འདམ་སྟོན་རིན་པོ་ཆེའི་ཞལ་གདམས་བཞུགས།

0
622

རྩོམ་པ་པོ། འདམ་སྟོན་ཤེས་རབ་འོད་ཟེར།

༄༅། །མ་ངོ་བོ་ཀ་དག་བོན་གྱི་དབྱིངས། །བུ་རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རྩལ་ངེས་མེད་རྒྱ་ཡན་ཅིར་ཡང་སྤྲུལ། །སེམས་ཡེ་ནས་སྐུ་གསུམ་རང་ཆས་ལ། །ཡིད་བདེན་ཞེན་མེད་པར་གསོལ་བ་འདེབས། །བློ་སྙེམས་བྱེད་མདུད་པ་བཀྲོལ་དུ་གསོལ། །གནས་པོམ་ར་གངས་ཀྱི་ཤེལ་ཕུག་ཏུ།། མི་མགོ་རླུང་ལངས་པའི་འདམ་སྟོན་ཁོང་། །དུས་སྔར་བྱས་ལས་ལ་འགྱོད་པ་མེད། །ད་ཕྱིར་འོངས་ལས་ལ་རེ་དོགས་མེད། །སེམས་རྩིས་གདབ་མེད་པའི་གླུ་ཅིག་ལེན། །ཡུལ་བཞི་ས་བྱ་སྤྱོད་མི་ཆེ་བ། །གྲྭ་ས་ཕ་ཡུལ་རྒྱབ་ཏུ་སྐྱུར། །ཕྱོགས་མེད་རྒྱལ་ཁམས་དང་དུ་བླངས། །གཉན་ས་རི་ཁྲོད་གང་བདེ་འགྲིམ།། ས་མཐའ་རུ་ཤི་ཡང་འགྱོད་རྒྱུ་མེད། །ལར་རྒྱལ་ཁམས་བསྐོར་བའི་སྣ་གཏད་ལ། །སྤྲང་ངོ་ཤེས་གཅིག་ལས་མི་གདའ་སྟེ། །རྐང་ཇེ་ཡང་སོང་བ་མ་གཏོགས་

པ། །གཞི་འདིར་བཅས་བསམ་པ་ང་ལ་མེད། །གནས་ངེས་མེད་བྱེད་པ་དེ་ཙུག་ལེགས། །ཉེ་འཁོར་སྐྱོང་དར་མི་མཁས་པས། །མང་པོའི་གསེབ་ནས་གཅིག་པུར་བུད། །ཕ་མ་གཉིས་དང་གསོན་བྲལ་བྱས། །ཆ་མེད་མི་དང་ཅི་བདེར་འགྲོགས། །འཁོར་མཁན་མེད་ཀྱང་འགྱོད་རྒྱུ་མེད། །ལར་རི་ལ་སྡོད་པའི་གྲོགས་པོ་ལ། །བློ་ཐག་ཆོད་གཅིག་ལས་མི་གདའ་སྟེ། །སོ་ཇི་གསོད་སོང་བ་མ་གཏོགས་པས། །གྲོགས་འདི་བཙལ་བསམ་པ་ང་ལ་མེད། །སྤྲང་གཅིག་སྡོམ་བྱེད་པ་དེ་ཙུག་ལགས། །ལོངས་སྤྱོད་བསགས་པ་མི་ཆེ་བས། །ཕྱི་རུ་ནོར་གྱི་ཚོལ་བསོགས་སྤངས། །ནང་དུ་འདོད་ཡོན་ཞེན་པ་བསྐྱུར། །ལྟོ་རྒྱབ་བུ་ལོན་སྤྲང་ལ་སྦྱར། །མུ་གེས་ཤི་ཡང་འགྱོད་རྒྱུ་མེད། །ཚེ་འདི་ལ་དགོས་པའི་ལོངས་སྤྱོད་ལ། །སྤྲང་བེར་རྒ་གཅིག་ལས་མི་གདའ་སྟེ། །ཆོག་ཇེ་ཤེས་སོང་བ་མ་གཏོགས་པས། །ནོར་འདི་བཙལ་བསམ་པ་ང་ལ་མེད། །ཚེ་སྤྲང་ལ་བསྐྱལ་བ་དེ་ཙུག་ལགས། །མི་ཆོས་ཆེ་ཐབས་མི་མཁས་པས། །ཚེ་འདི་མདུན་མ་རླུང་ལ་བསྐུར། །ཕུན་སུམ་ཚོགས་པའི་རེ་བ་བཏང་། །སྙན་གྲགས་ལོ་འདབ་ས་དང་བསྲེས། །མི་རྩིས་མེད་ཀྱང་འགྱོད་རྒྱུ་མེད། །ལར་མི་ཚེ་འཕྱིད་པའི་མདུན་མ་ལ། །བློ་ཐག་ཆོད་གཅིག་ལས་མི་གདའ་སྟེ། །སེམས་ཅི་བདེར་སོང་བ་མ་གཏོགས་པས། །ཐབས་ཇི་དྲག་བསམ་པ་ང་ལ་མེད། །གང་བྱུང་བྱེད་པ་དེ་ཙུག་ལགས། །སྙིང་རུས་བསྒོམ་བསྲན་མི་ཆེ་བས། །ཕུགས་སུ་སྡུག་བརྩིར་བཀག་འགོག་དང་། །རྟོག་པས་གདའ་དེད་བྱེད་མ་མྱོང་། །རིག་པ་གཅེར་བུར་ཅི་བདེར་སྐྱོངས། །ཉམས་ལེན་མེད་ཀྱང་འགྱོད་རྒྱུ་མེད། །ཚེ་ཕྱི་མར་དགོས་པའི་སྣ་གཏད་ལ། །སེམས་རྩ་བྲལ་གཅིག་ལས་མི་གདའ་སྟེ།། ཁམས་ཇེ་དྭངས་སོང་བ་མ་གཏོགས་པས། །ལར་འདི་བསྒོམ་བསམ་པ་ང་ལ་མེད། །བསྒོམ་བློ་ཟད་པ་དེ་ཙུག་ལགས། །ཚིག་ལྔ་ཚན་ལྔ་ཉིས་བཅུ་ཚན་གཅིག །སྤྲང་བྱེད་བློ་ཟད་པའི་ཉམས་མགུར་ཡིན། །སྤུན་དམ་ཚིག་གཅིག་པའི་གྲོགས་པོ་རྣམས། །ཟས་རམ་ཟན་ཞིམ་པའི་ཐིམ་ལེན་མཛོད། །དུས་གཏན་དུ་བདེ་བའི་སྨོན་ལམ་འདེབས། །

  ཕྱོགས་བཅུར་བཞུགས་པའི་དུས་གསུམ་རྒྱལ་བ་དང་། །བདེན་པའི་རྒྱ་མཚོ་ཟད་མེད་འཕྲུལ་ངག་བོན། །ས་ལམ་རྟོགས་པའི་དབང་ཕྱུག་རྒྱལ་སྲས་དང་། །ཐར་པའི་ལམ་མཆོག་སྟོན་པའི་བླ་མ་ལ། །སྒོ་གསུམ་གཏིང་ནས་གུས་པས་གསོལ་བ་འདེབས། །དུས་འབྲལ་མེད་རྒྱུན་དུ་ཐུགས་རྗེས་བཟུང་།། འབྲས་བུ་སྐུ་གསུམ་མངོན་དུ་གྱུར་པ་དང་། །ཁམས་གསུམ་རང་སར་གྲོལ་བར་བྱིན་གྱིས་རློབས། །ཁྱེད་སྐྱེ་ཤིའི་འཇིགས་པའི་གང་ཟག་རྣམས། །འཁོར་བའི་གྲོང་ཁྱེར་ཞིང་ས་གཤིན། །ངན་འགྲོའི་གཅོང་རོང་དུཿཁ་ཚ། །འཁྲུལ་པའི་ལས་སྣང་བསླུ་བ་མཁས། །རང་དབང་ཡོད་དུས་མནོ་བསམ་ཐོང་།། འཁྲུལ་སྣང་རྐྱེན་ཁར་མ་ཤོར་བར། །བྱང་ཆུབ་ལམ་སྣ་བཙལ་ན་ལེགས། །ད་རེས་བརྩོན་འགྲུས་རེམ་ཞིག་བུ། །སྣང་བ་རི་མོ་ལེགས་པ་འདི། །སྒྱུ་མ་མཁན་གྱི་ལྷ་ཁང་འདྲ། །ཚེ་འདི་འཁྲུལ་སྣང་དར་ཙམ་ཡིན། །བར་དོར་སྣང་བ་གཞན་ཞིག་འཆར། །སྙིང་པོ་མེད་པར་མནོ་བསམ་ཐོང་། །མི་ཚེ་ཆུད་ཟོས་མ་བྱེད་པར། །འཁྲུལ་སྣང་ད་ལྟ་བཅད་ན་ལེགས། །འདོད་ཡོན་ཞེན་ཆགས་སྤོངས་ཞིག་བུ། །ཆོག་ཤེས་མེད་པའི་ཟས་ནོར་འདི། །་མས་བསགས་པའི་སྦྲང་རྩི་འདྲ། །ཕུན་སུམ་ཚོགས་པ་དར་ཙམ་ཡིན། །སྡུག་བསོག་བྱས་ཀྱང་ཤུལ་དུ་ལུས། །དགོས་པ་མེད་པར་མནོ་བསམ་ཐོང་། །བསགས་པ་ཆུད་ཟོས་མ་བྱེད་པར། །མཆོད་སྦྱིན་ད་ལྟ་བྱས་ན་ལེགས། །ཚོལ་བསོག་གཏན་དུ་སྤོང་ཞིག་བུ། །འབྲལ་མི་ཕོད་པའི་ཉེ་དྲུང་འདི། །ཚོང་དུས་འཚོགས་པའི་གནས་མགྲོན་འདྲ། །ལན་ཆགས་འདེད་པའི་ཚོང་དུས་ཡིན། །སྔ་མའི་ཕ་མ་ཤི་ལགས་བསམ། །དགྲ་གཉེན་རེས་མོའི་མནོ་བསམ་ཐོང་། །མི་ལུས་ཆུད་ཟོས་མ་བྱེད་པར། །འཁོར་ངན་འབྲེལ་ཐག་བཅད་ན་ལེགས། །གཅིག་པུར་རི་ཁྲོད་འགྲིམ་ན་ལེགས། །ཤ་ཁྲག་རྒྱས་པའི་ལང་ཚོ་འདི། །ནམ་ཟླ་དབྱར་ཁའི་མེ་ཏོག་འདྲ། །ཁ་དོག་ལེགས་པ་དར་ཙམ་ཡིན། །ན་རྒ་འཆི་བ་དབང་མེད་འགྱུར། །ལོང་ཁོམ་མེད་པར་མནོ་བསམ་ཐོང་། །གཞོན་ནུ་ཆུད་ཟོས་མ་བྱེད་པར། དཀའ་བ་ད་ལྟ་བཅད་ན་ལེགས། །ལུས་ལ་རྟག་འཛིན་སྤོང་ཞིག་བུ། །དམ་ཚིག་མི་བསྲུང་ཕོ་བཟོ་མཐོ། །རབ་གནས་མེད་པའི་སྡེར་སོ་འདྲ། །སྐྱེ་མཆེད་ལེགས་ཀྱང་རྒྱལ་འགོང་རྟེན། །རང་གིས་གསང་ཡང་གཞན་གྱིས་ཁྲེལ། །ངན་སོང་འགྲོ་དོགས་མནོ་བསམ་ཐོང་། །དལ་འབྱོར་ཆུད་ཟོས་མ་བྱེད་པར།། སྡོམ་གསུམ་ད་ལྟ་བསྲུང་ན་ལེགས། །དམ་ཚིག་མིག་བཞིན་སྲུངས་ཞིག་བུ། །ཡོན་ཏན་མེད་པའི་སྙན་གྲགས་སྒྲུབ། །ཆར་བ་མེད་པའི་འབྲུག་དང་འདྲ།། རང་བདེ་གཞན་ལ་མི་ཕན་ན། །ལོང་བའི་ཚོང་དཔོན་བ་ལང་རྫི། །ལོང་བས་ལོང་ཁྲིད་མནོ་བསམ་ཐོང་། །སྤྱོད་ལམ་ཆུད་ཟོས་མ་བྱེད་པར། །ཆེ་བཅོས་ད་ལྟ་སྤང་ན་ལེགས། །དམན་པའི་སྤྲང་ཆས་ཟུང་ཞིག་བུ། །ཉམས་མྱོང་མེད་པའི་སྡོད་ཚུགས་བཟབ། །སྤང་ཕུག་ཉལ་བའི་ཕྱི་བ་འདྲ། །ལུས་བདེ་ཙམ་གྱི་སོ་སོད་པ། །སངས་རྒྱས་ལམ་དུ་བྱེད་པ་འཁྲུལ། །མལ་དུ་རུལ་བ་མནོ་བསམ་ཐོང་། །གདམས་ངག་ཆུད་ཟོས་མ་བྱེད་པར། །ཉེ་ལམ་ད་ལྟ་བཙལ་ན་ལེགས།། བླ་མ་བཅུད་ལྡན་བསྟེན་ཅིག་བུ། །རོ་སྙོམས་མི་ཐུབ་རྒྱལ་ཁམས་བསྐོར། །མེ་ནང་འཕྱོང་བའི་སྦྲང་མ་འདྲ། །སྡུག་བསྔལ་ལམ་དུ་མ་སློང་པར། །ཡུལ་དགུ་བསྐོར་བའི་ལྕིབ་པ་ཚོལ། །ས་མཐའི་རོ་འཁྱམས་མནོ་བསམ་ཐོང་། །རྩལ་སྦྱངས་ཆུད་ཟོས་མ་བྱེད་པར། །ཉམ་ང་ད་ལྟ་བཅད་ན་ལེགས། །སྐྱིད་སྡུག་རོ་སྙོམས་གྱིས་ཤིག་བུ། །ཐོས་པ་མེད་པའི་བསྒོམ་བློ་འདི། །རྐྱ་བ་མེད་པའི་གྲུ་དང་འདྲ། །གོལ་པའི་ཆུ་ཆེན་མ་བསྒྲལ་ན། །གྲོལ་བ་ཕ་རོལ་ཕྱིན་དུས་མེད།། སྤྲེའུ་ལྷ་བསྒོམ་མནོ་བསམ་ཐོང་། །ཤེས་རབ་ཆུད་ཟོས་མ་བྱེད་པར། །སྒྲོ་འདོགས་ད་ལྟ་བཅད་ན་ལེགས། །དང་པོ་ཐོས་བསམ་གྱིས་ཤིག་བུ། །སྒོམ་བྱུང་མེད་པའི་ཐོས་བསམ་འདི། །ཁ་བཤད་མཁས་པའི་ལོང་བ་འདྲ། །མིག་གིས་རི་འགོ་མི་མཐོང་བར། །ཁ་ཡིས་རྡུལ་ཕྲན་བགྲང་ལ་མཁས། །ཤེས་པ་དོན་མེད་མནོ་བསམ་ཐོང་། །སྒྲུབ་པ་ཆུད་ཟོས་མ་བྱེད་པར། །བདག་མེད་ད་ལྟ་བསྒོམ་ན་ལེགས། །བློ་ཕུགས་བསྒོམ་ལ་གཏོད་ཅིག་བུ། །ཐབས་ཤེས་ལེགས་པར་བཤད་པའི་ཚིག་སྡེབས་འདི། །གནས་པོམ་ར་གངས་ཀྱི་ཤེལ་ཕུག་ཏུ། །མི་འདམ་སྟོན་བཅོས་པའི་ཁ་འཆལ་ཡིན། །ཁྱེད་དགེ་སྦྱོར་བརྩོན་པའི་གྲོགས་པོ་རྣམས། །ལམ་ཐར་པ་བསྒྲོད་པའི་སྣ་ཁྲིད་མཛོད། །བྱུར་འཁོར་བ་ཟློག་པའི་དམག་དཔུང་མཛོད། །དགྲ་ཆགས་སྡང་གཅོད་པའི་དམག་དཔུང་མཛོད། །སེམས་འོད་གསལ་མཐོང་བའི་མེ་ལོང་མཛོད། །ཉམས་བྱིང་རྨུགས་སེལ་བའི་ཁྲུས་ཆབ་མཛོད། །བློ་འཐོར་ན་སྡུད་པའི་ཕྱག་མ་མཛོད། །ཡིད་རེང་ན་གནོན་པའི་གཉའ་ཤིང་མཛོད། །ཁམས་འཐིབ་ན་སེལ་བའི་སྒྲོན་མེ་མཛོད། །དོན་འཐད་ན་དགེ་སྦྱོར་གསལ་འདེབས་མཛོད། །ངག་འཆལ་ན་ཐུགས་རྗེས་བཟོད་པར་གསོལ། །ཟུར་ཕོག་ན་རང་སྐྱོན་གཏིང་ནས་ཐོན། །དུས་གཏན་དུ་བདེ་བའི་སྨོན་ལམ་ཞུ། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།