ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཅེས་བྱ་བ་བཞུགས།

0
659
རྫོགས་སྐུ་གཤེན་ལྷ་འོད་དཀར།

རྒྱུད་གསུང་པ་པོ། སྟོན་པ་གཤེན་ལྷ་འོད་དཀར།

༄༅། །ཞང་ཞུང་སྐད་དུ། རྐགབརཀེཐདཱབཱཐེ། ཐོ་ཡེ་དེ་ཅུ་ཤེལ་ཞི་ཏན་ཏྲ་ད་དོད་ཅི། སང་སྐྲི་ཏའི་སྐད་དུ། ཡ་མན་ཀྲ་མ་ཏི་སུ་ཏྲ་ན་མ། བྲུ་ཤའི་སྐད་དུ། ཧ་པང་རིལ་ཏི་ཏང་སེང་ཞེ་མ་ཧམ། བོད་སྐད་དུ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཅེས་བྱ་བ། སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འོག་མིན་བོན་ཉིད་དབྱིངས་ཀྱི་གནས་ཆེན་ན། །གཤེན་ལྷ་འོད་དཀར་སྟོན་མཆོག་བཞུགས་པ་དེས། །ཡེ་ཤེས་ཡོངས་སྤྲུལ་སྐུ་ཡི་འཁོར་རྣམས་ལ། །ཐེག་པ་རིམ་རྫོགས་བཤད་མདོ་བསྟན་པ་འདི། །དུས་བཞི་མཉམ་པ་ཉིད་ཀྱི་དུས་ན་བསྒྲགས། །མཚན་མ་སྒྲ་ཡི་གསུང་རྣམས་མི་མངའ་བར། །དགོངས་པ་དོན་རྫོགས་གསུང་གིས་མཇལ་བར་སྤྲད། །སྐབས་དང་པོའོ།། །།

    དེ་ལ་ཐེག་པ་རིམ་པ་མཐའ་དག་ཀུན། །བསྡུས་ཏེ་བཤད་ན་རྣམ་པ་གཉིས་སུ་འདུས། ༄༅། །ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ། །མུ་སྟེགས་ལྟ་བ་བསྡུས་ན་རྣམ་པ་གཉིས། །སྔོན་བྱུང་སྟེང་གི་ལྷ་ཡུལ་གྲགས་པ་དང༌། །རྗེས་འཇུག་འོག་ནི་མི་ཡུལ་གྲགས་པའོ། །སྔོན་བྱུང་སྟེང་དུུ་གྲགས་པའི་ལོག་ལྟ་ནི། །ལྷ་བུ་དྲང་སྲོང་ཤེས་དགའ་རབ་ལྡན་དེས། །སེམས་ཅན་ཚེ་འཕོས་གཟུགས་མི་ལེན་པ་གཅིག །ཁོ་ཡི་མངོན་པར་ཤེས་པས་བརླག་མཐོང་སྟེ། གཏན་གྲོགས་འཁོར་མོ་དེ་ལ་འདི་སྐད་སྨྲས། །ཀྱཻ་གཏན་གྲོགས་བཟང་མོ་རྒྱལ་ཁྱོད་འཁོར་དང་བཅས། །མ་ཤི་བར་དུ་དགའ་དགུར་བརྩེ་མཛོད་ཅིག །ཤི་ནས་དེ་ཡི་སྤྱོད་ཡུལ་མ་ལགས་ཏེ། །ལུས་བརླག་ཐལ་བ་བཞིན་དུ་སོང་བས་ན། །སླར་འཚོ་བ་ནི་ག་ལ་འགྱུར་ཏེ་དེ་ལ་ཡང༌། །སེམས་དེ་ཐེར་ཟུག་མི་འགྱུར་ལུས་རྒྱུན་ཆད། དེ་སྐད་ཟེར་བ་དེ་ལ་ལོག་པར་བཟུང༌། རྗེས་འཇུག་འོག་ཏུ་གྲགས་པའི་ལོག་ལྟ་ནི། །མང་པོ་གཉིས་སུ་བསྡུས་པས་གཞན་དུ་ཞིབ་པར་བཤད། །ནང་པ་གཤེན་རབ་ཐེག་པ་བསྡུས་ན་གཉིས། །རྒྱུ་དང་འབྲས་བུ་གཉིས་སུ་བཤད་པ་ཡིན། །རྒྱུ་ཡི་ཐེག་པ་དེ་ལ་རྣམ་པ་གཉིས། ཐེག་པ་ཆེན་པོ་དང་ནི་ཆུང་ངུན་ནོ། །འབྲས་བུའི་ཐེག་པ་ལ་ཡང་གཉིས་ཡིན་ཏེ། །ཕྱི་པ་དང་ནི་ནང་པ་གཉིས་སུ་བཤད། །དེ་ལ་ཕྱི་ནང་གསང་བའི་ཐེག་པ་གསུམ་ཞེས་བྱ། །ཐེག་པ་ཆུང་ངུན་ལ་ནི་རྣམ་པ་གཉིས། །ལྷ་མི་གཞན་བརྟེན་ཐེག་པ་དང༌། །རང་རྟོགས་གཤེན་རབ་ཐེག་པའོ། །ཐེག་པ་ཆེན་པོ་ལ་ཡང་རྣམ་པ་གཉིས། །ཐུགས་རྗེ་སེམས་དཔའི་ཐཻག་པ་ཆེན་པོ་དང༌། གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད་དོ། །འབྲས་བུ་སྔགས་ཕྱིའི་ཐེག་པ་གཉིས་ཡིན་ཏེ། །བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ་དང༌། །རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པའོ། །གསང་སྔགས་ནང་གི་ཐེག་པ་གསུམ་ཡིན་ཏེ། །དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང༌། །ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་པ་དང༌། །ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའོ། །དེ་ནས་ཐེག་པ་ཀུན་ལ་སྤྱི་དོན་བདུན་གྱིས་བསྟན། །རྟོགས་པའི་ལྟ་བ་དང་ནི་བསྲུང་བའི་དམ་ཚིག་དང༌། །སྒོམ་པའི་རིམ་པ་དང་ནི་སྒྲུབ་པའི་ཐབས་དག་དང༌། །སྤྱོད་པའི་ཕྲིན་ལས་དང་ནི་གྲུབ་པའི་འབྲས་བུ་དང༌། །གོང་འོག་ཐེག་པའི་ལ་བསྒྲལ་ཤན་དབྱེའོ། །སྐབས་གཉིས་པའོ།། །།

    དེ་ལ་ལྷ་མི་གཞན་བརྟེན་ཐེག་པ་ནི། །དངོས་པོ་སྣ་ཚོགས་སྣང་བ་བདེན་པ་རྟོག །ཡུལ་སེམས་མི་འབྱེད་འདི་ཁ་ལྟ་བུར་ཤེས། །དགེ་སྤྱོད་བོན་སྤྱོད་དུས་བཟང་མ་ལུས་བསྲུང༌། །གོང་མ་ལ་སེམས་རང་གི་བསྒྲུབ་བྱ་བསྒོམ། །ལུས་ངག་ཡིད་གསུམ་ངན་སྤང་བཟློག་སྟེ་བསྒྲུབ། །དགེ་བ་རང་གི་དོན་སྤྱོད་སྡིག་སྤྱོད་སྤོང༌། །སྡུག་བསྔལ་ལས་བསོག་འཇིག་རྟེན་འདི་ཡང་སྤྱོད། ཁམས་གསུམ་གོང་འོག་འཕར་བ་དེ་ཡི་འབྲས། །ཐོབ་པར་ངེས་པ་ཡིན་ཏེ་དམན་པར་ལོག་སྤྱད་ན། །ངན་སོང་འོག་ནས་འོག་འཕར་དམྱལ་བའི་འབྲས། །ཐེག་པ་དེ་ལ་མ་ངེས་གཉིས་སུ་བཤད། །སྐབས་གསུམ་པའོ།། །།

    རང་རྟོགས་གཤེན་རབ་ཐེག་པའི་འདོད་གཞུང་ནི། །ཕྱི་ཡུལ་དངོས་པོ་མེད་དེ་ནང་ཤེས་རྒྱུ་དང་འབྲས། །རྟག་འཆད་གཉིས་གྲོལ་ཡུལ་སེམས་དོན་དམ་རྫོབ། །དགེ་སྤྱོད་མ་ཉམས་ཁྲིམས་ཆེན་དགུ་པོ་བསྲུང༌། །དེ་དོན་འདུ་འཛི་ཀུན་སྤང་མཚན་མ་ཕྱི་ཡུལ་འགོག །ཡེ་ཤེས་ཆ་ཡིས་ཁམས་གསུམ་ཉོན་མོངས་འཇོམས། །རྟེན་འབྲེལ་དུར་ཁྲོད་རོ་ལ་ལྡོག་སྟེ་བལྟ། །དེ་ཡི་སྒོ་ནས་བོན་ཉིད་ཟབ་རྟོགས་བསྒྲུབ། །རང་རྟོགས་འབའ་ཞིག་རང་དོན་དེ་ཉིད་དུ། །རྫུ་འཕྲུལ་སྣ་འགའི་སྒོ་ནས་འགྲོ་དོན་ཤས་ཙམ་སྤྱོད། །རྫུ་འཕྲུལ་ཆེར་སྤྱོད་ཤེས་རབ་མགྱོགས་ཆེན་ཐོབ། །རྟོགས་སྤྱོད་སྒོམ་ལམ་ཀུན་གྱིས་ཁྱད་པར་འཕགས།། སྐབས་བཞི་པའོ།། །།

     ཐུགས་རྗེ་ཆེན་པོ་སེམས་དཔའི་ཐེག་པ་ནི། །གཏན་ཚིགས་ཆེན་པོའི་སྦྱོར་བ་རྣམ་པ་བཞིས། །ཕྱི་ནང་ལོག་ན་མེད་པས་གཟུང་འཛིན་བྲལ་བའི་སེམས། །ཉམས་མྱོང་ཤེས་པའི་རྣམ་འདུག་བཅས་བལྟ། །སྡོམ་པ་ལུས་ངག་ཡིད་སེམས་སྒོ་ནས་བསྲུང༌། །གསལ་ལ་རིག་པ་ཉམས་སུ་མྱོང་བ་སྟེ། །རྣམ་རིག་དེ་དམིགས་ཤེས་པ་དེ་ཙམ་སྒོམ། །ལམ་ལྔ་སྤྱད་པས་ཡེ་ཤེས་བསོད་ནམས་རྫོགས། །བདག་གཞན་གཉིས་དོན་ཐུགས་རྗེའི་ཤུགས་ཀྱིས་སྤྱོད། །ཡེ་ཤེས་སྐྱེ་མེད་ཀུན་ཏུ་འོད་ཀྱི་ས། །དེ་ལས་ཐོབ་པའི་ཁྱད་པར་རྣམ་པ་བདུན། །རྟོགས་སྤྱོད་ཡེ་ཤེས་བརྩོན་འགྲུས་ཐབས་ཆེན་པོ། །འབྲས་བུ་འཕྲིན་ལས་ཙམ་ཁྱད་པར་འཕགས། །སྐབས་ལྔ་པའོ།། །།

     གཡུང་དྲུང་སེམས་དཔའི་ཐེག་པ་སྤྲོས་མེད་ནི། །དོན་ལྔ་ཁྱད་པར་བཞག་པའི་ཚད་མ་ཡིས། །དོན་དམ་ཀུན་རྫོབ་གཉིས་འཇལ་ཤེས་པ་དེས། །བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་བལྟ། །སྤྲོས་ལ་གནོད་བྱེད་ཚད་མས་དེ་སེམས་བཟློག །སྒོ་གསུམ་ཟོལ་སོགས་མེད་པས་སྡོམ་ཁྲིམས་དམ་པར་སྲུང༌།། གཟུང་ཆ་ཅིར་མ་གྲུབ་པས་འཛིན་ཆ་ཅིར་མི་རྟོག །བོན་རྣམས་རང་བཞིན་མེད་པས་མ་ཡེངས་གསལ་བར་བསྒོམ། །ཕ་རོལ་ཕྱིན་བཅུའི་ས་བཅུ་རིམ་གྱིས་བགྲོད། །བདག་གཞན་གཉིས་དོན་ཐུགས་རྗེ་ཆེན་པོ་སྤྱོད། །གཡུང་དྲུང་ལྟ་བུའི་ཡེ་ཤེས་འོད་ལྡན་པས། །ལྟ་བ་སྒོམ་པ་བསྒྲུབ་ཐབས་ཁྱད་པར་འཕགས། །སྐབས་དྲུག་པའོ།། །།

     འབྲས་བུ་འཇོག་པའི་རྒྱུ་མཚན་རྣམ་པ་བཞི། །མྱུར་དུ་ཐོབ་བྱེད་རྣམ་པ་གཡར་ལམ་བྱེད། །མ་ཡིན་བཏགས་ནས་བསྒོམ་དང་དེ་ཉིད་རང་ལ་སྤྱོད། །དེ་ཕྱིར་འབྲས་བུའི་ཐེག་པ་ཞེས་བྱའོ། །བྱ་བ་གཙང་སྤྱོད་ཡེ་བོན་ཐེག་པ་ནི། གཏན་ཚིགས་དང་བཅས་དག་པའི་བོན་ཉིད་ལྟ། །སྒོ་གསུམ་ལས་ཀྱི་དམ་ཚིག་རྣམ་བདུན་སྲུང༌། །ཀུན་རྫོབ་བཏགས་པའི་སྒྱུ་གཟུགས་ཆེན་པོ་བསྒོམ། །གཟའ་སྐར་དུས་ཚིགས་གཙང་སྦྲ་རྫས་དང་ཡོ་བྱད་བརྟེན། །འཛབ་གྲངས་ཚང་བས་ཐབས་ལྡན་བསྒྲུབ་པའི་དོན། །རང་དང་དེ་སྟོབས་དག་གིས་དེ་སྤྱོད་ཅིང༌། །ཡས་སྟགས་མཐུན་བཅས་གྱེར་གྱིན་གཞན་དོན་སྤྱོད། །གཡུང་དྲུང་འཛིན་པའི་ས་ཆེན་ཡང་དག་སེམས་ཤེས་ཐོབ། །རྟེན་དང་ལས་དང་བསྒྲུབ་པ་འབྲས་བུ་ལྟ། །ཁྱད་པར་རྣམ་པ་ལྔ་དང་ལྡན་པ་ཡིན།      །སྐབས་བདུན་
པའོ།། །།

    རྣམ་པ་ཀུན་ལྡན་མངོན་ཤེས་ཐེག་པ་ནི། །མཚན་མའི་དངོས་པོ་དག་ལ་ཚད་མས་བརྟག །མཚན་མ་མེད་པའི་བོན་ཉིད་རྟོགས་པ་ཡི། །བྱིན་རླབས་རོལ་པའི་མཚན་མ་ལྷ་རུ་བལྟ། །སྤྱི་དང་ཁྱད་པར་གཉིས་ཀྱི་དམ་ཚིག་བསྲུང༌། །མངོན་པར་དྲི་མེད་བདལ་པ་ཆེན་པོ་ཡི། །གཡུང་དྲུང་སྐྱེ་མཆེད་ཆེན་པོ་རྣམ་ལྔ་བསྒོམ། །ཡོ་བྱད་རྫས་དང་ཏིང་འཛིན་གཉིས་འཚོགས་ལས། །དེ་བསྒྲུབ་ཕྱག་རྒྱ་བཞི་ཡི་དངོས་གྲུབ་འཐོབ། འཕྲིན་ལས་བཞིས་ཀྱང་གཉིས་དོན་རྫོགས་པར་སྤྱོད། །ཐུགས་རྗེ་གར་ཆེན་ཚེ་འདས་གཞན་དོན་སྤྱོད། །གཡུང་དྲུང་བདེར་གཤེགས་ས་བཅུ་གཉིས་པ་འཐོབ། །ལྟ་སྒོམ་སྤྱོད་འབྲས་འཐོབ་བྱའི་ཁྱད་པར་འཕགས། །དེ་ལྟར་རྣམ་པ་ལྔ་ཡིས་ལ་བཅད་ཤན་དབྱེའོ། །སྐབས་བརྒྱད་པའོ།། །།

     གསང་སྔགས་འབྲས་བུ་དག་པའི་ཐེག་པ་ནི། །རྟེན་ལྷ་ཕྱིས་འབྱུང་སྤྱོད་པ་ལྟ་བ་མཉམ་ཉིད་དང༌། །འབྲས་བུ་རང་གཞན་འབྱུང་བ་རྣམ་པ་བཞི། །ཕྱི་དང་ནང་ཞེས་ཁྱད་པར་རྣམ་པར་བཞག །དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་ནི། །དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །དམ་ཚིག་སྒོ་གསུམ་གྲངས་མེད་མ་ཉམས་སྲུང༌། །ཏིང་འཛིན་རིམ་པ་བཞི་ལྔ་གསུམ་སྒོ་ནས། །བདག་ཉིད་ཆེན་པོ་ལྷ་ཡི་དཀྱིལ་འཁོར་བསྒོམ། །རྟོགས་པ་དང་ནི་ཏིང་ངེ་འཛིན་སྒོ་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒྲུབ། །འཕྲིན་ལས་རྣམ་བཞི་སྦྱོར་སྒྲོལ་གཉིས་པོ་ཡིས། །བདག་དོན་གཞན་དོན་ཕུན་སུམ་ཚོགས་པར་བྱེད། །ཚེ་འདས་ཐུགས་རྗཻས་བཟུང་ནས་འབྲས་བུ་སྦྱོར། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་ཡང་ནོན། །ཐུགས་རྗེ་ལ་སོགས་རྣམ་པ་ཀུན་ལྡན་པར། །ཐེག་ཆེན་ཕྱི་པ་ལས་ནི་ཁྱད་པར་བདུན་གྱིས་འཕགས། །ལྟ་བ་སྤྱོད་པ་དབང་དམ་ཕྲིན་ལས་དང༌། །སྒྲུབ་ཐབས་དཀྱིལ་འཁོར་འབྲས་བུ་ཚུལ་མཐུན་སྦྱོར། །གནས་སྐབས་ཐེག་པ་དེ་ལས་ཁྱད་པར་ཆེ། །སྐབས་དགུ་པའོ།། །།

    ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་ནི། །རྒྱུ་ནི་དག་པའི་དབྱིངས་ཆེན་ནས། འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ཤར། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །བདག་ཉིད་ཡབ་ཡུམ་སྲས་བཅས་རྟོགས། །དམ་ཚིག་ཡུལ་ལ་སྦྱོར་བ་དང༌། །དེ་ལ་སྙིང་རྗེ་འབྱུང་གཉིས་མེད། །བོན་ཉིད་ཐ་མི་དད་པར་བསྲུང༌། །དཀྱིལ་འཁོར་ཕྱག་རྒྱ་མ་ལུས་ཀུན། །རྒྱུ་རྐྱེན་མ་ཡིན་རྫོགས་ཚུལ་བསྒོམ། །འབད་རྩོལ་དག་གིས་སྒྲུབ་མི་དགོས། །ཡིན་པ་ཡིན་པར་ངོ་ཤེས་ན། །མཚོ་ལ་གཟེངས་འགྲོའི་ཚུལ་བཞིན་སྒྲུབ། །སྤྱོད་པ་བྱེད་སྤྱོད་སྣ་ཚོགས་ཀུན། གང་ཡང་མ་འགག་ལྷུན་ལ་རྫོགས། །འབྲས་བུ་འཐོབ་པའི་རང་བཞིན་ནི། །ཡེ་ཤེས་བླ་ན་མེད་པའི་ས་ཆེན་ནོན། །འོག་མ་དེ་ལས་ཁྱད་པར་འཕགས་པའི་ཚུལ། །ལྟ་སྤྱོད་བསྒྲུབ་པའི་རྩལ་གྱིས་ཁྱད་པར་འཕགས། །འབད་རྩོལ་རྒྱུ་རྐྱེན་ཚོགས་ལ་རག་མ་ལུས། །རྒྱ་མཚོ་ཆེན་པོའི་གྲུ་བཞིན་ཤུགས་ཀྱིས་འགྲོ། །རྩོལ་མེད་ལྷན་གྲུབ་ཡེ་ཤེས་དབྱིངས་དང་ལྡན། །སྐབས་བཅུ་པའོ།། །།

    ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཐེག་པ་ནི། །གཞི་ཉིད་ཀ་དག་ཆེན་པོ་ལ། །ལྷུན་གྲུབ་ངང་ལྡན་གཏན་ཚིགས་ཀྱིས། །རང་བཞིན་རོལ་པ་ངོ་བོ་ཉིད། །ཀ་དག་ལྷུན་གྲུབ་དངོས་མི་བདེན། །ཐ་སྙད་དེར་བཏགས་མི་འགལ་ཙམ། །ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་བལྟ། །གཅིག་པུ་ལྷུན་གྲུབ་མེད་པ་དང༌། །རང་བཞིན་གནས་དག་ཡེ་བསྲུང་དམ། །མ་བཅོས་ཇི་བཞིན་དེ་བཞིན་པ། །གཞན་ནས་བཙལ་མེད་ལྷུན་གྱིས་གྲུབ། །ཐུགས་རྗེ་ཕྱོགས་དང་རིས་མེད་པའི།། སྤྱོད་པ་བླང་དོར་མེད་པའོ། །དབྱེར་མེད་གཡུང་དྲུང་ཐེག་ལེ་ཡི། །ས་ཆེན་འབྲས་བུ་དེར་རྫོགས་ཡིན། །ལྟ་སྤྱོད་འབྲས་བུ་ཁྱད་པར་འཕགས། །ཏིང་འཛིན་རྩལ་གྱིས་ཡོངས་ཀྱང་འཕགས། །གཏན་ཚིགས་ཆེན་པོས་དེ་བཞིན་འཕགས། །དེ་ལྟ་བུ་ཡི་ཐེག་པ་དེ། །ཇི་བཞིན་ངང་དུ་རྟོགས་ན་ལྟ་སྒོམ་འབྲས་བུ་གཅིག །ཡེ་ནས་ཡོངས་རྫོགས་ད་གཟོད་བཙལ་དུ་མེད། །མཐའ་དབུས་མེད་པས་ཡེ་བདལ་ཆེན་པོ་ཡིན། །ཕྱིན་ནང་མེད་པས་ཡེ་ཤེས་ཟངས་ཐལ་ཡིན། །སྐྱོན་ཡོན་མེད་པས་ལྷུན་གྱིས་གྲུབ་པ་ཡིན། །གཟུང་འཛིན་མེད་པས་དམིགས་དང་བྲལ་བ་ཡིན། །དགག་སྒྲུབ་མེད་པས་རྩོལ་སེམས་བྲལ་བ་ཡིན། །དེ་ལྟར་གནས་པའི་ཡང་རྩེ་བླ་མེད་ལ། །ཐེག་པ་འོག་མ་རྣམས་ཀྱིས་འདི་སྐད་སྨྲས། །སྣང་བའི་བོན་རྣམས་སེམས་ལས་མ་གཏོགས་པ། །གཅིག་ཀྱང་མ་མཆིས་དེ་ལས་ཇི་ལྟར་འཕགས། །ཡང་དག་ཉིད་ཀྱིས་མ་གྲུབ་ཁྱད་པར་འཕགས། །དོན་དམ་ཀུན་རྫོབ་བདེན་འཁྲུལ་ངང་ལ་གནས། །ཡུལ་སེམས་དངོས་པོར་མ་གྲུབ་བོན་ཉིད་ལས། །མ་བྱུང་མ་སྐྱེས་དེ་ལས་ཇི་ལྟར་འཕགས། །ཀུན་རྫོབ་ཡུལ་སེམས་གཉིས་འདོད་དེ་མ་ཡིན་པར་འཕགས། །ཡེ་ཤེས་སེམས་དཔའ་དམ་ཚིག་རྣམ་གཉིས་ལས། །དཔོན་གཡོག་ཚུལ་བཅོས་དངོས་གྲུབ་ཀུན་འབྱུང་བའི། །དེ་ལས་འཕགས་པའི་ལྟ་སྤྱོད་ཇི་ལྟར་ལགས། །གཉིས་མེད་མ་ཤེས་རེས་འཇོག་དེ་མེད་འཕགས། ལྟ་བ་རང་རིག་སྒོ་ནས་སྤྱོད་པ་བླང་དོར་མེད། །ལྟ་བ་མཉམ་རྟོགས་སྤྱོད་པ་ཡོངས་སུ་གཞོལ། །ཅི་སྐྱེས་ཕྱག་རྒྱའི་ཚོགས་ལས་ཇི་ལྟར་འཕགས། །དམིགས་མེད་བཞིན་དུ་འདུ་ཤེས་དེ་མ་བྲལ། །མཚན་མའི་རྟོགས་པ་སྣ་ཚོགས་དེ་མེད་འཕགས། །རྒྱུ་འབྲས་དབྱིངས་ལས་ཡེ་ཤེས་དཀྱིལ་འཁོར་ཤར། །འཕྲོ་འདུ་རྩོལ་སྒྲུབ་རྟོག་པས་མི་གཡོ་སྟེ། །ཡོན་ཏན་ཡེ་ནས་དེ་གྲུབ་ཇི་ལྟར་འཕགས། །དཀྱིལ་འཁོར་འཇོག་ཕྱིར་རྩོལ་བའི་སེམས་མ་བྲལ། །རྒྱུ་འབྲས་ཁས་བླང་ཕྱིར་ན་རྩོལ་བ་དྲུག་གིས་ཟིན། །བརྩལ་མེད་དབྱིངས་སུ་མ་ཆུད་ཁྱད་པར་འཕགས། །དེ་ཕྱིར་ཡིན་ལ་ཡིན་པར་འཇོག་མ་ཤེས། །ཐེག་པ་འོག་མ་རྩོལ་བའི་ནད་ཀྱིས་ཟིན། །འདི་དོན་རྩོལ་བྲལ་ཐེག་པའི་ཡང་རྩེ་ཡིན་པར་བཤད། །སྟོན་པའི་རྒྱལ་པོ་གཤེན་ལྷ་འོད་དཀར་གྱིས། །ཐེག་པ་བསམ་ཡས་རྣམ་པ་དགུ་རུ་བསྡུས། །མ་ངེས་གཅིག་གཉིས་གནས་ཀྱང་དགུ་རུ་ཕྱེས། །གོང་མ་ལ་བཅད་འོག་མ་ཤན་དབྱེ་བའི། །ལ་ཤན་ཐེག་པའི་བོན་མདོ་བཤད་དེ་བཀྲོལ། །དགོངས་པ་བརྡ་ཡིས་སྤྲུལ་པའི་སྐུ་ལ་བསྒྲགས། །འཛམ་གླིང་སྤྱི་ཡི་འཁོར་ལོ་འཇིག་རྟེན་དུ། །ང་ཡི་ཐེག་ཆེན་གཡུང་དྲུང་བོན་བསྟན་མཆོག །རྒྱས་ཤིང་འཕེལ་ཏེ་མི་ནུབ་རྒྱལ་མཚན་ཚུགས། །ཐེག་པའི་རིམ་པ་བཤད་པའི་མདོ་རྒྱུད་འདི། །གཤེན་ལྷ་འོད་དཀར་སྟོན་པ་ང་ཡིས་བསྒྲགས། །ཐེག་པའི་རིམ་པ་མངོན་དུ་བསྟན་པའི་མདོ་རྒྱུད་སྐབས་བཅུ་གཅིག་པའོ། །རྫོགས་སོ།། །།

   བདག་འདྲ་བཻ་རོ་ཙ་ན་ཡིས། །དཀའ་བ་སྲོག་དང་བསྡོས་པའི་གཡུང་དྲུང་བོན་ཆེན་བསྒྱུར། །མངའ་བདག་རྗེ་ལ་གཏད་དེ་ནམ་ཞིག་གཏེར་དུ་བཞག །དབུས་ཀྱི་བསམ་ཡས་ཀྱི་ཡང་དབཻན་ཡེར་བའི་རྫོངས་ལ་སྦས་སོ། །ཀྲང་ཡེ་སིག ཨུ་དེ་ཁྲལ་ཁྱུུང་ཡེ་ཝང་ཅལ་ཀྲི་ས་ཏེ་ཡ་ཨག་ཐམ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།