བསང་གི་དག་གཙང་སྔོན་འགྲོའི་རིམ་པ།

0
673
ཐུགས་སྤྲུལ་བོན་རི་ཆེན་པོ།

བསང་གི་དག་གཙང་སྔོན་འགྲོའི་རིམ་པ་རྣམས་བཞུགས།

རྩོམ་པ་པོ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན།

༄༅། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།  ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ལ།  དག་པར་མ་གྱུར་གང་ཡང་མེད།  དག་གྱུར་ལྷ་ལ་ཕྱག་འཚལ་ལོ། འོན་ཀྱང་སེམས་ཅན་འཁྲུལ་དབང་གིས།  ལྷ་མིའི་སྤྱོད་ཚངས་མ་དག་ཅེས།  གཙང་མར་ཚན་གྱིས་དག་པར་བྱེད།   དེ་ཡང་དང་པོ་ཁྲུས་ཀྱིས་བཀྲུས་ལ་འདི་སྐད་དོ།  ཨཱོྃ་ཁྲོ་རྒྱལ་ཆེན་པོའི་སྐུ་མཆོག་གིས། སྐྱོན་གྱི་གངས་རི་རྩེ་བཅོམ་ནས།  དག་ཅིང་གཙང་མར་བཤམས་པ་ཡི།  བག་ཆགས་སྒྲིབ་སེལ་ཚན་ཆབ་འདིས།  སྟེང་གི་ལྷ་ཡང་གཙང་བར་བྱ།  འོག་གི་ཀླུ་ཡང་གཙང་བར་བྱ། བར་གྱི་གཉན་ཡང་གཙང་བར་བྱ།  གདན་ཁྲི་རྣམས་ཀྱང་གཙང་བར་བྱ།  ཆས་གོས་རྣམས་ཀྱང་གཙང་བར་བྱ།  ཡོ་བྱད་རྫས་རྣམས་ཀུན་ཀྱང་གཙང་གྱུར་ཅིག།  ཨཱོྃ་ཤུདྷོ་ཀུ་ཤུདྷོ་གཙང་སལེ་སངེ་ཡེ་སྭཧཱ།  ཞེས་ཁྲུས་གསོལ།   དེ་ནས་སྤོས་བསང་ནི།  ཨཱོྃ་ཁྲོ་རྒྱལ་ཆེན་པོའི་སྐུ་མཆོག་གིས།  རི་རྒྱལ་རྩེ་ལ་ནགས་ཚལ་བཅུད།  དག་ཅིང་གཙང་མར་བཤམས་པ་ཡི། དྲི་ཞིམ་ངད་ལྡན་ཡིད་འོང་སྤོས།  སྟེང་གི་ལྷ་ཡང་བསང་བར་བྱ།  འོག་གི་ཀླུ་ཡང་བསང་བར་བྱ།  བར་གྱི་གཉན་ཡང་བསང་བར་བྱ།  གདན་ཁྲི་རྣམས་ཀྱང་བསང་བར་བྱ།  ཆས་གོས་རྣམས་ཀྱང་བསང་བར་བྱ།  ཡོ་བྱད་རྫས་རྣམས་ཀུན་ཀྱང་བསང་གྱུར་ཅིག། ཨཱོྃ་ཞིམ་ཞིམ་གྲམ་གྲམ་བུན་ནེ་ཐིམ་ཐིམ་ཡེ་སྭཧཱ།  ཅེས་སྤོས་ཀྱིས་བསང་ངོ་།  དེ་ནས་མཚམས་བཅད་པ་ནི།ཨཱོྃ་བདག་གི་ཏིང་འཛིན་སྟོབས་དང་ནི།  དེ་བཞིན་ཉིད་ཀྱི་སྟོབས་མཆོག་གིས།  ཉུངས་དཀར་རྒྱལ་པོ་འདི་དག་ཀྱང་།  ཁྲོ་བོའི་མཆོག་སྟེ་བགེགས་ལ་དཔའ།  གསེར་གྱི་མདོག་སྟེ་སྔགས་ཀྱི་མདའ།  འདི་དག་སྔགས་ཏེ་བྲིམས་པ་ཡིས།  གལ་ཏེ་གནོད་པའི་བགེགས་ཡོད་ན།  བགེགས་རྣམས་ཀུན་ཀྱང་ཞི་ཞིང་བརླག་པར་བྱའོ། བསྭོ་ཨཱོྃ་ཉེ་ལོ་ཡོ་རུ་རུ་སྤུ་རུ་སྤུ་རུ་ཛྭ་ལ་ཛྭ་ལ་ཏི་སྟ་ཡ་མན་ཐོར་ཙེ་པྲ་མོ་ཧ།  བདག་གཞན་གྱི་དགེ་བ་བཅུ་ལ་བར་དུ་གཅོད་ཅིང་མི་དགེ་བ་བཅུ་ཡི་སྡོང་གྲོགས་བྱེད་པའི་ཞི་བ་བསང་མཆོད་མེ་ཐབ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པ་ཅན་རྣམས་མཚམས་ཆོད་ཅིག།  ཅེས་ཉུངས་དཀར་བྲིམ་མོ།  དེ་ནས་མཁྱེན་པ་གསོལ་ཏེ། ཨཱོྃ་གཤེན་རབ་བླ་མ་མ་རིག་མུན་སེལ་སྒྲོན།  ཐུགས་རྗེའི་མངའ་བདག་ཡེ་ཤེས་འདུ་འབྲལ་མེད།  དཔོན་གསས་བླ་མ་བདག་ལ་དགོངས་སུ་གསོལ། ཨ་ཨཱོྃ་ཧཱུྃ་། བདག་ནི་སྟོང་ཁམས་སྲིད་གསུམ་འཇིག་རྟེན་གྱི།  སྙན་གྲགས་འདི་སྤྱོད་འདི་སྒྲུབ་མ་ལགས་ཏེ།  རིག་པ་རྟུལ་ཤུགས་ཐུགས་རྗེ་ཚད་མེད་ཀྱི།  ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། བྱང་ཆུབ་མཆོག་སེམས་བདག་གིས་བསྐྱེད་པར་བགྱི།  འདི་ནས་གཡུང་དྲུང་སྙིང་པོར་མཆིས་ཀྱི་བར།  འགྲོ་བའི་དོན་དུ་སེམས་མཆོག་བསྐྱེད་པར་བགྱིའོ།། ཨ་ཨཱོྃ་ཧཱུྃ།   དེ་ནས་སྐྱབས་སུ་འགྲོ་བ་ནི།  གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ།  དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན།  སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན། ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན།  གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ།། ཨ་ཨཱོྃ་ཧཱུྃ།  དེ་ནས་སྡིག་པ་བཤགས་པ་ནི།  ན་མོ་སྲིད་པ་ཆགས་ནས་དུས་འདིར་བར་དུ་ནི།  སྐུ་དང་ཡེ་ཤེས་དམ་དང་ཚིག་མནོས་ནས།  དེ་ལྟར་མ་རྟོགས་ཉམས་སྒྲིབ་སྐྱོན་གྱིས་གོས།  ཞི་ཁྲོ་རྫུ་འཕྲུལ་ལྷ་ཡི་དཀྱིལ་འཁོར་དུ་།  ཉམས་དྲན་གནོང་འགྱོད་སེམས་དང་གདུང་ཚིག་གིས།  དམ་ཉམས་ཀུན་དང་དུས་དང་གནས་གཅིག་ཅིང་།  ཉམས་དང་ཚོགས་འདྲེས་ཉམས་པ་སྐོང་ལ་སོགས།  ཉམས་ཀྱི་ཟས་ཟོས་ཉམས་ཀྱི་ཆུ་འཐུང་པ། སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ལ་མཐོལ་ལོ་བཤགས།  མཐོལ་བཤགས་ཕུལ་ནས་ཚངས་པ་བསྩལ་དུ་གསོལ།  ཨ་ཨཱོྃ་ཧཱུྃ།  ཅེས་བརྗོད་ལ།  དེ་ནས་མེ་ལྷ་བསྐྱེད་པ་ནི།   ཨ་ཨཱོྃ་ཧཱུྃ།  ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ་།  ཅེས་པས།  ཨ་བདག་ཉིད་སྐུ་གསུང་ཐུགས་ཀྱི་མེ་ལྷ་རུ་གསལ་བའི་ཐུགས་ཀ་ནས།  ཨ་ཡཾ་ར་ཾམཾ་ཁཾ་བྲུཾ་།  དེ་རྣམས་མེ་ཐབ་ཀྱི་ཞབས་སུ་འཕྲོས་ཏེ།  འོད་དུ་ཞུ་བ་ལས་ཕོ་བྲང་འབར་བ་མེ་ཡི་གཞལ་ཡས་ཁང་།  ཕྱི་ལྟར་ན་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་དབྱིབས།  ནང་ལྟར་ན་འབར་བ་མེ་ཡི་ཕོ་བྲང་།  ཉམས་དགའ་བ་ཡིད་དུ་འོང་བ། རྒྱ་ཆེ་ལ་དཔངས་མཐོ་བ།  དེའི་དབུས་སུ་མེ་ལྷ་རྒྱུན་གྱི་ལྷ་ཚོགས།  ཤར་དུ་ཞི་བའི་ལྷ་ཚོགས།  བྱང་དུ་རྒྱས་པའི་ལྷ་ཚོགས།  ནུབ་ཏུ་དབང་གི་ལྷ་ཚོགས།  ལྷོ་རུ་དྲག་པོའི་ལྷ་ཚོགས།  དེའི་ཕྱི་རིམ་དུ་བོན་སྐྱོང་དཔལ་མགོན་ནོར་ལྷ་སྡེ་བརྒྱད་རིགས་དྲུག་དང་བཅས་པ་རྣམས་ཀྱིས་བསྐོར་བ། དེ་དག་གི་ཐུགས་ལས་འོད་ཟེར་ཡར་འཕྲོས་དབྱིངས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས།  བསྐྱེད་པའི་ལྷ་ཚོགས་རྣམས་ལ་ཐིམ་པས།  གཉིས་མེད་ལས་ཀྱི་སེམས་དཔར་གྱུར་ནས་འགྲོ་དོན་རྒྱ་ལག་ཕྱད་པར་གྱུར།  ཡང་བདག་གི་ཐུགས་ལས་ར་ཾཡཾ་མཾ་གསུམ་འཕྲོས་ནས་མཆོད་རྫས་དང་སྲེག་རྫས་རྣམས་ལ་ཕོག་སྟེ་འོད་དུ་ཞུ་བ་ལས།  ཕྱི་ལྟར་ན་གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར།  ནང་ལྟར་ན་མཆོད་འབུལ་གྱི་ལྷ་མོ། གསང་བ་ལྟར་ན་རྟོག་མེད་ཡེ་ཤེས་ཀྱི་མཆོད་པ་རྒྱ་ཆེན་པོ་རུ་གྱུར་ནས།  བསྐྱེད་པའི་ལྷ་ཚོགས་རྣམས་ལ་ཕུལ་བས།  སྐུ་གསུང་ཐུགས་མཉེས་རབ་ཀྱི་མཆོག་དགྱེས་རབ་ཀྱི་ཕུལ་དམ་པ་དང་ལྡན་པར་གྱུར་ཅིག།  ཅེས་མེ་ལྷ་རྒྱུན་གྱི་མངོན་རྟོགས་ཉུང་འདུས་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ།  དེ་ནས་ཁ་སྐོང་ཏེ། ཨ་ཨཱོྃ་ཧཱུྃ།ལན་གསུམ་བརྗོད།  རྨད་བྱུང་མཆོད་པའི་ལོངས་སྤྱོད།  མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བའི་གནས་སུ་གྱུར་པ་ནི།  ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་ན།  བོན་སྐུ་སྐྱེ་བ་མེད་པ།  རྫོགས་སྐུ་མཚན་དང་ལྡན་པ།  སྤྲུལ་སྐུ་འགྲོ་དོན་མཛད་པ།  ཞི་བ་ལྷུན་གྱིས་གྲུབ་པ།  རྒྱས་པ་མཐའ་རུ་ཕྱིན་པ།  ཁྲོ་བོ་རྨད་དུ་བྱུང་བ།  དྲག་པོ་དགྲ་བགེགས་སྒྲོལ་བ།  ཕོ་ཉ་ལས་ལ་མྱུར་བ།  མ་སྲིང་མཐུ་རྩལ་ཆེ་བ།  སྐུ་གསུམ་རྫོགས་པའི་སངས་རྒྱས།  དུས་གསུམ་བདེ་བར་གཤེགས་པ།  ས་བཅུའི་གཡུང་དྲུང་སེམས་དཔའ།  བརྒྱུད་ལྡན་གྱི་བླ་མ་དམ་པ།  གནས་གསུམ་མ་སྲིང་མཁའ་འགྲོ།  རྟེན་གསུམ་མ་རིག་མུན་སེལ།  སྲིད་གསུམ་ཕྱོགས་བཅུའི་གཤེན་རབ་འཁོར་དང་བཅས་པ་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས།  ཐུགས་དམ་གཉན་པོའ་ིརྒྱུད་ཡོངས་སུ་བསྐང་ངོ་།  ཁྱད་པར་དུ་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ལ་སོགས། རྣམ་དག་སྲས་ཡུམ་གྱི་ལྷ་ཚོགས།  བདེར་གཤེགས་གཙོ་བཞི་ལ་སོགས།  གཡུང་དྲུང་ཀློང་རྒྱས་ཀྱི་ལྷ་ཚོགས།  སྐུ་གསུམ་མེ་ལྷ་ལ་སོགས།  སྦྱིན་སྲེག་རྒྱུན་གྱི་ལྷ་ཚོགས།  ཀུན་ཏུ་བཟང་པོ་ལ་སོགས།  བདེར་གཤེགས་ཞི་བའི་ལྷ་ཚོགས།  ཀུན་སྣང་ཁྱབ་པ་ལ་སོགས།  ངོ་མཚར་རྒྱས་པའི་ལྷ་ཚོགས།  གཙོ་མཆོག་མཁའ་འགྱིང་ལ་སོགས།  བྱིན་རླབས་དབང་གི་ལྷ་ཚོགས།  དབལ་གསས་རྔམ་པ་ལ་སོགས།  མཐུ་སྟོབས་དྲག་པོའི་ལྷ་ཚོགས།  འབྲུག་གསས་ཆེམ་པ་ལ་སོགས།  སྒྲོལ་བྱེད་ཕུར་པའི་ལྷ་ཚོགས། མགོན་པོ་རྣམ་གསུམ་ལ་སོགས།  གཙང་མ་ཞང་ཞུང་གི་ལྷ་ཚོགས།  གསང་མཆོག་མཐར་ཐུག་ལ་སོགས།  མ་རྒྱུད་མཁའ་འགྲོའི་ལྷ་ཚོགས།  ཆེ་མཆོག་མཁའ་འགྱིང་ལ་སོགས།  ཁྲག་འཐུང་རོལ་པའི་ལྷ་ཚོགས།  གཡུ་འབྲང་ཕྱུག་མོ་ལ་སོགས།  བདུད་རྩི་སྨན་གྱི་ལྷ་ཚོགས། རགྴ་དབུ་འབུམ་ལ་སོགས།  ཁྲོ་བོ་སྤྱི་འདུལ་གྱི་ལྷ་ཚོགས།  སྟག་ལ་མེ་འབར་ལ་སོགས།སྤུ་གྲི་དམར་ནག་གི་ལྷ་ཚོགས།  འཆི་མེད་གཙུག་ཕུད་ལ་སོགས།  གཡུང་དྲུང་ཚེ་ཡི་ལྷ་ཚོགས།  ཁོད་སྤུངས་དྲན་པ་ལ་སོགས།  དཔོན་གསས་རིག་འཛིན་གྱི་ལྷ་ཚོགས།  བསྐལ་པ་བཟང་མོ་ལ་སོགས།  མ་སྲིང་མཁའ་འགྲོའི་ལྷ་ཚོགས།  ཚེ་དབང་རིག་འཛིན་ལ་སོགས། དཔའ་བོ་ཕོ་རྒྱུད་ཀྱི་ལྷ་ཚོགས།  ཐུགས་རྗེ་ཀུན་གྲོལ་ལ་སོགས།  དཔའ་མོ་རྒོད་ལྕམ་གྱི་ལྷ་ཚོགས།  སྲིད་པའི་རྒྱལ་མོ་ལ་སོགས།  བཀའ་སྲུང་བོན་སྐྱོང་གི་ལྷ་ཚོགས།  མཁྱེན་བརྩེའི་སྟོབས་དང་ལྡན་པ།  འགྲོ་འདུལ་ཐབས་ལ་མཁས་པ།  གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས།  ཐུགས་དམ་གཉན་པོའི་རྒྱུད་ཡོངས་སུ་བསྐང་ངོ་།  གཞན་ཡང་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི།  མ་མཆོག་སྲིད་པའི་རྒྱལ་མོ།  དམ་ཅན་གནམ་ཕྱི་མཆེད་གསུམ།  སྲིད་པའི་རྒྱལ་མོ་སྡེ་དྲུག།  བཀའ་ཡི་བྱ་ར་མ་གསུམ།  དྲེའུ་དམར་ནག་གི་ལྷ་ཚོགས།  དམ་ཅན་ཡུམ་སྲས་སྡེ་ལྔ།  མ་སྒྲ་བླའི་རྒྱལ་མོ་སྟག་རི་རོང་།  བྱང་སྨན་རྒྱལ་མོ་ཀུ་མ་ར།  གསང་ཡུམ་ཀླུ་མོ་འོད་འབར་མ་ལ་སོགས་དམ་ཅན་མོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས། ཐུགས་དམ་གཉན་པོའ་ིརྒྱུད་ཡོངས་སུ་བསྐང་ངོ་།  གཞན་ཡང་མི་བདུད་འབྱམས་པ་ཁྲག་མགོ།  བདུད་བཙན་དྲ་བ་དམར་ནག།  བཙན་རྒོད་ཧུར་པ་གསོད་རྐྱེན།  བྲག་བཙན་ཨ་བསེ་རྒྱལ་བ།  བསྟན་སྲུང་རྨ་གཉན་པོམ་ར།  དམག་དཔོན་རྒྱལ་པོ་ཡང་ནེ་ཝེར།  གནོད་སྦྱིན་ནོར་བདག་ཀུ་བཱཻ་ར།  རྒྱལ་པོ་ཆེན་པོ་ཉི་པང་སད། གྲོགས་མཆོག་ཆེན་པོ་རྒྱལ་བ་འབར།  རྒྱལ་པོ་ཆེན་པོ་ཤེལ་ཁྲབ་ཅན།  རྒྱལ་ཆེན་ནོར་ལྷ་གྲགས་སེང་ལ་སོགས་དམ་ཅན་ཕོ་རྒྱུད་སྲུང་མའི་སྡེ་ཚོགས་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས།  ཐུགས་དམ་གཉན་པོའ་ིརྒྱུད་ཡོངས་སུ་བསྐང་ངོ་།།  གཞན་ཡང་འཇིག་རྟེན་གྱི་དཔལ་མགོན་བདུན་ཅུ་རྩ་གཉིས།  བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད།  བོད་ཀྱི་མགུར་ལྷ་བཅུ་གསུམ།  འཇིག་རྟེན་གྱི་བརྟན་མ་བཅུ་གཉིས།  རྨ་རིགས་སུམ་བརྒྱ་དྲུག་ཅུ་། སྨན་ཕྲན་དགུ་ཁྲི་དགུ་འབུམ།  ཡུལ་རི་འདི་ཡི་གཞི་བདག།  དབེན་རི་འདི་ཡི་སྲུང་མ་རྣམས་ལ་མི་ཟད་རྒྱན་གྱི་བསང་མཆོད་འདི་ཕུལ་བས།  ཐུགས་དམ་གཉན་པོའ་ིརྒྱུད་ཡོངས་སུ་བསྐངས་ནས་ལས་སྤྱོད་དཀར་པོ་དགེ་བའི་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། གཞན་ཡང་ཁམས་གསུམ་གྱི་སྐྱེ་བ་གནས་བཞི།  ལམ་རྒྱུད་ལྔ།  འགྲོ་བ་རིགས་དྲུག།  རྟེན་མེད་ཡིད་འཕྱོ་བའི་གནས་སུ་བདུད་རྩི་ཆར་བཞིན་དུ་འབེབས་པར་གྱུར་ཅིག།  དེ་ལྟར་སྲིད་ཞུའི་མགྲོན་དང་།  ཡོན་ཏན་གྱི་མགྲོན་དང་།  ལན་ཆགས་ཀྱི་མགྲོན་དང་།  སྙིང་རྗེའི་མགྲོན་རྣམས་ལ་བླ་མེད་མཆོད་སྤྲིན་རྒྱ་ཆེན་པོ་འདི་ཕུལ་བས།  རྒྱལ་བ་རྣམས་མཆོད་པས་མཉེས་པར་གྱུར་ཅིག།  དམ་ཅན་ཐུགས་དམ་བསྐང་བར་གྱུར་ཅིག།  ལྷ་སྲིན་གདུག་རྩུབ་ཞི་བར་གྱུར་ཅིག།  རིགས་དྲུག་སྦྱིན་པས་ཚིམས་པར་གྱུར་ཅིག།  དེ་ལྟར་གྱུར་ནས་ཀྱང་། འཕྲིན་ལས་དམ་པ་གསོལ་བ་ནི།  སྒྲུབ་གཤེན་བདག་ཅག་འཁོར་དང་བཅས་པ་རྣམས་ལ། འཕྲལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་ཕུན་སུམ་འཚོགས་པ་དང་།  བསམ་དོན་སྨོན་ལམ་འགྲུབ་པ་དང་།  སྡང་དགྲ་གནོད་བགེགས་བརླག་པ་དང་།  སངས་རྒྱས་ཀྱི་བསྟན་པ་དར་བ་དང་།  སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་འཚོགས་པར་མཛད་དུ་གསོལ།  གཞན་ཡང་ཡས་ཀྱི་བདུད་གཡོས་པ་དང་།  མས་ནས་སྲི་ལངས་བ་དང་། བྱེ་བོའི་བཙན་འགྲོལ་བ།  ཐད་ནས་དམུ་གཡོས་པ་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་མཁའ་ལ་ཟློག་པར་མཛད་དུ་གསོལ།  དབྱིངས་སུ་ཞི་བར་མཛད་དུ་གསོལ།  ཀློང་དུ་མཉམ་པར་མཛད་དུ་གསོལ།  གལ་ཏེ་ཞི་ཞིང་མཉམ་པར་མ་གྱུར་ན།  རྟེན་ལ་འགུགས་པ་དང་།  ཤུགས་ཀྱིས་བསྒྲལ་བ་དང་།  སྟོབས་ཀྱིས་མནན་པ་དང་།  དབྱིངས་སུ་གཟེར་བར་མཛད་དུ་གསོལ་ལོ།  ཅེས་པ་འདི་ནི་དམ་ཉམས་ལོག་ལྟ་བསྒྲལ་བའི་ཕྱིར་དུ་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་དཔལ་གཤེན་བསྟན་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ།

      ཐུགས་དམ་རྒྱུད་བསྐུལ་བཞུགས།  མན་ངག་བྱིན་རླབས་དངོས་གྲུབ་ཀུན་འབྱུང་བའི།  བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ།  སྒོ་གསུམ་གུས་པས་འདུད་དེ་ཕྱག་འཚལ་ལོ།  ན་མོ་སྔོན་དང་སྔོན་གྱི་དུས་ཙམ་ན།  འཕྲུལ་གཤེན་སྣང་ལྡན་བཟང་ཟ་རིང་བཙུན་དང་།  འཆི་མེད་གཙུག་ཕུད་གསང་བ་འདུས་པ་ཡིས།  གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ།  ཞི་བ་བསང་གི་ཕུད་བཤམས་ནས།  བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་།  རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས།  ཐུགས་དམ་ཅི་ལྟར་བསྐངས་བ་བཞིན།  དོ་ནུབ་གནས་འདིར་ཐུགས་དམ་བསྐང་། མ་འདའ་བཅོལ་པའི་འཕྲིན་ལས་མཛོད།  སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ།  གཤེན་དེ་ཡི་ཐུགས་དམ་རྒྱུད་འཛིན་པ།  སྟག་ལ་མེ་འབར་ཡོངས་སུ་དག་པ་དང་།  མི་ལུས་བསམ་ལེགས་ཡེ་ཤེས་སྙིང་པོ་དང་།  སྣང་བ་མདོག་ཅན་མུ་ཁྲི་བཙན་པོ་དང་།  ཧ་ར་ཅི་པར་སྟག་ཝེར་ལི་ཝེར་དང་།  ཨ་ནུ་ཕྲག་ཐག་སད་ནེ་གའུ་དང་།  ཐ་མི་ཐད་ཀེ་ཤད་པུ་ར་ཁུག་དང་།  ཟིང་པ་མཐུ་ཆེན་སྤེ་བོན་ཐོག་འཕྲུལ་དང་།  སྤེ་བོན་ཐོག་རྩེ་སྟོང་རྒྱུང་མཐུ་ཆེན་དང་།  རྔམ་པ་ལྕེ་རིང་ཤ་རི་དབུ་ཆེན་དང་།  གྱིམ་ཚ་རྨ་ཆུང་ལྕེ་ཚ་མཁར་བུ་དང་།  ཧྲིས་པ་གྱེར་མེད་དམུ་ཚ་གྱེར་མེད་དང་།  ཁོད་སྤུངས་དྲན་པ་ནམ་མཁའ་ཡིས།  རང་རང་བཞུགས་པའི་སྒྲུབ་གནས་སུ་།  ཞི་བ་བསང་གི་ཕུད་བཤམས་ནས།  བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་།  རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས།  ཐུགས་དམ་ཅི་ལྟར་བསྐངས་བ་བཞིན།  དོ་ནུབ་གནས་འདིར་ཐུགས་དམ་བསྐང་།  མ་འདའ་བཅོལ་པའི་འཕྲིན་ལས་མཛོད།  སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། གཤེན་དེའི་ཐུགས་དམ་རྒྱུད་འཛིན་པ།  གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་དང་།  བྲུ་ཆེན་ཡབ་སྲས་བྲུ་རྗེ་ཁུ་དབོན་དང་།  མེ་གཉོས་རྣམ་གཉིས་འགྲོ་མགོན་ཁུ་དབོན་དང་།  འདུལ་བ་རྒྱལ་བ་ནམ་འོད་བསོད་རྒྱལ་དང་།  བསོད་བློ་ནམ་བསོད་ཚེ་དབང་ནམ་རིན་དང་།  རྣམ་རྒྱལ་ཀ་ར་མཁས་གྲུབ་རིན་བློ་དང་།  ཤེས་རབ་རྒྱལ་མཚན་རིན་ཆེན་རྒྱལ་མཚན་དང་།  ནམ་མཁའ་ཡེ་ཤེས་ཀུན་བཟང་རྒྱལ་མཚན་དང་།  རིན་ཆེན་རྒྱལ་མཚན་ཚུལ་ཁྲིམས་རྒྱལ་མཚན་དང་། བསོད་ནམས་ཡེ་ཤེས་བསོད་ནམས་གཡུང་དྲུང་དང་།  ཤེ་ཙུ་དྲུང་མུ་ཤེས་རབ་འོད་ཟེར་དང་།  གཡུང་དྲུང་རྒྱལ་མཚན་ཤེས་རབ་བློ་གྲོས་དང་།  ཤེས་རབ་འོད་ཟེར་གཙུག་ཕུད་འོད་ཟེར་དང་།  གཡུང་དྲུང་ཚུལ་ཁྲིམས་རིན་ཆེན་འོད་ཟེར་དང་།  རིན་ཆེན་ལྷུན་གྲུབ་ཤེས་རབ་བསྟན་འཛིན་དང་།  ཤེས་རབ་དབང་རྒྱལ་གཡུང་དྲུང་དབང་རྒྱལ་དང་།  ཕུན་ཚོགས་རྣམ་རྒྱལ་བསོད་ནམས་བློ་གྲོས་དང་།  ཉི་མ་བསྟན་འཛིན་ཟླ་བ་རྒྱལ་མཚན་དང་། བསོད་ནམས་ཕུན་ཚོགས་ཤེས་རབ་གཡུང་དྲུང་དང་།  སངས་རྒྱས་བསྟན་འཛིན་བསྟན་འཛིན་ཚུལ་ཁྲིམས་དང་།  ཕུན་ཚོགས་བློ་གྲོས་རྒྱལ་བ་བློ་གྲོས་དང་།  བསྟན་པ་བློ་གྲོས་ཉི་མ་དབང་རྒྱལ་དང་།  ཤེས་རབ་བློ་གྲོས་བསྟན་པའི་ཉི་མ་སོགས།  རྩ་བའི་བླ་མ་རྗེས་འཇུག་གཤེན་རྣམས་ཀྱིས།  རང་རང་བཞུཌ་པའི་སྒྲུབ་གནས་སུ་།  ཞི་བ་བསང་གི་ཕུད་བཤམས་ནས།  བདེར་གཤེགས་ཞི་ཁྲོའི་ལྷ་ཚོགས་དང་།  རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས།  ཐུགས་དམ་ཅི་ལྟར་བསྐངས་བ་བཞིན།  དོ་ནུབ་གནས་འདིར་ཐུགས་དམ་བསྐང་། མ་འདའ་བཅོལ་པའི་འཕྲིན་ལས་མཛོད་།    སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ།  དེ་ནས་ཁྱད་པར་བསྐང་བ་ནི།  ཨཱོྃ་བདེར་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་།  རྒྱས་པའི་ལྷ་ཚོགས་ཐུགས་དམ་བསྐང་།  དབང་གི་ལྷ་ཚོགས་ཐུགས་དམ་བསྐང་།  དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་།  ཡེ་ཤེས་ཁྲོ་ཚོགས་ཐུགས་དམ་བསྐང་།  དབལ་མོའི་མ་ཚོགས་ཐུགས་དམ་བསྐང་། གྱད་དམག་རྒྱལ་ཆེན་ཐུགས་དམ་བསྐང་།  གཏེར་བདག་བོན་སྐྱོང་ཐུགས་དམ་བསྐང་།  ཕོ་ཉ་ལས་མཁན་ཐུགས་དམ་བསྐང་།  འཇིག་རྟེན་སྨན་བཙུན་ཐུགས་དམ་བསྐང་།  ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་།  ཡུལ་ས་གཞི་བདག་ཐུགས་དམ་བསྐང་།  འགྲོ་བ་རིགས་དྲུག་ཐུགས་དམ་བསྐང་།  ནམ་མཁའ་ལྷབ་ལྷུབ་རྒྱན་གྱིས་ཐུགས་དམ་བསྐང་།  བར་སྣང་སྙན་པ་སྒྲ་ཡིས་ཐུགས་དམ་བསྐང་།  ས་གཞི་ཞི་བ་བསང་གིས་ཐུགས་དམ་བསྐང་།  ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས།  བདག་ཅག་གཤེན་གྲོགས་མཆེད་ལྕམ་གྱི།  རྐྱེན་དང་བར་ཆོད་ཞི་བར་མཛོད།  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།  ཅེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་མཁར་སྣ་དཔལ་གྱི་དགོན་དུ་སྦྱར་བ་དགེ་ལེགས་འཕེལ།  

                                                                        ༼ཁྱུང་ཁྲི་ལྡེ་ནས་མཐུན་སྦྱོར་ཞུས།༽

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།