། ཨཱ་ཨ་དཀར་ས་ལེ་འོད་ཨ་ཡང་ཨཱོྃ་འདུ། ཞེས་གསུངས་ནས་ཡབ་ཡུམ་འཁོར་འབངས་དང་བཅས་པ་རྣམས་ལ་དགེ་སྡིག་རྒྱུ་འབྲས་ཀྱི་བོན་གསུངས། མཚན་དྲན་པ་ནམ་མཁའ་འམ་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཅེས་གསོལ། མཚན་བཟང་དཔེ་བྱད་ཡོངས་སུ་རྫོགས་པའི་སྤྲུལ་པའི་སྐུ་ཡི་ངང་ཚུལ་ལ་རང་བཞིན་གྱི་ཐུགས་འཇམ་ཞིང་ཞི་དལ་ངང་རིང་དགེ་ལ་མོས་པ། ལྷག་པར་དུ་དབེན་པའི་གནས་ལ་སྒོམ་སྒྲུབ་བྱེད་པར་ཐུགས་མཉེས་པ་ཞིག་བྱུང་བས། ཡབ་ཡུམ་གྱིས་རྒྱལ་སྲིད་སྐྱོང་བར་བསྐུལ་ཡང་ཞལ་བཞེས་མ་གནང་བར། ཞལ་ནས། བདག་ནི་འཁོར་བར་སྐྱོ་བ་སྐྱེས་ནས་སུ། །རྒྱལ་སྲིད་རྨི་ལམ་འདྲ་སྟེ་སྒྱུ་མ་ཡིན། །རྩེ་གཅིག་ཡང་དག་དོན་ལ་བསྒོམ་ཏུ་འགྲོ། །ཡབ་ཡུམ་བཀའ་ཡིས་གནང་བ་མཛད་དུ་གསོལ། །ཞེས་གསུངས་པས་ཡབ་ཡུམ་གྱིས་ཀྱང་གནང་བ་མཛད། དེ་ནས་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཏུ་བཞུགས་ནས་སྒོམ་བསྒྲུབ་གནང་བས་རྩ་གསུམ་ཡི་དམ་རྒྱ་མཚོའི་ཚོགས་རྣམས་ཞལ་མངོན་སུམ་དུ་མཇལ། དགུང་ལོ་ལྔ་ནས་སྐྱེ་གནས་ལྔ་བརྒྱ་ཚུན་ཆད་གར་སྐྱེས་གར་གནས་མ་བསྒྲིབས་པར་གསལ་བར་མཁྱེན་ནས་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ལ་གསུངས་ཏེ་ཐམས་ཅད་ཡིད་རང་བར་མཛད། དགུང་ལོ་བཅུ་གསུམ་ལ་ཡུལ་དང་ཡུལ་ཆེན་གྱི་སྐད་རིགས་མི་འདྲ་བ་ཉི་ཤུ་རྩ་གཅིག་མཁྱེན་པས་ལོ་ཙྭའི་བརྡ་བསྒྱུར་བྱས། ཞང་ཞུང་གི་མཁས་པ་ད་མི་ཐད་ཀེ་ལས་སོགས་ལོ་པཎ་མཁས་པ་བརྒྱད་ལ་ལྟ་བའི་སྟངས་འབུལ་མཛད་དེ་ལོ་པཎ་མཁས་པ་རྣམས་ཀྱི་མདུན་ནས་སྲིད་པའི་མཛོད་ཕུགས་ལ་སོགས་སྒྲ་ཚད་ཐ་སྙད་ཀྱི་བོན་སྐོར་དང་། འདུལ་མངོན་མདོ་སྡེ་ལ་སོགས་ཕྱི་སྤོང་ལམ་མདོ་ཡི་བོན་སྐོར་དང་། སྤྱི་སྤུངས་ཞི་ཁྲོ་ལ་སོགས་ནང་བསྒྱུར་ལམ་སྔགས་ཀྱི་བོན་སྐོར། སེམས་ཀློང་མན་ངག་ལ་སོགས་གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བོན་སྐོར་བཅས་ཐུགས་སུ་ཆུད་པར་མཛད་པས་གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་མངའ་བདག་ཏུ་གྱུར། དེ་ནས་ཡེ་ཤེས་མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་གྱིས་ལུང་བསྟན་ལྟར། རྒྱ་གར་ནུབ་ཕྱོགས་ཁྱེ་ཁྲིའི་གྲོང་ཁྱེར་དུ་རྒྱལ་པོའི་སྲས་མོ་ཉི་ཟླ་འོད་འབར་སྒྲོན་མ་ཞེས་པ་རྒོད་ལྕམ་མཁའ་འགྲོའི་མཚན་རྟགས་ཡོངས་སུ་རྫོགས་པའི་རིགས་ཀྱི་བུ་མོ་དེ། ལས་ཀྱི་ཕྱག་རྒྱ་མར་བསྟེན་ཞིང་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཏུ་སྒྲུབ་པར་བཞུགས། མཁའ་འགྲོས་ཀྱང་དགོངས་པ་མཛད་ཅིང་བསྒྲུབས་པས་ཡེ་ཤེས་ཀྱི་མཁའ་འགྲོའི་དགོངས་པ་མངོན་དུ་གྱུར། ཕྱི་ལོའི་སྔོན་ལོ་རབས་༼༨༨༨༽ཆུ་སྤྲེལ་ལོར་གཅེན་པོ་ཚེ་དབང་ནམ་མཁའ་སྒྲོན་གསལ་དང་། གཅུང་པོ་གཡུང་དྲུང་པད་མ་མཐོང་གྲོལ་གཉིས་མཚན་མ་རུ་སྐུ་འཁྲུངས་ཡོད་པར་གསུངས། སྲས་ཆེ་བ་དེ་སྐུ་མདོག་ཤེལ་ལྟར་གསལ་བ། དཔྲལ་བའི་དཀྱིལ་ན་གཡུང་དྲུང་རིས་སུ་འབར་བ། དགེ་སེམས་ཆེ་ལ་དད་པ་དང་ལྡན་པ། དལ་འབྱོར་སྐུ་ལ་ཟག་མེད་ཐུགས་རྗེ་ཅན། གཡེང་བའི་གནས་ལ་མི་མཉེས་ཤིང་། རི་ལ་གཅིག་པུར་བཞུགས་པ། རང་རིག་རྟོགས་པས་ཕ་རོལ་གྱི་སྣང་བ་མཁྱེན་པ་ཞིག་བྱུང་བས་ཡབ་ཀྱིས་མཚན་ཡང་གཡུང་དྲུང་དོན་གསལ་ཞེས་གསོལ། ཆུང་བ་ནི་སྐུ་མདོག་དམར་ལ་སྤྱན་འབྲི་ཚུགས་སུ་གཟིགས་པ། ཤངས་ཁྲོ་གཉེར་དུ་ཡོད་པ། ཞལ་ཟུར་གསུམ་དུ་ཡོད་པ། ཟས་ཤ་ལ་དད་ཅིང་ཕྱག་གར་སྟབས་སུ་བསྒྱུར་བ་ཞིག་བྱུང་བས་ཡབ་ཀྱིས་མཚན་པད་མ་མཐོང་གྲོལ་དུ་གསོལ། སྲས་གཉིས་ཀྱིས་ཡབ་ཀྱི་མདུན་ནས་ཕྱི་ནང་གསང་བའི་བོན་སྒོ་མ་ལུས་པ་ཞུས་ནས་ཉམས་སུ་བླངས་པས་མཚན་བརྒྱད་དང་གནས་བརྒྱད་ལ་སོགས་ཅི་རིགས་སྤྲུལ་ནས་འགྲོ་བ་སེམས་ཅན་གྱི་དོན་མཐར་ཕྱིན་མཛད་པར་གསུངས། འདི་རྣམས་ཀྱི་ལོ་རྒྱུས་རྒྱས་པ་རྣམ་ཐར་ལས་གསལ་བས་འདིར་མ་བྲིས་སོ། །བསྟན་པ་ཞང་ཞུང་གི་ཡུལ་དུ་དར་རྒྱས་བྱུང་ཚུལ་དང་འབྲེལ་བའི་མཚན་འཁོད་ཞང་རྒྱལ་འགའི་སྐོར་གླེང་བ། མཚན་འཁོད་ཞང་རྒྱལ་འགའི་རིང་ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་འདིར་ཞང་ཞུང་ཁྲི་སྡེ་ལ་དབང་བསྒྱུར་བྱེད་པའི་རྒྱལ་པོ་ཐོག་མར་བྱུང་བ་ནས་ཐ་མ་ཉམས་དམས་སུ་མ་གྱུར་བར་དུ་ཞང་ཞུང་གི་རྒྱལ་པོ་རིམ་བྱོན་གྱི་མཚན་རབས་ཞང་བོད་ལོ་རྒྱུས་རྣམས་ལས་ཞལ་གསལ་དུ་མ་བྱུང་བས་འདི་ཡིན་ཞེས་བཤད་པར་དཀའ་བ་མ་ཟད། ཞལ་གསལ་དུ་བྱུང་བའི་མཚན་འཁོད་རྒྱལ་པོ་རྣམས་ཀྱི་ལོ་ཚིགས་ཐད་ལ་ཞང་བོད་ཀྱི་ལོ་རྒྱུས་མཁན་པོ་སུས་ཀྱང་དྭོགས་སློང་ཙམ་ཞིག་བྱས་པའི་ལོ་རྒྱུས་དེབ་ཐེར་མཐོང་ཐོས་དཀོན་སྟབས་དེའི་སྐོར་འདི་ཡིན་ཞེས་བཤད་པར་དཀའ། མཁར་འདིར་གནས་སྡོད་པ་ཞང་ཞུང་ཁྲི་སྡེར་དབང་བསྒྱུར་བྱེད་པའི་མཚན་འཁོད་ཀྱི་རྒྱལ་པོ་བཞི་ནི། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེའི་རྒྱལ་པོ་ཨུ་ཆེན་དུང་གི་བྱ་རུ་ཅན་དང་། བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་བྱུང་བའི་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་དང་བཞི་ཡིན། མཁར་འདི་ཐོག་མར་བཞེངས་མཁན་གྱི་རྒྱལ་ཐོག་དང་པོ་བྱུང་བ་ནས་བཟུང་བོད་རྒྱལ་སྲོང་བཙན་སྒམ་པོས་ཕམ་ཉེས་སུ་བཏང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་བར་ཞང་ཞུང་ཁྲི་སྡེར་དབང་བསྒྱུར་བྱེད་པོ་རྒྱལ་རབས་ཇི་སྙེད་ཅིག་བྱུང་ཡོད་པ་གོར་མ་ཆགས། ཞང་བོད་ཀྱི་ལོ་རྒྱུས་ནང་ཞལ་གསལ་དུ་འཁོད་པའི་མཁར་འདིར་གནས་སྡོད་ཀྱི་ཞང་རྒྱལ་བཞི་ཡི་དང་པོ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་ནི། མཁར་འདིར་གནས་སྡོད་ཀྱི་རྒྱལ་པོ་ཐོག་མ་དེ་མ་ཡིན་པ་ནི་གོང་གི་མདོ་འདུས་ཀྱི་ལུང་དེར་གཞིགས་ན་ཤེས་རྟོགས་ཐུབ་པ་ཡིན། གང་ཞེ་ན། མཁར་འདི་སྟོན་པ་གཤེན་རབ་ཞལ་བཞུགས་པའི་དུས་སུ་ཞང་རྒྱལ་ཆེ་གེ་མོ་ཞིག་གིས་བཞེངས་པ་དང་། རྒྱལ་པོ་འདི་ནི་གདུང་ཚོབ་མུ་ཆོའི་སློབ་བརྒྱུད་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱི་དུས་སུ་ཡོད་པས། དེ་གཉིས་བྱུང་བའི་ལོ་རབས་ཀྱི་ཐོག་ནས་འགྲིགས་ཐབས་མེད་པས་ཡིན། དེ་ཡང་ཡེ་ཤེས་ཚུལ་ཁྲིམས་ཀྱི་སློབ་མ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཀྱིས་ཞང་ཞུང་ཁྱུང་ལུང་གི་གྲོང་ཁྱེར་རྒྱལ་བ་མཉེས་པའི་ཁབ་ཁྱུང་ཆེན་སྤུངས་པའི་རི་བོར་རྣམ་དག་འདུལ་བ་འཛིན་པའི་སྡེ་བཟུང་ནས་དགྲ་བཅོམ་གཡུང་དྲུང་སེམས་དཔའི་འདུས་སྡེ་གྲངས་མེད་དུ་བསྟན་པ་སྤེལ་བའི་དུས་སུ། ཞབས་ནས་འདེགས་པའི་རྒྱལ་པོ་འམ་བསྟན་པའི་སྦྱིན་བདག་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་གྱིས་གནང་ཡོད་པ་དང་། རྒྱལ་པོ་འདི་ཡི་སྐུ་དུས་ཞང་ཞུང་བོན་གྱི་རྒྱལ་ཁམས་སུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་རྒྱས་བྱུང་ཡོད་པར་མངོན། འདི་དང་མཚན་འཁོད་ཀྱི་རྒྱལ་ཐོག་གཉིས་པ་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་བར་ལ་ལོ་རབས་བརྒྱ་ཕྲག་མང་པོས་ཆོད་པའི་ཚུལ་ནི། རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གྱི་སྲས་ཞང་ཞུང་དྲན་པ་ནམ་མཁའ་ཕྱི་ལོའི་སྔོན་ལོ་རབས་༼༩༡༤༽ལོར་སྐུ་འཁྲུངས་པ་དང་། འདུལ་བསྟན་སྔ་དར་གྱི་མཁན་བརྒྱུད་ཐ་མ་དང་། འདུལ་བསྟན་ཕྱི་དར་གྱི་མཁན་པོ་ཐོག་མ་དྲང་སྲོང་མུ་ཟི་གསལ་བཟང་མཆོག་འགོག་པར་བཞུགས་པའི་ལོ་རབས་གཉིས་ལ་ལོ་ངོ་གསུམ་ཙམ་མ་གཏོགས་འགྱང་མེད་པས། རྒྱལ་པོ་དེས་མཆོད་ཡོན་གྱི་འབྲེལ་བ་གནང་སའི་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ཞལ་བཞུགས་པའི་དུས་ཚིགས་དང་། དྲང་སྲོང་མུ་ཟི་གསལ་བཟང་འགོག་པར་བཞུགས་པའི་དུས་ཚིགས་གཉིས་ལ་ཕལ་ཆེར་ལོ་རབས་སྟོང་ཕྲག་ལྷག་ཙམ་ཞིག་འགྱངས་ཡོད་པས་རྒྱུ་མཚན་ལ་བརྟེན་ནས་དཔོགས་ཐུབ། རྒྱལ་པོ་འདི་ཡི་སྐུ་དུས་སུ་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་ནང་ནས་ཐུགས་དམ་གྱི་གཙོ་བོ་སྔགས་སེམས་ཀྱི་བསྟན་པ་དར་རྒྱས་སུ་བྱུང་ཡོད་པར་མངོན། དེ་ཡང་བླ་ཆེན་ཁོད་སྤུངས་ཀྱི་ལོ་རྒྱུས་ལས མཁས་པ་ཆེན་པོ་ད་མི་ལ་སོགས་པའི་ལོ་ཙྭ་དང་། དཔོན་གསས་སུ་གྱུར་པ་མཁས་པ་ཆེན་པོ་མི་བརྒྱད་བཞུགས་ཏེ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། བོད་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ། སྟག་གཟིག་ཟ་རང་མེ་འབར། སུམ་པ་ཁ་ཡལ། རླུང་ལྕེ་རིང་། སྟང་དམུ་ཚ་གྱེར་མེད་དང་། དེ་ལྟར་བརྒྱད་བཞུགས་ཤིང་། གཞན་ཡང་རྐྱེལ་ཆེན་མུ་ཐུར་དང་། ཁེ་ནན་ཡོ་ཕྱ་ལ་སོགས་གཤེན་ཕྲན་མང་དུ་བཞུགས་སོ། །ཞེས་དང་། ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱ་བཙུན་གུང་མ་གཉིས་ལ་སྲས་མ་མཆིས་ནས་གུ་ལང་གི་གླང་པོ་ལ་གསེར་གྱི་སྣ་ལྕུ་༼གཅུ་༽བཅུག་པ་ལ། འབྲས་དྲུག་ཁལ་དུ་བཀལ། དཀར་གསུམ་མངར་གསུམ་དོ་རུ་ལྡོས།༼བསྡོས།༽ ལོ་པཎ་གཤེན་བརྒྱད་ཀྱི་སྤྱན་སྔར་བྱོན་ནས། ཞེས་གསུངས་པས་ངེས་པ་མ་ཟད། ཞང་ཞུང་དྲན་པ་ནམ་མཁའ་འཁྲུངས་ནས་དགུང་ལོ་བཅུ་གསུམ་ལོན་པའི་དུས་སུ་སྒྲ་ཚད་ཐ་སྙད་ཀྱི་བོན་དང་། སྔགས་སེམས་ཀྱི་བོན་སྡེ་རྣམས་ལོ་པཎ་གཤེན་བརྒྱད་སོགས་ཀྱི་དྲུང་ནས་ཞུས་པ་དང་། འདུལ་བ་མདོ་ཡི་བོན་སྐོར་རྣམས་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟག་གཟིག་འོལ་མོའི་གླིང་དུ་བྱོན་ནས་མཁས་པ་གཡུང་དྲུང་བློ་གསལ་གྱི་མདུན་ནས་ཞུས་པར་གསུངས་པས། དེ་དུས་དྲང་སྲོང་མུ་ཟི་གསལ་བཟང་མཆོག་འགོག་པར་བཞུགས་ཟིན་ནས་ཞང་བོད་ཀྱི་ལྗོངས་འདིར་འདུལ་བསྟན་ཉམས་དམས་སུ་གྱུར་ཟིན་ཡང་སྔགས་སེམས་ཀྱི་བསྟན་པ་དར་རྒྱས་སུ་བཞུགས་ཡོད་པར་བསྟན། འདི་དང་མཚན་འཁོད་ཀྱི་རྒྱལ་ཐོག་གསུམ་པ་ཀྱི་ལེ་གུ་གེའི་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན་འདི་གཉིས་ཀྱི་བར་ལ་ལོ་རབས་དུ་ཞིག་གིས་ཉེ་འགྱང་ཡོད་མེད་སྐོར་ཞང་བོད་ཀྱི་ལོ་རྒྱུས་རྣམས་ལས་ཞལ་གསལ་མ་བྱུང་ཡང་། རྒྱལ་པོ་འདི་སྔགས་སེམས་ཀྱི་བོན་ལ་མངའ་མཉེས་ཤིང་གྲུབ་པ་ཐོབ་པ་ཞིག་ཡིན་པར་གསུངས་པས་འདིའི་སྐུ་རིང་ལ་ཞང་ཞུང་བོན་གྱི་ཞིང་ཁམས་སུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་རྒྱས་སུ་བཞུགས་པར་མངོན། འདི་དང་མཚན་འཁོད་ཀྱི་རྒྱལ་ཐོག་བཞི་པ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་གཉིས་ཀྱི་བར་ལ་ལོ་རབས་དུ་ཞིག་གི་ཉེ་འགྱང་ཡོད་པ་བཤད་པར་དཀའ་ཡང་། རྒྱལ་པོ་འདི་ནི་ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་འདིར་གནས་སྡོད་ཀྱི་རྒྱལ་རབས་ཐ་མ་ཡིན་པར་གསལ། རྒྱལ་ཐོག་གོང་མ་རྣམས་ཀྱི་སྐུ་དུས་ནས་བཟུང་རྒྱལ་སྲིད་ལོངས་སྤྱོད་སོགས་རིམ་པས་འཕེལ་རྒྱས་སུ་བྱུང་བར་བརྟེན་རྒྱལ་པོ་འདིའི་སྐུ་དུས་སུ་ཞང་ཞུང་བོན་གྱི་རྒྱལ་ཁབ་ཆེན་མོ་མངའ་ཐང་དར་ཞིག་རྒྱས་པའི་སྒང་ཡིན། བོན་གྱི་ལོ་རྒྱུས་མཁན་པོ་རྣམས་ཀྱིས་ལིག་མི་རྐྱ་ཞེས་པའི་ཚིག་ཚོགས་འདི་ཉིད་བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་དུ་བྱུང་བའི་ཞང་རྒྱལ་འདིའི་སྒེར་མིང་མ་ཡིན་པ་ཞང་ཞུང་གི་རྒྱལ་པོ་སྤྱི་ཡི་མཚན་ཟུར་དུ་འབྱུང་བའི་ཚིག་ཞིག་ལ་འདོད་པ་སྟེ། དཔེར་ན་བོད་ཀྱི་རྒྱལ་པོ་རྣམས་ཀྱི་མཚན་ཟུར་ལ་བཙན་པོ་ཞེས་པའི་སྒྲ་འབྱུང་བ་ལྟར། ཞང་ཞུང་གི་རྒྱལ་པོ་རྣམས་ཀྱི་མཚན་ཟུར་དུ་ལིག་མི་རྐྱ་ཞེས་པའི་ཚིག་འདི་སྤྱི་ལ་འབྱུང་གི་ཡོད་པར་གསུངས། འབེལ་གཏམ་ལུང་གི་སྙིང་པོ་ལས། ཞེས་བཤད་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཞེས་ཟེར་བ་འདིའི་མིང་ཞང་རྒྱལ་དུ་མའི་མིང་གི་ཟུར་དུ་ཡོད་པ་སྟེ། དཔེར་ན་བོད་ཀྱི་རྒྱལ་པོའི་མིང་ཟུར་ལ་བཙན་པོ་ཡོད་པ་བཞིན་ནོ། །དེ་ཡང་ལིག་མི་ནི་སྲིད་པ་དང་རྐྱ་རྗེ་ལ་འཇུག་པས་སྲིད་པའི་རྗེ་ཞེས་ཞང་ཞུང་གི་རྒྱལ་པོ་མང་པོའི་མཚན་ཟུར་དུ་ཡོད་པ་འདྲ། ཞེས་གསུངས། དེས་ན་བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་དུ་བྱུང་བའི་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ཞེས་པ་འདིའི་མཚན་དངོས་མ་གསལ། ཞང་ཞུང་ཞེས་པའི་ཡུལ་དང་མིའི་ཐ་སྙད་གྲུབ་པའི་དུས་རིམ་ནས་གྲོང་དང་གྲོང་ཁྱེར་ལ་དབང་བསྒྱུར་བྱེད་པོ་ཞང་ཞུང་རྒྱལ་པོའི་མཚན་ཅན་ཡུལ་དཔོན་དུ་མ་ཞིག་བྱུང་ཡོད་པ་དང་། རིམ་བཞིན་གྲགས་ཞན་བར་གསུམ་གྱིས་འཐབ་རྩོད་དང་འཁྲུགས་འཛིང་། བློ་གྲོས་ཀྱི་ཐབས་ཇུས་སོགས་ལ་བརྟེན་ནས་ཞང་ཞུང་ཧྲིལ་པོ་གཅིག་གྱུར་གྱི་རྒྱལ་ཁབ་ཆགས་པའི་དུས་རབས་ནི་བོད་རྒྱལ་ཁྲི་སྲོང་སྡེ་བཙན་དང་དུས་མཉམ་དུ་བྱུང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སྐུ་དུས་སུ་ཡིན་པར་སྙམ་མོ། །རྒྱུ་མཚན་ནི། སྔར་ཞང་ཞུང་གི་རྒྱལ་པོ་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་གྱི་སྐུ་དུས་སུ་ཁྱུང་ལུང་དངུལ་མཁར་གྱི་རྒྱལ་པོའི་མངའ་རིས་ལ་གྲོང་ཚོ་སྟོང་ཕྲག་སུམ་ཅུ་ཙམ་མ་གཏོགས་མེད་པ་ནི། གོང་དུ་དྲངས་པའི་ལུང་ལས། ཡུལ་ནི་ཞང་ཞུང་གྲོང་ཁྱེར་ཡངས་པ་ཅན། ཕྱི་ཁྲི་ནང་ཁྲི་བར་ཁྲི་ཞེས་བྱ་སྟེ། ཁྱིམ་བདག་སྟོང་ཕྲག་སུམ་ཅུའི་རྩེ་མོ་ན། མཁར་ནི་ཁྱུང་ལུང་དངུལ་མཁར་གཡུ་ཡི་ཁ་བད་ཅན། རྒྱལ་བ་མཉེས་པའི་ཕོ་བྲང་ཞེས་བྱ་བ། ཞང་ཞུང་རྒྱལ་མཁར་ལྔ་ཡི་དྭང་མ་ན། ཞེས་ཁྱིམ་བདག་སྟོང་ཕྲག་སུམ་ཅུ་ཙམ་གྱིས་གྲངས་འདྲེན་པ་དང་། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་དུས་མཉམ་དུ་བྱུང་བའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སྐུ་དུས་སུ་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་ལ་སུམ་པའི་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་པ་ཞང་ཞུང་བོན་གྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་རྣམས་སུ་གསལ་བར་འཁོད་ཡོད་པ་དེ་དག་གིས་ངེས་པ་ཡིན། དེང་སང་བོད་ཀྱི་ལོ་རྒྱུས་སྨྲ་བ་པོ་མི་ཉུང་བ་ཞིག་གིས་ལོ་རྒྱུས་འདི་ཉིད། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡིན་པ་འགྲེལ་བཤད་བྱེད་པ་མང་ཡང་དེ་ནི་བརྟག་བྱའི་གནས་ཙམ་ལས་ཡིད་རྟོན་རུང་བའི་རྒྱུ་མཚན་གང་ཡང་བཤད་དུ་མེད་པ་ཡིན། མཚན་འཁོད་ཀྱི་རྒྱལ་ཐོག་བཞི་པ་ཞང་རྒྱལ་ལིག་མི་རྐྱས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མཉེན་འགྲེལ་བྱས་ནས་ཞང་ཞུང་བཟའ་ལིག་ཏིག་སྨན་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་པོ་ཕུལ་བ་དང་། བོད་རྒྱལ་སྲོང་བཙན་སྒམ་པོས་ཀྱང་རང་གི་མཆེད་མོ་སད་མ་ཀར་ཞང་ཞུང་རྒྱལ་པོའི་བཙུན་མོར་ཕུལ་བར་གྲགས།དུས་རེས་ཞིག་ནས་བཙུན་མོ་སད་མ་ཀར་ཞང་ཞུང་རྒྱལ་པོའི་བཙུན་མོ་མ་བྱས་པར་ལོག་ཞིག་ལ་བཞུགས་པ་བོད་རྒྱལ་སྲོང་བཙན་སྒམ་པོས་ཐོས་ཕྲལ། རང་གི་མཆེད་མོ་སད་མ་ཀར་ལ་དེ་ལྟར་ལོག་པར་མཛད་ན་ཆབ་སྲིད་ཀྱི་དཀྲུག་མར་འགྱུར་བས། དེ་ལྟར་མི་མཛད་པར་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་སོ་ནམ་དང་བུ་སྲིད་ཟུངས་ཤིག་ཅེས་སྤུག་གྱིམ་བཙན་རྨང་ཆུང་ཕོ་ཉར་བཏང་བས། གྱིམ་བཙན་རྨང་ཆུང་ཞང་ཞུང་གི་རྒྱལ་ས་ཁྱུང་ལུང་དངུལ་མཁར་དུ་འབྱོར་བ་དང་། བཙུན་མོ་སད་མ་ཀར་ཁྱུང་ལུང་དུ་མ་བཞུགས་པར་མཚོ་མ་པང་ལ་གཤེགས་པ་དང་ཁེལ། རྨང་ཆུང་མཚོ་མ་པང་ལ་སོང་སྟེ་སྔར་གྱི་ལོ་རྒྱུས་རྣམས་ཞུས་ཀྱང་བཙུན་མོས་ཉན་འཇོག་གཏན་ནས་མ་བྱས་པར་ཞང་ཞུང་རྒྱལ་པོའི་ཆབ་སྲིད་བརླག་དགོས་པའི་མགུར་གླུ་འདི་ལྟར་ཕུལ། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་དགོངས་ནས། ཡུ་བུས་ལིག་མི་རྐྱ་ལ་རྒོལ་ཕོད་ན་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུ་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་བསྩལ་བ་ལ་བརྟེན་ནས་བོད་རྒྱལ་སྲོང་བཙན་སྒམ་པོས་ཐབས་ཇུས་དུ་མའི་སྒོ་ནས་རང་གི་མཆེད་མོ་སད་མ་ཀར་དང་ངན་མཐུས་བྱས་ཏེ་ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་ཆབ་སྲིད་བརླག་པ་དང་ཞང་ཞུང་འབངས་སུ་བསྡུས་པར་གྲགས། དེ་ནས་བཟུང་ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་འདིར་གནས་སྡོད་ཀྱི་ཞང་ཞུང་རྒྱལ་པོའི་ཆབ་སྲིད་ཉམས་རྒུད་དུ་ཕྱིན་པར་མངོན་ནོ།།

དེང་དུས་སུ་གནས་སྐོར་བའི་ལོ་རྒྱུས་ཀྱི་ཚོར་སྣང་།

     ཕྱི་ལོ་༢༠༠༢ཕྱི་ཟླ་༦པའི་ཚེས་༡ཉིན་ཕྲན་གུ་རུ་གྱམ་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྣེ་ཤན་བྱས་ནས་གུ་གྱམ་དགོན་གྱི་ཤར་ཕྱོགས་རྒྱལ་རིགས་ཅེས་པའི་ས་ཕྱོགས་སུ་ཡོད་པའི་འཛམ་གླིང་གནས་ཆེན་ཉེར་བཞིའི་ནང་ཚན་ཞང་ཞུང་ཁྱུང་ཆེན་སྤུངས་པའི་རི་བོར་ཞང་ཞུང་གི་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་ཞིག་ཤུལ་དུ་ཉམས་ཞིབ་བྱེད་དུ་ཕྱིན་པ་ཡིན། ཁྱུང་ཆེན་སྤུངས་པའི་རི་བོའི་ཉེ་འདབས་སུ་འབྱོར་བ་དང་རི་བོའི་ཆགས་ཚུལ་ལ་བལྟས་པས། རི་བོའི་ལྷོ་ངོས་སུ་ཆུ་བོ་གླང་ཆེན་ཁ་འབབ་དང་། ནུབ་ཕྱོགས་དང་། ཤར་ཕྱོགས་གཉིས་སུ་ཆུ་བོ་ཆེན་པོ་རེ་རྒྱུག་པ། ཆགས་པ་གནས་ཀྱི་ངང་ཚུལ་ནི་ཆུ་གསུམ་འདུས་པའི་འགོ་བོར་བྱ་ཁྱུང་ཆེན་གྱིས་སྒྲོ་གུར་ཕུབ་པ་འདྲ་བར་འདུག་པས་གནས་ཀྱི་ཆགས་ཚུལ་ཉམས་དགའ་ཡིད་དུ་འོང་བ་ངོ་མཚར་ཅན་ཞིག་སྣང་། ཁྱུང་ཆེན་སྤུངས་པའི་རི་བོའི་ལྷོ་ངོས་ནས་ཡར་རི་རྩེར་འཛེག་སའི་ལམ་ཞོར་དུ་གཡས་གཡོན་གྱི་རི་འདབས་སུ་བལྟས་པས། སྔར་ཞང་ཞུང་གི་མི་རིགས་ཚོས་འཁྲས་རྟེན་ས་ཕུག་དང་བྲག་ཕུག་སོགས་རྒྱ་ཆེན་པོ་མཐོང་རྒྱུ་མི་འདུག་ཀྱང་། རི་བོ་དེའི་ལྷོ་ངོས་དང་། ཤར་ངོས། ནུབ་ངོས་ཀྱི་ཕྱོགས་རྣམས་སུ་ས་ཞིག་ཤུལ་དང་། ཞིག་པའི་ས་རོ་སོགས་ལ་དུད་དྲེག་དངོས་སུ་མཐོང་རྒྱུ་ཡོད་པ་འདི་ལ་གཞིགས་ན། རི་བོ་འདིའི་མཐའ་ཚང་མ་སྔར་ཞང་ཞུང་གི་མི་རིགས་ཚོ་གནས་སྡོད་བྱེད་སའི་ས་ཕུག་གིས་ཁེངས་ཡོད་པའི་བཟོ་འདུག ཁྱུང་ཆེན་སྤུངས་པའི་རི་བོའི་མགོར་འགྲོ་ས་རི་དེའི་ལྷོ་ངོས་སུ་ཡོད་ཅིང་། དེ་ནས་ཡར་རི་རྩེར་འཛེག་ན་རི་མགོ་མ་སླེབས་མཚམས་སུ་སྔར་མའི་རྡོ་སྐས་ཀྱི་འགྲིག་རིམ་མཐོང་རྒྱུ་ཡོད། རི་མགོར་སླེབས་པ་དང་རི་བོ་ཆེན་པོ་དེ་ཡི་ཕྱོགས་མཚམས་གང་སར་མཁར་ཤུལ་གྱིས་ཁེངས་པ་དང་། མཐའ་ལ་ཡོད་པའི་མཁར་ཤུལ་དང་ཁང་ཤུལ་རྣམས་ཀྱི་རྩིག་པ་སྒྲོས་དོད་པོ་མཐོང་རྒྱུ་ཡོད་ཀྱང་། དཀྱིལ་དུ་ཡོད་པའི་མཁར་ཤུལ་དང་ཁང་ཤུལ་རྣམས་ས་ལས་འབུར་དོད་ཙམ་ལས་ཧ་ཅང་གསལ་པོ་དེ་ཙམ་མཐོང་རྒྱུ་མི་སྣང་། རི་བོ་དེ་ཡི་དཀྱིལ་དུ་དོང་ཆེན་པོ་ཞིག་འདུག་པ་དེ་སྔར་ཞང་ཞུང་གི་དུས་སུ་ཆུ་གསོག་ས་ཡིན་ནམ། ཡང་ན་སྔར་དུས་སུ་མཚོ་ཡོད་པ་ཕྱིས་སུ་སྐམ་སོང་བ་གང་ཡིན་གསལ་པོ་ཧ་གོ་ས་མི་འདུག་ཀྱང་། དོང་ནང་གི་ས་ཡི་བཟོ་དབྱིབས་ལ་བལྟས་ན་ཕལ་ཆེར་ཆུ་འཁོར་བསྐྱོད་བྱེད་ས་ཞིག་ཡིན་པར་སྙམ། མཁར་ཤུལ་འདི་ནི་ཞང་ཞུང་དུ་གྲགས་ཆེ་བའི་མཁར་ལྔ་རྫོང་བཞིའི་ནང་ཚན་ཞང་ཞུང་ཡུལ་དབུས་ཀྱི་རྒྱལ་ས་ཁྱུང་ལུང་དངུལ་མཁར་གྱི་ཞིག་ཤུལ་ཡིན་པ་ཞང་བོད་ཀྱི་ལོ་རྒྱུས་དུ་མར་འཁོད་ཡོད། རི་བོ་དེའི་ནུབ་ངོས་སུ་རྡོ་རྩིག་རིམ་པ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། ཤར་ངོས་དང་། བྱང་ངོས་བཅས་ནས་ཀྱང་དེ་མཚུངས་སུ་རྡོ་རྩིག་རིམ་པ་མང་པོ་སྣང་། རི་བོ་དེའི་རྩེ་མོ་ལ་སྔར་མངའ་རིས་སེང་པས་དབང་བསྒྱུར་བྱས་པའི་དུས་སུ་བརྩིགས་པའི་འཛིང་ར་ཞེས་པའང་ཡོད། རི་བོ་དེའི་རྩེ་ལྐོག་མཚམས་སུ་ཁ་རག་རྡོ་སྐུ་རང་བྱོན་ཞེས་བླ་ཆེན་དྲན་པ་ནམ་མཁའི་སྐུ་བརྙན་རྡོ་སྐུ་ཐོན་པའི་ཤུལ་འདུག རྡོ་སྐུ་འདི་ནི་སྔར་ཁྱུང་ལུང་དངུལ་མཁར་བཤིག་ཤུལ་དུ་ལུས་པས། དུས་ཡུན་རིང་པོར་སོང་བའི་རྗེས་སུ་དབུ་མངོན་ཙམ་མ་གཏོགས་སའི་ཕག་ཏུ་ལུས་ཡོད་པར་གསུངས། ཕྱིས་སུ་དཀ_ར་རུ་གྲུབ་དབང་རིན་པོ་ཆེ་དང་། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་རིན་པོ་ཆེ་སོགས་བོན་གྱི་བླ་སྤྲུལ་དུ་མ་གནས་ཆེན་འདིར་མཇལ་སྐོར་དུ་ཕེབས་ནས་རི་བོ་འདི་འཛམ་གླིང་གནས་ཆེན་ཉེར་བཞིའི་ནང་ཚན་ཞང་ཞུང་ཁྱུང་ཆེན་སྤུངས་པའི་རི་བོ་ཡིན་པ་དང་། དེའི་སྟེང་ལ་ཡོད་པའི་མཁར་ཤུལ་འདི་བླ་ཆེན་དྲན་པ་ནམ་མཁའི་གདན་ས་ཞང་ཞུང་གི་རྒྱལ་ས་ཁྱུང་ལུང་དངུལ་མཁར་ཆགས་ཤུལ་ཡིན་པ་ངོས་འཛིན་གནང་བར་གསུངས། ཁྱད་པར་དུ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་རིན་པོ་ཆེས་ཞང་ཞུང་དྲན་པ་ནམ་མཁའི་སྐུ་རྟེན་རྡོ་སྐུ་འདི་སའི་ཕག་ནས་བཏོན་ཏེ་ཁྱུང་ཆེན་སྤུངས་པའི་རི་བོར་ལྷ་ཁང་ཆུང་ངུ་ཞིག་བཞེངས་ནས་དེའི་ནང་བཞུགས་སུ་གསོལ་བ་དང་། ལོ་ལྟར་ཆ་རྐྱེན་གྱིས་བླ་ཆེན་དྲན་པའི་དུས་མཆོད་འབུལ་བའི་སྲོལ་བཟང་བཞག དེ་ནས་བཟུང་མཁར་གདོང་ཞེས་པའི་ས་ཆ་འདིར་ཡོད་པའི་མཁར་ཤུལ་འདི་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཞིག་ཤུལ་ཡིན་པར་ངོས་འཛིན་མཐའ་གཅིག་ཏུ་བྱེད་པའི་ལུགས་སྲོལ་བྱུང་ཡོད། རྒྱུ་མཚན་ནི་ཞང་ཞུང་བོན་གྱི་ལོ་རྒྱུས་ཡིག་རྙིང་རྣམས་སུ་ཁྱུང་ལུང་དངུལ་མཁར་གྱི་མིང་གཞན་ཁ་རག་ལ་མཁར་ཞེས་འབོད་སྲོལ་ཡོད་པར་བརྟེན། ཁ་རག་རྡོ་སྐུ་རང་བྱོན་ཞེས་བླ་ཆེན་དྲན་པའི་སྐུ་བརྙན་དེ་ཁྱུང་ལུང་དངུལ་མཁར་ལ་བཞུགས་ཡོད་པ་དང་། དེ་མཇལ་ན་སྐྱེ་བ་གཅིག་ལ་ངན་སོང་གི་སྐྱེ་གནས་ཁེགས་པ་གསུངས་སྲོལ་ཡོད་པ་ནང་བཞིན་རྡོ་སྐུ་དེ་ས་ཆ་འདི་ནས་ཐོན་པ་དང་། ཡོངས་གྲགས་བོན་གྱི་ལོ་རྒྱུས་རྣམས་དང་མཐུན་པར་ངོས་འཛིན་གནང་ཡོད་འདུག རིག་གནས་གསར་རྗེ་ཆེན་པོ་ཞེས་པའི་ལས་འགུལ་སྤེལ་སྐབས་ཁ་རག་རྡོ་སྐུ་རང་བྱོན་འདིའི་དབུ་དང་། ཕྱག་སོགས་ཆག་སྐྱོན་ཤོར་བ་རྣམས་བླ་མ་བསྟན་འཛིན་དབང་གྲགས་རིན་པོ་ཆེས་སྨན་འདམ་ལས་བསྐྲུན་པའི་དྲན་པའི་སྐུ་འདྲ་ཞིག་བཞེངས་ཤིང་དེའི་ནང་དུ་གཟུངས་གཞུག་གི་ཚུལ་དུ་བཞུགས་སུ་གསོལ་ནས་སྔར་ལུགས་བཞིན་ལོ་བསྟར་དུས་མཆོད་འབུལ་གྱིན་ཡོད་པར་གསུངས། རྡོ་སྐུ་འདི་ནི་ལུང་ལས་གྲགས་པའི་རྟེན་མཆོག་ཁྱད་འཕགས་ཅན་ཡིན་པའི་ཚུལ་ནི། བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིག་བུ་ལས། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ་ལམ། ཁྱུང་ཆེན་སྤུངས་པའི་རི་ཞེས་པ་དེ། དེང་སང་མཁར་གདོང་ཟེར་བ་དེ་ཡིན་པ་གྲུབ་དབང་དཀར་ཆག་ལས། ས་དེར་དྲན་པའི་རྡོ་སྐུ་རང་བྱོན་བཞུགས་པ་དེ་ནི། བློ་བྱང་ཟུར་རྡེག་སྐྱོན་ཡོན་ཤན་འབྱེད་གསེར་གྱི་ལྡེ་མིག་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། གང་མཇལ་ཡི་དྭགས་བསྐྲེས་སྐོམ་ཞི། །ཞེས་གསུངས། །ཁྱུང་ཆེན་སྤུངས་པའི་རི་བོ་འདི་ནི་མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་ཚན་མཁའ་འགྲོ་ཁྱུང་གདོང་གཙོ་འཁོར་རྣམས་ཀྱི་གསང་བའི་གནས་དང་། བླ་ཆེན་དྲན་པ་ཡབ་སྲས་སོགས་ཀྱིས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན་པར་གསུངས་སོ།། །། ཅེས་ནག་རི་དགེ་ལེགས་སྦྱིན་པས་གནས་སྐོར་བའི་མཐོང་སྣང་དང་འབྲེལ་བའི་ལོ་རྒྱུས་རག་བསྡུས་སུ་བཀོད་པའོ།། །།

དཔྱད་གཞིའི་ཡིག་ཆ།

༡༽ཀུན་འབུམ་ཁྲ་བོ། སྟོན་པའི་བཀའ།
༢༽མདོ་འདུས། སྟོན་པའི་བཀའ།
༣༽རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱི་ལོ་རྒྱུས། གཏེར་མ།
༤༽ཞང་ཞུང་རྒྱལ་བ་མཉེས་ཡུལ་གྱི་དཀར་ཆག གཤེན་གྱི་རྣལ་འབྱོར་བ་བསྟན་འཛིན་དབང་གྲགས་རིན་པོ་ཆེ།
༥༽གྲུབ་དབང་དཀར་ཆག དཀར་རི་གྲུབ་དབང་བསྟན་འཛིན་རིན་ཆེ་རྒྱལ་མཚན།
༦༽འབེལ་གཏམ་ལུང་གི་སྙིང་པོ། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།
༧༽བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིག་བུ། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །