ཞང་ཞུང་སྒོ་པའི་སྒོ་ཕུགས་བར་གསུམ་གྱི་སྐོར།

0
657


 རྩོམ་པ་པོ། ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག

      ཞང་ཞུང་སྒོ་པ་འདི་ལ་ཡང་སྒོ་ཕུགས་བར་གསུམ་དུ་ཡོད་དེ། ཕུགས་པ་ཁྱུང་ལུང་གི་སྐོར་དང༌། བར་པ་དྭང་ར་སྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད། གཞན་ཡང་ཞང་ཞུང་རྒྱལ་པོའི་དམག་གི་རུ་གྲལ་ལ་སུམ་པའི་སྟོང་བུ་ཆུང་ཞེས་སོགས་བཤད་པས། ཁྱུང་ཡུལ་རི་རྩེ་དྲུག་འདི་ཡན་ཆད་ཞང་ཞུང་གི་མངའ་རིས་སུ་བྱ་བར་གྲགས། མདོ་སྨད་དུ་སུམ་པ་ཞེས་པའི་ཡུལ་རིགས་སོགས་ཡོད་པར་བཤད་འདུག་ཀྱང་དེ་ཞང་ཞུང་གི་མངའ་སྡེའི་སུམ་པ་ཡིན་མིན་བརྗོད་མ་ཤེས་སོ། །

   དེ་དུས་ཡོད་པའི་ཞང་ཞུང་གི་སྐད་དུ་སཾསྐྲྀ་ཏའི་སྐད་དུ་མ་འདྲེས་པ་འདིས་ཞང་ཞུང་གི་བོན་ལ་རྒྱ་གར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་པོ་ཡོད་པ་ལྟ་བུའི་བཤད་པ་བྱེད་འདུག་ཀྱང་གོང་གི་སྐད་ཀྱི་འབྱུང་ཁུངས་འདི་རྣམས་ལ་བརྟགས་ན།  སཾསྐྲྀ་ཏ་སྨྲ་བ་ཡིན་ན་རྒྱ་གར་བ་ཡིན་པས་ཁྱབ་པ་མེད་ཅིང༌། སྐད་དེ་ལས་བྱུང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་མུ་སྟེགས་ཀྱི་ཆོས་གཉིས་པོ་གང་རུང་ཡིན་དགོས་པའི་རྒྱུ་མཚན་ཡང་མ་མཐོང་ངོ༌། །དཔེར་ན་པ་ཤ་དང་ཨུ་རུ་སུའི་སྐད་སོགས་ལ། སཾསྐྲྀ་ཏའི་ཤན་ཞུགས་པ་ཡོད་པའི་ཕྱིར།    སྟོད་རྒྱུད་ཞང་ཞུང་གི་ས་སྐོར་འདི་ལ་སོག་པོའི་ཇག་དཔུང་བྱུང་ནས་ནོར་འཕྲོག་མི་ཁྲིད་བྱེད་པ་ཐེངས་དུ་མ་བྱུང་བ་དང༌། སྟོད་ཧོར་རམ་སེང་པས་ཀྱང་ཇག་དང་དམག་ཐེངས་དུ་མ་བྱས་པ་དབང་བསྒྱུར་བ་སོགས་ཇི་སྙེད་བྱུང་སྟེ། དྲང་དོན་མུན་སེལ་གྱི་གཏམ་རྒྱུད་ལྡེབ་༼༡༤༥༽སྔོན་པུ་རང་གི་རྒྱལ་པོ་དང་གར་ལོག་སོག་པོ་༼སྐད་མ་ཤེས་ནས་བྱ་སྐྱུང་ཀའི་སྐད་ལྟར་གྲགས་པ་ཞིག་གོ་ནས་མིང་དུ་བཏགས་པར་མངོན།༽སྐྱུང་སྐད་ཀྱི་དམག་དང་འཐབ་པ་ལ་མི་ཐམས་ཅད་གྲི་རུ་བསད། ནོར་ཟས་ཐམས་ཅད་ནི་གར་ལོག་དམག་གིས་ཁྱེར། བུད་མེད་ཐམས་ཅད་ནི་ཁོ་ཡི་ཡུལ་དུ་ཁྱེར་ནས། རང་ཡུལ་མིག་གིས་མི་མཐོང་ཞིང༌། ལོ་རེ་བཞིན་དམག་དཔུང་སྡུད་ཀྱིན་ནོར་ཐམས་ཅད་བརླག་པར་བཏང་བ་ལ། བྲུ་ཤ་ཡུལ་གྱི་དྲང་སྲོང་བདེ་བ་རྒྱས་བྱ་བ་ཕྱི་ཡི་སྐྱབས་འགྲོ་ལ་ཡི་དམ་བྱེད་པ་ཞིག་གིས། སྐྱབས་འགྲོ་རྣམ་པ་གསུམ་པོ་དེ། སྟག་པའི་བྱང་བུ་སོར་གསུམ་པ་རེར་བྲིས་ཀྱིན་འཕྲག་པ་ལ་བཏགས་པས། གནོད་པ་དང་སྨས་པ་མི་འབྱུང་བར་གྱུར་ནས་མི་ཐམས་ཅད་ཡིད་ཆེས་པར་གྱུར། ཞེས་དང༌། པན་ཏའི་ཧོ་ཤ་བྱ་བ་ལ་སྟོན་པ་དགའ་ལྡན་བྱ་བ་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ། ཀློང་དུ་གྱུར་པ་ཞིག་གིས་ཁུམས་ནས། ཞེས་པ་ནས། པུ་ཧྲེང་དུ་བྱོན་ནས་བཞུགས་ཡོད་པ་ལ་སོགས་ནས་གར་ལོག་གི་རྒྱལ་པོ་ཡན་པའི་དམག་དཔུང་ཤིན་ཏུ་ཚབ་ཆེ་བ་བྱུང་བ་ལ། ཞེས་སོགས་གསུངས་པའི་ཕྱིར།  ཡི་གེ་འདི་ཡི་ནང་དུ་སྔར་པུ་ཧྲེང་ལ་དེང་སང་པུ་རང་ནས་ཁྱེར་ནས་བོད་མིག་གིས་མི་མཐོང་ཞེས་ཟེར་ལུགས་ལ་གཞིགས་ན་པུ་རོང་བོད་ཀྱི་ཁོངས་སུ་བཙུད་ཟིན་པའི་འོག་ཏུ་ཡུལ་དེར་སོག་དམག་བྱུང་བ་ཡིན་པ་འདྲ།  དྲང་དོན་སྒྲོན་མ་མུན་སེལ་བོད་རྒྱལ་ཁྲི་སྲོང་གི་དུས་སུ་བརྩམས་པ་ཡིན་པས། བོད་རྒྱལ་ཁྲི་སྲོང་གིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཆམ་ལ་ཕབ་པའི་ལོ་རྒྱུས་ཁུངས་མ་ཡོད་ཀྱང༌། སྲོང་བཙན་གྱི་དུས་སུ་ཞང་ཞུང་བཏུལ་ཚུལ་ནི། དེབ་ཐེར་དཀར་པོའི་ལྡེབ་༡༢༢༽ཞང་ཞུང་ལྟ་བུ་གཉེན་མཛད་ནས་ཀྱང་བཏུལ་ལོ། །ཐབས་ཀྱིས་ཀྱང་བརྒལ་ཏེ། ཞང་ཞུང་བདག་མཛད་དུ། རྒྱལ་པོའི་སྲིང་མོ་བཙན་མོ་སད་མ་ཀར། ལིག་མི་རྐྱ་ལ་ཆབ་སྲིད་ལ་གཤེགས་སོ། ། བཙན་མོ་ནི་ལིག་མི་རྐྱའི་སོ་ནམ་དང་བུ་སྲིང་དུ་མི་མཛད་ཅིང༌། ལོགས་ཤིག་ནང་བཞུགས་པར། བཙན་པོ་དྲལ་གྱི་སྙན་དུ་གསན་ཏེ། བཙན་མོ་དེ་ལྟར་ལོག་པར་མཛད་ན། ཆབ་སྲིད་ཀྱི་དཀྲུག་མར་འགྱུར་བའི། དེ་ལྟར་མ་མཛད་པར་ལིག་མི་རྐྱ་ཡི་སོ་ནམ་དང་བུ་སྲིད་ཟུངས་ཤིག་ཅེས། སྤུག་གྱིམ་བཙན་རྨང་ཆུང་ལ་བཀའ་བསྩལ་ཏེ། ཕོ་ཉར་བཏང་སྟེ། རྨ་ཆུང་མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང༌། མཚོ་མ་པང་དུ་གཤེགས་འདུག་ནས། རྨང་ཆུང་མ་པང་དུ་སོང་སྟེ་བཙན་མོའི་སྤྱན་སྔར་ཕྱག་བགྱིས་ཚེ། བཙན་མོའི་ཞལ་ནས་བཙན་པོ་དྲལ་གྱི་ཐུགས་བདེ་འམ་མི་བདེ། ཞེས་དྲི་བ་མཛད་པར། ཐུགས་བདེ་ཞེས་གསོལ་ཏོ།། རྨང་ཆུང་གློ་བ་བདེ་འམ་མི་བདེ། ཞེས་སྨྲས་ན། གློ་བ་བདེ་འོ་ཞེས་གསོལ་ཏོ། །དེར་བཙན་མོ། རྨང་ཆུང་ཁྱེད་ནི། བཙན་པོ་དྲལ་གྱི་ཞལ་སྔ་ནས་འདྲ་བས། མགྲོན་གྱི་ཕྱག་ལེན་ལོངས་ཤིག་ཅེས། ཕྱག་ལེན་བཙལ་ནས་བཙན་མོས་མགུར་བླངས་པ། ཡུལ་གྱི་སྐལ་ཕོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག་སོགས་སོ། །མགུར་བླངས་པའི་རྗེས་སུ། རྨང་ཆུང་མཆི་ཕྱག་བགྱིས་པ་ལས། བཙན་མོའི་ཞལ་ནས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་གསོལ་བ་ཅུང་མ་མཆིས་སོ། །བཙན་པོ་ཞལ་སྔ་ནས་ཐུགས་བདེ་ཞིང་་་་་་བཞུགས་པ་ལ་གློ་བ་དགའ་བོ། །བཙན་པོས་བཀའ་བསྩལ་པ་ནི། རྔོ་ཅི་ཐོགས་ཀྱིས་འཚལ་ཞིང་མཆིས་སོ། །བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག་ཅེས་ཞུ་གཡག་གཅིག་ཕྱག་རྒྱས་བཏབ་ནས་བཀུར་རོ། །རྨང་ཆུང་སླར་བཙན་པོའི་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས། མགུར་བླངས་པའི་ཚིག་འདི་ཞེས་མཆིས་ཕྱག་རྒྱས་བཏབ་སྟེ་བཀུར་བ་ནི་འདི་ལགས་ཞེས་གསོལ་བ་ལས། བཙན་པོས་རྒྱ་ཕྱེས་ནས་གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ། བཙན་པོས་དགོངས་དགོངས་ནས་ཡུ་བུས་ལིག་མི་རྐྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག རྒོལ་མ་ཕོད་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཟེར་བ་ལྟ་ཞེས་བཀའ་སྩལ་ནས། རྗེ་བློན་ཀུན་བློང་བློང་སྟེ། ལིག་མི་རྐྱའི་སྲིད་བརླག་གོ །ཞེས་ལིག་མི་རྐྱ་ཡི་སྲིད་བརླག་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ །ཞེས་བཤད་པས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཟེར་བ་འདིའི་མིང་ཞང་རྒྱལ་དུ་མའི་མིང་གི་ཟུར་དུ་ཡོད་པ་སྟེ། དཔེར་ན་བོད་ཀྱི་རྒྱལ་པོའི་མིང་ཟུར་ལ་བཙན་པོ་ཡོད་པ་བཞིན་ནོ། །

    དེ་ཡང་ལིག་མི་སྲིད་པ་དང་རྐྱ་ནི་རྗེ་ལ་འཇུག་པས་སྲིད་པའི་རྗེ་ཞེས་ཞང་ཞུང་གི་རྒྱལ་པོ་མང་པོའི་མཚན་གྱི་ཟུར་དུ་ཡོད་པ་འདྲ། ཡང་ལྡེབ་༡༧༨༽ཤིམས་ཀྱི་གུ་རན་དུ་ཞང་ཞུང་གིས་མཁོན་བགྱིས་ཏེ་ཞེས་དང་ལྡེབ་༡༧༩༽ཞང་ཞུང་ངོ་ལོག་ཅིང་ཞེས་པས་རྒྱལ་པོ་དེའི་རྗེས་སུ་རིམ་བཞིན་ཞང་ཞུང་གི་ངོ་ལོག་སྟེ་བོད་ལ་འཁྲུགས་པ་བྱས་ནས་མཐར་ཁྲི་སྲོང་གི་དུས་སུ་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱའི་ཆུན་མས་བསླུས་ནས་ཞང་རྒྱལ་བཀྲོངས་པའི་གནས་དྭང་ར་ཁྱུང་རྫོང་གི་ཉེ་སར་ཡིན་ལ། སྔོན་མ་ཞང་རྒྱལ་བཏུལ་ས་ཁྱུང་ལུང་དུ་ཡིན་པར་མངོན་པས་དུས་དང་ལས་དོན་གཏན་ནས་མི་འདྲ་བས་འདིའི་ཚུལ་ལ་མགོ་མི་རྨོངས་པར་དགོས་སོ། །

    ཁྲི་སྲོང་གི་དུས་སུ་ཞང་རྒྱལ་བཅོམ་ཚུལ་ནི། ཞང་ཞུང་གི་རྒྱལ་པོ་བོད་ཀྱི་རྒྱལ་པོས་མངོན་དུ་འདུལ་བ་མི་ཐུབ་པས། བོད་ཀྱི་རྒྱལ་པོས་ངན་གཡོས་འདུལ་སྙམ་ནས། ཞང་ཞུང་རྒྱལ་པོ་ལ་བཙུན་མོ་གསུམ་ཡོད་པའི་ཆུང་ཤོས། གུ་རུབ་ཟ་སྣང་སྒྲོན་ལེགས་བྱ་བ། ལོ་བཅོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ། བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་གདུག་པ། སྣང་ནམ་ལེགས་གྲུབ་བྱ་བ་ཞིག་གིས། གསེར་ཕྱེ་འབྲོང་རུ་གང་ཁྱེར་ཏེ། སྣང་སྒྲོན་ལེགས་ལ་བྱིན་ནས་འདི་སྐད་སྨྲས་སོ། །སྣང་སྒྲོན་ལེགས་མ་ཁྱོད་ལྟ་བུ། ཞང་ཞུང་རྒྱལ་པོའི་ཁབ་གྱི་ཡང་ཆུན་བྱེད་པ། ཁྱོད་རང་ཨ་ཅང་ཆེས་ཏེ། བོད་ཀྱི་རྒྱལ་པོས་ཀྱང་མི་བཟོད་པར་འདུག་པས། འདི་སྨད་པའི་ཐབས་ཡོད་དམ། ཡོད་ན་ཁྱོད་རང་བོད་ཀྱི་རྒྱལ་པོའི་ཁབ་ཀྱི་ཡང་ཆེན་མ་བྱ། བོད་ཀྱི་མངའ་རིས་ཀྱི་སུམ་གཉིས་སྟེར་བར་འདུག་གོ །སྨྲས་པས། སྒྲོན་ལེགས་མས་ན་རེ། ཞང་ཞུང་རྒྱལ་པོ་ལ་དམག་ས་ཁེབ་པར་ཡོད། བོད་ཀྱི་རྒྱལ་པོ་ལ་དམག་བ་བྲེ་མོའི་གཞུང་ཙམ་ལས་མེད་པས། མངོན་དུ་བཏུལ་དུ་མི་ཐུབ་པས། ངན་དང་ཐབས་ཀྱིས་འདུལ་ན། ཞང་ཞུང་རྒྱལ་པོ་ནི་ཟླ་བ་ཕྱི་ཏ་ལ། ཞང་ཞུང་ཡུལ་ནས། སུམ་པ་གླང་གི་གྱིམ་ཤོད་དུ། སྐུ་རྐྱེན་དང་ཆས་ནས་མདུན་མ་ལ་བཞུད་ཀྱི། དེར་སྒུགས་ལ་བཀྲོང་མཛོད་ཅིག དེའི་བྱ་གཏོང་བདག་གིས་བྱ་ཟེར་ཏེ། བུད་མེད་ཀྱི་བློ་ལ་ལྟོས་པ་ཅི་ཡང་མེད་པས་དེ་སྐད་སྨྲས་སོ། །ཚེས་དུ་ལ་འོང་བའི་བརྡ་ལ་བཙས་ཀྱི་ཁར་འཇོག་པར་ཆད་དོ། །

སུམ་པ་གླང་གི་གྱིམ་ཤོད་ཀྱི་ཡུལ།
སུམ་པ་གླང་གི་གྱིམ་ཤོད་ཀྱི་ཡུལ།

     དེ་ནས་བོད་ཀྱི་རྒྱལ་བློན་རྣམས་དམག་མི་སྟོང་མང་པོ་དང་ཆས་འོང༌། སྣ་ནམ་ལེགས་གྲུབ་དང་རྒྱལ་པོ་སྔོན་ལ་ལ་བཙས་ཀྱི་ཁར་བྱོན་ནས་བལྟས་པས། ས་དེར་ཆུ་སླ་ང་གང་གི་ནང་ན། གསེར་ཆུང་གཅིག དུང་ཆུང་གཅིག་དུག་མདེལ་གཅིག་དང་གསུམ་གདའ་འོ། །བོད་ཀྱི་རྒྱལ་པོའི་ཞལ་ནས། ཆུ་སླ་ང་གང་ནི་ཟླ་བ་ཕྱི་མའི་ཉ་ལ་འོང་བྱ་བ་ཡིན། གསེར་ཆུང་དང༌། དུང་ཆུང་ནི་དྭང་རའི་གསེར་ཕུག་དུང་ཕུག་གཉིས་སུ་དམག་ཆོས་ལ་སྒུགས་ཤིག་བྱ་བ་ཡིན། ༼གསེར་ཕུག་དང༌། དུང་ཕུག་ཟེར་བའི་ལུང་པ་དེང་སྐབས་ནག་ཚང་སྒོ་ནག་གི་སར། དྭང་ར་ཁྱུང་རྫོང་གི་ཤར་ཕྱོགས་ཀྱི་ལ་བརྒལ་ནས་ཁ་བྱང་དུ་བལྟས་ནས་ཕྱིན་ན་འདུག་ཅིང༌། དེང་སྐབས་ཀྱང་ས་མིང་དེ་ཁ་རང་འབོད་དོ།༽དུག་མདེལ་ནི། བརྣག་པ་བསྐྱེད་ལ་བསྒུགས་ནས་སོད་ཅིག་བྱ་བ་ཡིན་ཟེར་ཏེ། བསྒུགས་སོ། །དེར་རྒྱལ་པོ་གཉིས་མཇལ་ནས། བོད་ཀྱི་དམག་མིས་ཞང་ཞུང་གི་རྒྱལ་པོ་བཀྲོངས་སོ། །དེར་ཞང་ཞུང་འབུམ་སྡེ་ནི་ཕམ། བོད་ཀྱི་ཁྲི་སྡེ་ནི་རྒྱལ་ལོ། །ཞེས་པས་དེ་ནས་བཟུང་ཞང་ཞུང་གིས་བོད་ལ་ངོ་ལོག་བྱེད་མ་ནུས་པར་བོད་ཀྱི་འོག་ཏུ་བཙུད་དོ། །དུས་ཚིགས་ནི་རགས་ཙམ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཡིན་པར་ཤེས་པ་ལ་དཔགས་ནས་ཤེས་སོ། །

                                                                                      ༼འབེལ་གཏམ་ལུང་གི་སྙིང་པོ་ལས་ཟུར་དུ་ཕྱུང་།༽

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།