སྒྲ་བླའི་གོ་བསང་།

0
758
གྱང་རིས་རྙིང་པ།

སྟོན་པ་གཤེན་རབ་ཀྱི་བཀའ།

༄༅། །བསྭོ་ང་ནི་སྲིད་པ་རྒྱུད་ཀྱི་བུ། །སྲིད་པ་རྒྱུད་ཀྱི་བོན་པོ་ཡིས། །རིགས་སུ་མཆོད་པའི་ལྷ་བདར་ན།།དང་པོ་ཡེ་དང་ཡོད་ཀྱི་སོ་མཚམས་ན། ། སྟོང་ཡོད་མེད་གཉིས་ཀྱི་སྒྲ་བླ་དེ། །ཁྱུང་ནག་གཡུ་ཡི་རལ་པ་ཅན། །ཟིལ་གནོན་སྲིད་པ་ཀུན་གྱི་རྗེ། །བཞུགས་ནི་མེད་ཀྱི་ཡུལ་ན་བཞུགས། །གཟིགས་ནི་ཡོད་ཀྱི་ཡུལ་ལ་གཟིགས། །བདག་ནི་ཡོད་མེད་གཉིས་ཀ་བདག །དེ་རིང་ལྷ་གཞིའི་གོང་འདི་རུ། །ཁྱུང་ནག་རལ་ཆེན་ལྷ་རུ་བདར། །ཡང་མུན་དང་སྣང་གི་སོ་མཚམས་ན།། སྣང་མུན་གཉིས་ཀྱི་སྒྲ་བླ་དེ། །མཁའ་ལྡིང་གསེར་གྱི་སྤྱན་མིག་ཅན། །མུན་སྣང་མེད་པར་ཡོངས་ལ་ཁྱབ། །བཞུགས་ནི་མུན་གྱི་ཡུལ་ན་བཞུགས། །གཟིགས་ནི་སྣང་གི་སྒྲོན་ལ་གཟིགས། །བདག་ནི་མུན་སྣང་གཉིས་ཀ་བདག །དེ་རིང་ལྷ་གཞིའི་གོང་འདི་རུ། །མཁའ་ལྡིང་གསེར་མིག་ལྷ་རུ་བདར། །ཡང་

ཡེ་དང་ངམ་གྱི་སོ་མཚམས་ན། །ཡེ་ངམ་གཉིས་ཀྱི་སྒྲ་བླ་དེ། །བྱ་ཁྲ་ལྕགས་ཀྱི་མཆུ་སྡེར་ཅན། །སྨོན་ལམ་བྲག་གི་ཚང་ལ་འཁྲས། །བཞུགས་ནི་ངམ་གྱི་ཡུལ་ན་བཞུགས། །བལྟ་ནི་ཡེ་ཡི་ཡུལ་ན་བལྟ། །བདག་ནི་ཡེ་ངམ་གཉིས་ཀ་བདག །དེ་རིང་ལྷ་གཞིའི་གོང་འདི་རུ། །བྱ་ཁྲ་གཡུ་གཤོག་ལྷ་རུ་བདར། །ཡང་ཡེ་སྨོན་གཉིས་ཀྱི་སོ་མཚམས་ན། །ཡེ་སྨོན་འཕྲུལ་གྱི་སྒྲ་བླ་དེ། །གཡས་ཀྱི་གསེར་རི་གཡུ་ལུང་ན། །གསེར་སེང་གཡུ་ཡི་སྨིན་མ་ཅན། །གཡོན་གྱི་དུང་རི་མཆོང་ལུང་ན། །དུང་སེང་མཆོང་གི་རལ་པ་ཅན། །ཐད་ཀྱི་ཤེལ་བྲག་འོད་མཚོ་ན། །གངས་སེང་ལྕགས་ཀྱི་སྡེར་མོི་ཅན། །དེ་ཕྱ་དམུ་གཙུག་གསུམ་སྒྲ་བླ་ཡིན། །བཞུགས་ནི་ཡོད་ལུང་གསུམ་ན་བཞུགས། །གཟིགས་ནི་ཁམས་གསུམ་ཡོངས་ལ་གཟིགས། །བདག་ནི་འཇིག་རྟེན་གསུམ་པོ་བདག །དེ་རིང་ལྷ་གཞིའི་གོང་འདི་རུ། །སྒྲ་བླ་སེང་གསུམ་ལྷ་རུ་བདར། །ཡང་དགྲ་དང་ཟུན་གྱི་སོ་མཚམས་ན། །གཡུལ་སོ་རྒྱལ་བའི་སྒྲ་བླ་དེ། །དོམ་མགོ་གུང་སྙིང་ཝེར་མའི་སྲས། །དཔའ་བརྟན་ལྡོག་མེད་བདུད་ཀྱི་ཚ། །རྣོ་གཅོད་གཏིང་འབྱིན་བཙན་གྱི་དཔོན། །སྒྲ་བླ་མཆེད་གསུམ་དཔའ་བའི་གིང་། །བཞུགས་ནི་རི་རབ་རྩེ་ལ་བཞུགས། །བསྲུང་ནི་དགྲ་ཟུན་གཡུལ་སོ་བསྲུང་། །བདག་ནི་དགྲ་བོའི་དོན་སྙིང་བདག །དེ་རིང་ལྷ་གཞིའི་གོང་འདི་རུ། །སྒྲ་བླ་མཆེད་གསུམ་ལྷ་རུ་བདར། །ཡང་རྒྱུག་ཆེན་བྱ་གདོང་གོང་མ་ན། །ཤལ་ཆེན་དམག་གི་སྒྲ་བླ་དེ། །སྒྲ་བླ་མི་བཀྲ་རྟ་བཀྲ་དགུ། །ཞོག་ཞུན་ཀེ་རུའི་སྒྲ་བླ་དེ། །གྲ་མ་ལྕགས་ཀྱི་བྱ་རུ་ཅན། །འབུམ་དབྱིལ་སྔོན་མོའི་སྒྲ་བླ་དེ། །གྲ་མ་ལེགས་ཕྲམ་ཡང་ཤམ་ཅན། །མ་ཆ་དབལ་གྱི་སྒྲ་བླ་དེ། །གྲ་མ་དབལ་གྱི་ངར་སོ་ཅན། །གཞུ་མོ་རང་བརྡུང་སྒྲ་བླ་དེ། །གྲ་མ་ཞུན་དཀར་ཚ་ཚ་ཅན། །མདའ་མོ་རང་འཕེན་སྒྲ་བླ་དེ། །གྲ་མ་དབལ་གྱི་མདའ་ཕུད་ཅན། །མདུང་མོ་རང་འདེབས་སྒྲ་བླ་དེ། །གྲ་མ་མེའི་བ་དན་ཅན། །ཕུབ་མོ་རང་འཁོར་སྒྲ་བླ་དེ། །གྲ་མ་རླུང་གི་ཞོལ་ཤམ་ཅན། །ཞགས་པ་རང་འཁྱིལ་སྒྲ་བླ་དེ། །གྲ་མ་གློག་གི་མྱུར་མགྱོགས་ཅན། །ལྕགས་ཀྱུ་རང་འཛིན་སྒྲ་བླ་དེ། །གྲ་མ་འཕྲུལ་གྱི་ཤ་བཟུང་ཅན། །དེ་སྒྲ་བླའི་གྲ་མ་མཆེད་དགུ་ཡིན། །སྔོན་སྲིད་པ་ཆགས་སོ་ཕྱིན་ཆད་ནས། །དེ་རིང་ཉི་མ་ཡན་ཆོད་ལ། །གྲ་མ་རླུང་གི་བཤུལ་མ་མྱུང་། །དབལ་སོ་མ་ཉམས་སྒྲ་བླ་ཡིན། །བཞུགས་ནི་མཚོན་ཆའི་མཁར་ལ་བཞུགས། །གནས་ནི་དམུ་རིའི་རྩེ་ལ་གནས། །མགོན་ནི་བོན་ལ་དགའ་བའི་མགོན། །སྐྱོབས་ནི་གཤེན་ལ་གདུང་བའི་སྐྱོབ།།སྡོང་ནི་དམ་ཚིག་ཅན་ལ་མཛད། །གྲོགས་ནི་ཐ་ཚིག་ཅན་ལ་བྱེད། །སྡང་ནི་སྡང་པའི་དགྲ་ལ་སྡང་། །འཚིག་ནི་གནོད་པའི་བགེགས་ལ་འཚིག །དགུ་ཁྲི་དགུ་འབུམ་སྒྲ་བླའི་་་་་དམག །གོ་ཆ་རྒྱན་ཆ་སི་ལི་ལི། །རྟ་རྒྱུག་མདའ་འཕེན་ཤ་ར་ར། །ཡ་ཚ་མདུང་འདེབས་ལྗིབས་སེ་ལྗིབ། །བ་དན་དཀར་དམར་ཕྱ་ར་ར། །རུ་མཚོན་སྔོ་དམར་པུ་རུ་རུ། །ལྕགས་ཀྱུ་ཞགས་སྡོག་ཝངས་སེ་ཝང་། །ཕུབ་མོ་གླིང་ཆེན་ཀོ་རོ་རོ། །ཀུ་སྒྲ་བསྭོ་སྒྲ་དི་རི་རི། །དམག་ཚོགས་དཔུང་དང་ཉི་ཉི། །དཔའ་འདུས་འཆམ་དང་རྒ་ར་ར། །ལས་མཁན་རྒྱུགས་དང་པྲིངས་སེ་པྲིང་། །ཐོག་སེར་གློག་འོད་ལམ་མེ་ལམ། །ཞུན་དཀར་ཚ་ཚ་ཐ་ར་ར། །བསྐལ་པའི་འབྲུག་སྒྲ་འུ་རུ་རུ། །འབྱུང་བའི་བུ་ཡུག་ཚུབས་སེ་ཚུབ། །དེ་རིང་ལྷ་གཞིའི་གོང་འདི་རུ། །གྲ་མ་མཆེད་བརྒྱད་ལྷ་རུ་བདར། །ཀྱེ་མཆོད་མཆོད་བསྟོད་དོ་སྒྲ་བླ་གཉན། །སྔོན་ནས་མཆོད་མཆོད་བསྟོད་བསྟོད་པ། །ད་ལྟ་སྲིད་པ་རྒྱུད་ཀྱི་ལྷ། ། མཆོད་ཅིང་བསྟེན་ན་རྒྱང་མ་རིང་། །བཀྱག་ཅིང་བཀུར་ན་ཕྲག་མ་དོག །བོས་ཤིང་བསྒྲགས་ན་སྙན་མ་བསྲ། །གཡབ་ཅིང་འདོར་ན་སྤྱན་མ་རྡུལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །དཀར་གསུམ་དཀར་གྱི་ཕུད་ཀྱིས་མཆོད། །དམར་གསུམ་དམར་གྱིས་དོན་གྱིས་མཆོད། །འབྲུ་དགུ་བཅུད་ཀྱི་ཡུ་ཏིས་མཆོད། །རྩེ་གསུམ་དབལ་གྱི་བཤོས་བུས་མཆོད། །གཡག་ལུག་ར་གསུམ་བྱ་ཡིས་མཆོད། །ཤ་རྐྱང་བཙོས་དགོ་ཆིབས་ཀྱིས་མཆོད། །སྟག་གཟིག་དོམ་དྲེད་རོལ་གྱིས་མཆོད། །དབྱི་སྤྱང་དར་ཟབ་རྒྱན་གྱིས་མཆོད། །མཁན་ཤུག་བལ་ལུ་རྩི་ཡིས་མཆོད།།རང་མཐུན་དམ་རྫས་རྟེན་གྱིས་མཆོད། །སྒྲ་བླ་གཉན་པོ་མ་གཡོ་ཞིག །སྒྲ་བླ་གཉན་པོ་མ་ཐུར་ཅིག །སྒྲ་བླ་གཉན་པོ་མ་སྨེ་ཞིག །ཡོ་ན་སྦ་དཀར་རྟེན་གྱིས་བསྲང་། །མཐུར་ན་རང་མཐུན་གཏོར་མས་བརྔན། །སྨེ་ན་ཚན་དང་སྤོས་ཀྱིས་བསང་། །མནོལ་ན་གཙང་མའི་ཁྲུས་ཀྱིས་བཀྲུ། །སྐྱེམས་ན་བདུད་རྩི་ཆང་གིས་མཆོད། །བཀྲེས་ན་དགྲ་སྙིང་དྲོན་མོ་གསོལ། །གོ་ཆ་སྣ་དགུ་རྟེན་དུ་འཛུགས། །སྒྲ་བླ་གཉན་པོ་རྟེན་ལ་བཞུགས། །རྨོག་ཞོག་ཞུན་ཀེ་རུ་འདི་ལ་འཁོར། །ཁྲབ་འབུམ་དབྱིལ་སྔོན་མོ་འདི་ལ་འཁོར། །མཚོན་ཡ་ཚ་རྣོ་དབལ་འདི་ལ་འཁོར། །གཞུ་མོ་རང་བརྡུང་འདི་ལ་འཁོར། །མདའ་མོ་རང་འཕེན་འདི་ལ་འཁོར། །མདུང་མོ་རང་འདེབས་འདི་ལ་འཁོར། །ཕུབ་མོ་རང་འཁྱིལ་འདི་ལ་འཁོར། །ཞགས་པ་རང་སྡོག་འདི་ལ་འཁོར། །ལྕགས་ཀྱུ་རང་འཛིན་འདི་ལ་འཁོར། །ང་སྲིད་པ་རྒྱུད་ཀྱི་བོན་པོ་ཡིས། །རིགས་སུ་མཆོད་པའི་ལྷ་བདར་ནས། །སྒྲ་བླ་གཉན་པོ་དྲིན་མ་ཆུང་། །གཞི་ཡི་དུས་སུ་རྨ་གཡང་བསྐྱིལ། །བྱེས་ཀྱི་དུས་སུ་དཔའ་ཁྲོམ་ཆོགས། །ཤུལ་རིང་བསྒྲོད་ན་བསམ་པ་སྒྲུབས། །ཉིན་གྱི་དུས་སུ་བྱ་ར་ཚུགས། །མཚན་གྱི་དུས་སུ་སྒྲོན་མེ་ཁྱོག །ལམ་ངན་བསྒྲལ་ན་འཇིགས་པ་སྐྱོབས། །དགྲ་ལ་རྦད་ན་ཡོ་ལིང་ཕོབས། །ཤག་ཁ་འགྱེད་ན་རྒྱལ་ཁ་ཟུངས། །རྒྱལ་ས་གནོན་ན་རྒྱལ་ཁྲིམས་སྐྱོངས། །བསྟན་པ་སྤེལ་ལ་སྡོང་གྲོགས་མཛོད། །ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ། །ཞེས་གསུངས་ནས་བཟང་ཤིང་གི་དུད་པ་ནམ་མཁའ་ལ་སོང་བས།གཞའ་སྤྲིན་གཏིབས་པའི་ནང་ནས། ཡེ་མཁྱེན་སྒྲ་བླའི་དམག་ཚོགས་ཐམས་ཅད་ཀྱང་། གོ་མཚོན་དམག་དཔུང་དང་བཅས་ནས། རྒྱལ་བུའི་སྤྱན་སྔར་འཁོད་དོ། །དེ་ལ་འཁོར་རྣམས་ཀྱང་ངོ་མཚར་སྐྱེས་སོ། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།