གདམས་པ་རིན་པོ་ཆེ་ཨ་ཁྲིད་ཀྱི་གཏམ་རྒྱུད་རྒྱལ་བུ་སྟོང་ཐུན་བཞུགས།

0
592
མཛད་ཐང་རྙིང་པའི་ཟུར་ཆ།

    སྔོན་རྒྱལ་པོ་ཞིག་ལ་སྲས་གཉིས་ཡོད། ཆེ་བ་རྒྱལ་པོའི་གདན་སར་ཕྱུངས་པ་དེ་འདས། ཆུང་བ་བྱིས་པའི་དུས་རྩེད་མོ་ལ་སོང་བའི་སར་བོར་བས། དེར་རྒྱལ་པོ་ཡང་འདས་ནས་རྒྱལ་ས་བཟུང་མི་མེད། བློན་པོ་ཞིག་གིས་ན་རེ། སྔོན་རྒྱལ་པོའི་བུ་ཞིག་བོར་བས་ད་བཙལ་ན་རྙེད་དམ་ཟེར། དེ་ལ་མི་ནོར་བའི་རྟགས་ལ་འཕྲག་པ་གཡས་གཡོན་ཉི་མ་དང་ཟླ་བ། བརླ་ལྡེབ་ལ་ཆོ་ལོ་རིས་ཡོད་ཟེར། དེར་འཁོར་པ་རྣམས་བཙལ་དུ་བཏང་བས། དེ་ལྟ་བུ་རྙེད་པས་དེ་ལ་ཁྲུས་དང་གཙང་སྦྲ་བྱས། ལུས་ཀྱི་གོས་བརྗེས་ནས་རྒྱལ་སར་ཕྱུངས་བས། ཞིང་ཁམས་ཐམས་ཅད་བདེ་བའི་དཔེའོ། དོན་ལ་སྦྱར་ན། སངས་རྒྱས་སེམས་ཅན་གཉིས་གཞི་གཅིག་པ་ནི་རྒྱལ་པོའི་བུ་ཡིན་པ་དང་འདྲ། རང་ངོ་མ་ཤེས་འཁྲུལ་ནས་འཁོར་བར་འཁྱམ་པ་ནི་རྒྱལ་བུ་བོར་བ་དང་འདྲ། རང་ངོ་ཤེས་པ་ནི་རྒྱལ་ས་ཟིན་པ་དང་འདྲ། བློན་པོ་ནི་བླ་མ། ཉི་ཟླ་གཉིས་ནི་སེམས་ཀྱི་གསལ་ཆ། ཆོ་ལོ་འཁོར་འདས་གཉིས་ཀྱི་དཔེ་ཡོད་པའི་ཕྱིར། ཁྲུས་དང་གཙང་སྦྲ་ནི་སྔོན་འགྲོའི་རིམ་པའོ། རྒྱལ་སར་བཏོན་པ་ནི་རང་ངོ་ཤེས་ནས་སངས་རྒྱས་ཀྱི་ས་ཟིན་པ་དང་འདྲ།

    ད་གཉིས་པ་སྐྱེ་བུའི་བྱད་ཀྱི་དཔེ་ནི་ཐམས་ཅད་སྐྱེས་ནས་མ་གུམ་བར་ངོ་དང་བྲལ་མ་མྱོང་ཡང་། སུས་ཀྱང་མ་མཐོང་བ་བཞིན། སེམས་ཉིད་ཡི་གདོད་མ་ནས་རང་ཆས་སུ་མ་སྦས་པར་ཡོད་ཀྱང་མ་མཐོང་བ་ལ། བླ་མས་ངོ་སྤྲོད་ནས་མཐོང་བ་བཞིན་བྱད་ལྟ་ན་མེ་ལོང་དགོས་པ་ལྟ་བུའོ།།

     གསུམ་པ་སྐྱེས་བུ་འོད་མཛེས་བྱ་བ་ཞིག་ཡོད་པ་ལ། ལ་ལས་ཨ་པོ་འོད་མཛེས། ལ་ལས་ཨ་ནུ་འོད་མཛེས། ལ་ལས་ཨ་ཁུ་འོད་མཛེས། ལ་ལས་ཨ་ཞང་འོད་མཛེས། ལ་ལས་བཟོ་བོ་འོད་མཛེས། ལ་ལས་སྨན་པ་འོད་མཛེས། ལ་ལས་མིང་པོ་འོད་མཛེས། ལ་ལས་ནུ་བོ་འོད་མཛེས་ལས་སོགས་མཐོང་སྣང་དང་མིང་མང་དུ་ཡོད་ཀྱང་། ངོ་བོ་གཅིག་པ་བཞིན། སེམས་ཉིད་ལ་སངས་རྒྱས་སེམས་ཅན་ཉོན་མོངས་ཡེ་ཤེས་འཁོར་བ་མྱང་འདས། གཞི་ལམ་འབྲས་གསུམ་ལས་སོགས་མང་དུ་བརྗོད་ཀྱང་། སེམས་ཉིད་ངོ་བོ་གཅིག་ལས་མ་འདས་པར་ངེས་པའོ།།

      ད་བཞི་པ་ཏི་དང་མར་ཁུ་ནི། ཏིལ་ཐམས་ཅད་ཆེ་ཆུང་བཟང་ངན་མེད་པར་མར་གྱིས་ཁྱབ་པ་ནི་དཔེའོ། སྐྱེ་འགྲོ་ཐམས་ཅད་བཟང་ངན་ཆེ་ཆུང་མེད་པར་སངས་རྒྱས་ཀྱི་དགོངས་པས་ཁྱབ་པ་ནི། དོན་ལ་སྦྱར་ན་བཞུ་བཏུལ་བྱས་ན་མར་དུ་འབྱུང་བ་བཞིན། རང་ངོ་ཤེས་ཉམས་སུ་བླངས་ན་སངས་རྒྱས་པའོ།།

      ད་ལྔ་པ་བུམ་པ་ནང་གི་མར་མེ་བཞིན། ཞེས་པ་ནི། བུམ་པ་ནི་གཟུགས་ཕུང་། མར་མེ་ནི་རྣམ་ཤེས། བུམ་པའི་ཁ་དང་མཆུ་ལས་སོགས་ལས་མར་མེའི་འོད་གསལ་བ་བཞིན། སྙིང་གི་དཀྱིལ་དུ་སེམས་ཀྱི་འོད་དབང་པོའི་སྒོ་ལྔ་ལ་ཤར་བའོ།།

     ད་དྲུག་པ་རྒྱལ་པོ་བཙོན་འཛིན་ནི། ཡུལ་ཁམས་གཅིག་ཏུ་རྒྱལ་པོ་གཉིས་ཡོད་པ་ལ། ནང་བློ་གསུམ་ཕྱི་བློན་ལྔ། དར་འཛིན་དྲུག་ཅུ་རྩ་གཅིག དམག་མི་བརྒྱད་ཁྲི་བཞི་སྟོང་རེ་མཉམ་པོར་ཡོད། དེར་རྒྱལ་པོ་དེ་གཉིས་དུས་རྒྱུན་དུ་འཁྲུགས་པ་ལ། རྒྱལ་པོ་བཟང་པོས་རྒྱལ་པོ་ངན་པ་དེ་དུས་ནམ་ཡང་མ་ཐུབ་པས། བློན་པོ་ཞིག་ན་རེ་ད་ལན་འཕྲང་དོག་པ་གཅིག་ཏུ་སྒུགས་ལ། ཁོའི་དམག་གི་སྔོན་ལ་འོང་བ་དེ། རྒྱལ་པོ་རང་ཡིན་པས། ངེད་རང་གིས་ཀྱང་རྒྱལ་པོ་མ་འཆུགས་པར་རྒྱལ་པོ་ཙིར་གྱིས་ཟིན་དགོས། དེ་བཞིན་བློན་པོ་གསུམ་དང་ལྔ་དང་། དར་འཛིན་དྲུག་ཅུ་དང་། དམག་མི་བརྒྱད་ཁྲི་བཞི་སྟོང་རང་རང་གི་སོ་སོ་ནས་ཟུངས་དང་། ད་ལན་ངེད་རང་གི་ཐུབ་པ་ཡིན་ཟེར་ནས། དེ་ལྟར་བྱས་པས། རྒྱལ་པོ་ངན་པའི་རྒྱལ་བློན་དམག་མི་མི་སྡེ་དང་བཅས་པ་རང་གི་སྲིད་དུ་གྱུར་ནས། ཡུལ་ཕྱོགས་དེར་དགྲ་མི་ལྡང་བ་ནི་དཔེའོ།།

     དེ་ལ་རྒྱལ་པོ་གཉིས་ནི་རིག་པའི་ཡེ་ཤེས་དང་མ་རིག་པ་གཉིས་སོ། བློན་པོ་གསུམ་སྐུ་གསུམ་དང་དུག་གསུམ། བློན་པོ་ལྔ་ནི་ཡེ་ཤེས་ལྔ་དང་དུག་ལྔ། དར་འཛིན་དྲུག་ཅུ་རྩ་གཅིག་ནི། ཡེ་ཤེས་དྲུག་ཅུ་རྩ་གཅིག་དང་ཉོན་མོངས་དྲུག་ཅུ་རྩ་གཅིག་ལ། དམག་མི་བརྒྱད་ཁྲི་བཞི་སྟོང་ནི། ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་དང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡིན། དེ་ཡང་མ་རིག་པའི་རྣམ་པར་རྟོག་པའི་རྒྱལ་པོ་དེ་རང་རིག་པའི་རྒྱལ་པོས་ཟིན་ནས། ཉོན་མོང་པའི་དམག་ཚོགས་རང་ཞི་ལ་འགྲོ་ནས། ཡུལ་ཕྱོགས་དེར་འགྲོ་ན་དགྲ་མེད་པ་དང་འདྲའོ། དཔེ་དོན་མཚོན་བྱེད་གཏམ་རྒྱུད་རྫོགས་སོ།། དཔེ་དོན་རྟགས་གསུམ་ལ་སྦྱར་ནས་དོན་གཅིག་ཆོད་དུ་ཉམས་སུ་བླངས་དགོས་པ་ལགས་སོ། །དགེའོ། །

                                                                              ༼ཨ་ཁྲིད་ནས་ཁྱུང་ཐོག་རྒོད་ཀྱིས་ཟུར་དུ་ཕྱུངས་སོ།།༽

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།