བལ་ཡུལ་འཕགས་ཤིང་དབུ་རྩེའི་མཆོད་རྟེན་ཆེན་མོའི་ལོ་རྒྱུས་གནད་བསྡུས།

0
7571
བློ་ལྡན་ཟུར་བྱང་ལས། བལ་ཡུལ་འཕགས་པ་ཤིན་ཀུན་ལ།། འཇའ་ཚོན་སྣ་ལྔའི་གདུགས་ཕུལ་ན།། ཕྱི་མ་སྐྱེ་གནས་ངན་པ་ཁེགས།། དེ་དག་གནས་ཀྱི་རྒྱལ་པོ་སྟེ།། དད་མོས་བསྒོམ་བསྒྲུབ་བརྩོན་པར་བགྱིས།། ཞེས་སོ། །

     རྩོམ་པ་པོ། ཁྱུང་ཁྲི་ལྡེ།

    བལ་ཡུལ་གནས་ཆེན་འཕགས་པ་ཤིན་ཀུན་གྱི་དབུ་རྩེའི་མཆོད་རྟེན་ནི་བལ་ཡུལ་རྒྱལ་ས་ཀ་ཋ་མན་ཊུའི་བྱང་ནུབ་ཕྱོགས་རི་དིའུ་འབུར་ཆེན་པོ། སྒྲོན་ཤིང་སོགས་ཤིང་སྣ་དུ་མས་བརྒྱན་པའི་རི་ངོ་མཚར་ཅན་དེ་ཡི་རྩེ་ན་ཡོད།    བལ་ཡུལ་མཆོད་རྟེན་རྣམ་གསུམ་ཞེས་ཡོངས་སུ་གྲགས་པའི་ནང་གི་གཅིག་འཕགས་ཤིང་མཆོད་རྟེན་ཆེན་པོ་དེ་ངོས་འཛིན་གྱི་འདུག    བལ་པོ་བ་རྣམས་ཀྱིས་རི་དེ་ལ་བསེ་འབོག་ཅེས་འབོད་ཀྱི་འདུག་ལ། གནས་རི་དེ་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཡི་ལྷོ་ཤར་ཕྱོགས་སུ་ཁེལ་ཡོད་ལ།  དགོན་པ་ནས་རྟག་དུ་མཐོང་གི་ཡོད་པ་མ་ཟད་གོམ་པ་བརྒྱབ་ནས་སོང་ན་སྐར་མ་བཅོ་ལྔ་ཙམ་ལ་བསླེབ་ཐུབ།   གནས་དེ་རུ་འགྲོ་ལམ་ཡང་ཧ་ཅང་སྟབས་བདེ་མོ་ཡོད་པ་མ་ཟད།   ཀ་ཋ་མན་ཊུ་དང་། ལ་ལིས་པུར།   བྱ་རུང་ཁ་ཤོར་བཅས་གང་ནས་སོང་ན་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཟུར་ཁེལ་ཡོད།  དབུ་རྩེ་འགྲོ་དུས་ལྷོ་ཤར་གྱི་ཕྱོགས་བྷུད་དྷ་ཅོག་ནས་དབུ་རྩེའི་ཟུར་བར་རླངས་འཁོར་འགྲོ་ས་ཡོད་རེད་ལ།   གཞན་ཤར་ཕྱོགས་ནས་སོང་ན་རི་རྩ་ནས་རྡོ་སྐྲས་ཐེམ་པ་སུམ་བརྒྱ་ཙམ་བརྒལ་ན་དབུ་རྩེ་ལ་བསླེབ་ཀྱི་ཡོད། བྱང་ཕྱོགས་ནས་སོང་ན་དུར་ཁྲོད་ཡོད་ས་ནས་རྐང་ལམ་བརྒྱུད་ནས་འགྲོ་ས་ལམ་ཁ་བདེ་མོ་ཡོད།   ནུབ་ཕྱོགས་ནས་སོང་ན་གཞུང་ལམ་ཟུར་ནས་རྐང་ལམ་བརྒྱུད་འགྲོ་ས་ཡོད།  དབུ་རྩེ་དེ་རུ་སྤྱིར་ནང་པའི་མཆོད་རྟེན་དང་ཧིན་དྷུའི་མཆོད་རྟེན།  དེ་བཞིན་ནང་པའི་ལྷ་ཁང་དང་ཧིན་དྷུའི་ལྷ་ཁང་བཅས་མང་པོ་འདུག དེའི་ནང་ལོ་རྒྱུས་ཡུན་རིང་ཤོས་ནི་ནང་པའི་མཆོད་རྟེན་དེ་ཡིན།  དེ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་མི་ཡུལ་དུ་ཚེ་ལོ་བརྒྱ་པའི་སྟོན་པ་རུ་སྐྱེ་བ་བཞེས་ནས་མཛད་ཆེན་བཅུ་གཉིས་ཀྱི་མཛད་པའི་སྐབས།   རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས་གསལ་བ་ལྟར།  སྟོན་པ་མཆོག་གཤེན་ལོ་བཅུ་དྲུག་སྐབས་བལ་ཡུལ་དུ་ཕེབས་པ་ཡིན།  དེ་དུས་བལ་བོན་ཨ་ཤོ་ཀ་དང་དྷ་ར་གཉིས་ལ་མཆོད་ཡོན་གྱི་འབྲེལ་བ་བྱུང་ནས་མཆོད་རྟེན་བཞེངས་དགོས་པའི་བཀའ་ལུང་བསྩལ།   རྩ་རྒྱུད་ཉི་ཟེར་སྒྲོན་མ་༼སྨན་དགོན་ནས་པར་བའི་དེབ་གཟུགས། ཤོག་གྲངས་༡༣༣ ༽ལས། དེ་ནས་སྟོན་པ་བལ་པོའི་ཡུལ་དུ་བྱོན།  བལ་བོན་ཨ་ཤོན་དང་།   བལ་བོན་ཨ་སུ་ད་ར་ལ་རྒྱས་པ་འབུམ་དང་མཆོད་སྦྱིན་དང་།  རྟ་བོན་ཚང་པའི་བསྟན་པ་བཞག  སྐུ་གདུང་མཆོད་རྟེན་བཞེངས་པའི་ལུང་གནང་།  བལ་པོའི་སྐད་ཀྱང་བོན་ལ་བསྒྱུར།   ཞེས་དང་།  གཡུང་དྲུང་བོན་གྱི་རྒྱུད་འབུམ་༼ དེབ་གཟུགས་སྨན་དགོན་པར་མ་ཤོག་གྲངས་༢༢༧༽ལས།  དེ་ནས་སྟོན་པ་བལ་པོའི་ཡུལ་དུ་བྱོན།  བལ་པོ་ཨ་ཤོད་དང་།   བལ་པོ་ཨུ་སུ་ད་ར་ལ་སྭོགས་པ། རྟ་བོན་ཚངས་པ་ལ་བོན་གྱི་བསྟན་པ་གཞག་པ་ལགས་སོ།  །དེ་དུས་བལ་ཡུལ་དུ་མཆོད་རྟེན་སྐུ་ཚད་བཞེངས་ཏེ།   བལ་པོ་རྣམས་ཀྱིས་མཆོད་པ་ཕུལ་བས།  བལ་པོ་རྣམས་བཀྲ་ཤིས་པས།  མཚན་ཡང་ཤིང་ཀུན་ཞེས་གསོལ་ལོ།  །ཕྱི་རབས་ཀྱི་དུས་སུ་ཡང་བལ་པོའི་ཡུལ་དུ་འཕགས་པ་ཤིང་ཀུན་དེ་ལ་མཆོད་པ་འབུལ་ཞིང་།  བསྟན་པ་རྒྱས་པར་ཡོང་བ་ལགས་སོ།  །ཞེས་གསལ་ཡོད། དེ་དུས་བལ་བོན་ཨ་ཤོ་དང་།   དྷ་ར་གཉིས་ཀྱིས་མཆོད་རྟེན་དེ་བཞེངས་པ་ཡིན།   མཆོད་རྟེན་དེ་ལ་སཾསྐྲྀཏ་སྐད་ལ་སྭ་ཡཾ་བྷུ་ན་ཐ་ཞེས་ཟེར་ལ།   བོད་སྐད་དུ་བསྒྱུར་ན་རང་བྱུང་གཙོ་བོ་ཟེར་བ་ཡིན། འཕགས་ཤིང་ཧིན་དིའི་མཆོད་རྟེན།གཡས་མདུན་གྱི་མཆོད་རྟེན་དེ་ཐོག་གིས་ཐེངས་གཉིས་གཏོར་འདུག་ལ་བསྐྱར་གསོ་ཡང་ཐེངས་གཉིས་བྱས།  ཐོག་གིས་གཏོར་ཐེངས་གཉིས་པ་དེ་བསྐྱར་གསོ་བྱས་ནས་ལོ་གཉིས་ཙམ་འགྲོ་གི་ཡོད་རེད།  ད་ལོ་ཡང་ས་ཡོམ་གྱིས་གཡས་མདུན་གྱི་ཧིན་དྷུའི་མཆོད་རྟེན་ཆེན་པོ་དེར་གཏོར་སྐྱོན་ཚབ་ཆེན་བྱུང་འདུག་པ་མ་ཟད་གཡོན་མདུན་གྱི་མཆོད་རྟེན་དང་གཞན་ཆུང་ཆུང་མང་པོ་ལ་ཡང་གནོད་སྐྱོན་ཕོག་འདུག   ཡིན་ན་ཡང་ནང་པའི་མཆོད་རྟེན་དེ་ལ་སྐྱོན་གང་ཡང་ཤོར་མི་འདུག   མཆོད་རྟེན་དེའི་ཕྱི་རིམ་དུ་ཕྱི་ནང་གཉིས་ཀའི་ལྷ་དང་། མཁའ་འགྲོ་མ་དང་དེ་དག་གི་རྟེན་དང་།   ལྷ་ཁང་བཅས་མང་པོ་ཡོད། མཆོད་རྟེན་ཆེན་པོའི་གཡས་རྒྱབ་གྱི་ཟུར་ན་གསེར་གྱི་ལྷ་ཁང་རྙིང་པ་ཞིག་འདུག  དེ་ནི་ཧར་ཏིས་ལྷ་ཁང་ངམ། ཨ་ཇི་མའི་ལྷ་ཁང་ཡིན་པ་བཤད་ཀྱི་འདུག   ལྷ་དེ་ནི་སྔགས་ཀྱི་སྲུང་མ་དང་། འབྲུམ་བུའི་ནད་སྲུང་བའི་མཁའ་འགྲོ་ཡིན་པ་འདོད་ཅི་འདུག   ང་ཚོའི་དཔེ་གཞུང་ནང་།  མཁའ་འགྲོ་མ་དང་ཡིད་འཕྲོག་མ་ཟེར་བའི་ཡིད་འཕྲོག་མ་དེ་ཡིན་པར་བཤད།   དེ་ནི་ཕྲུ་གུ་ལ་ཤིན་ཏུ་དགའ་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་གི་འདུག་ལ། ཕྲུ་གུ་བདག་པོའི་ཨ་མ་ཚོས་དེ་ལ་གསོལ་མཆོད་ཤུགས་ཆེན་བྱེད་སྲོལ་འདུག    འཕགས་པ་ཤིན་ཀུན་གྱི་ཉེ་ཕྱོགས་ལ་ཡོད་པའི་ཨ་མ་ཚོས་དེ་མ་གསོལ་ན་ཕྲུ་གུ་གཉིད་མི་ཁུག་པ་མཚན་མོ་ཕྲུ་གུ་སྐྲག་སྣང་བྱེད་པ་དང་བློ་བུར་ན་ཚ་རྒྱག་པ་བཅས་ཡོང་གི་འདུག་ཟེར་ནས་ནང་པ་དེ་ཚོའི་ནང་བན་དེ་དང་བོན་པོ་མང་པོ་གསོལ་མཁན་འདུག   དེ་གསོལ་དུས་དུད་འགྲོ་སྐེ་གཅོད་ཀྱི་མི་འདུག   སྒོང་ང་ཁ་ཤས་བཅགས་ནས་འབུལ་བ་དང་།   གཞན་མེ་ཏོག་དང་མར་མེ་དང་ཤིང་ཏོག་རིགས་འབུལ་བ་དེ་འདྲ་བྱེད་དགོས་ཅི་འདུག   ཧིན་དྷུ་དེ་ཚོས་རྟག་ཏུ་དེ་རུ་ཆོས་བྱེད་ཀྱི་འདུག་ལ། ནང་པ་དེ་ཚོས་དེ་ལ་དད་པ་ཡོད་ནས་མཆོད་པ་ཞིག་རེད་མི་འདུག   རང་གི་ཕྲུ་གུ་ལ་བར་ཆོད་མི་བྱེད་པའི་ཆེད་དུ་མཆོད་པ་རེད་འདུག   དེ་མཆོད་ན་ཕྲུ་གུ་མཚན་མོ་གཉིད་ལང་མི་བྱེད་པ་དང་ན་ཚ་མི་འབྱུང་བ་ལ་ཕན་གི་འདུག་ཟེར།  བོན་པོ་ཚོས་འཕགས་པ་ཤིན་ཀུན་དེ་གནས་རི་རྩ་ཆེན་ཞིག་བརྩི་ཡི་འདུག་ལ།   སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཟུར་བྱང་༼དཔེ་གཟུགས་འགོ་ཚེམ་ཅན་ཤོག་གྲངས་༡༧༩༽ལས།   བལ་ཡུལ་འཕགས་པ་ཤིན་ཀུན་ལ།།   འཇའ་ཚོན་སྣ་ལྔའི་གདུགས་ཕུལ་ན།།  ཕྱི་མ་སྐྱེ་གནས་ངན་པ་ཁེགས།། དེ་དག་གནས་ཀྱི་རྒྱལ་པོ་སྟེ།།  དད་མོས་བསྒོམ་བསྒྲུབ་བརྩོན་པར་བགྱིས།།  ཞེས་གནས་རི་གལ་ཆེན་ཡིན་པ་ངོས་འཛིན་གནང་འདུག་པ་མ་ཟད།  བོན་གྱི་བླ་མ་སྐྱེས་ཆེན་དམ་པ་དཀར་རུ་གྲུབ་དབང་དང་།  ཁྱུང་སྤྲུལ་རིན་པོ་ཆེ་སོགས་མང་པོ་དེ་རུ་ཕེབས་མྱོང་འདུག   དུས་འགྱུར་སྐབས་སྨན་རིའི་མཁན་ཆེན་སོ་གཉིས་པ་ཤེས་རབ་བློ་གྲོས་དང་།   ཡོངས་འཛིན་སངས་རྒྱས་བསྟན་འཛིན།   ཡོངས་འཛིན་བསྟན་འཛིན་རྣམ་དག  ཁྱུང་བླ་ཚུལ་ཁྲིམས་ཉི་མ།   སྨན་རིའི་ཁྲི་འཛིན་སོ་གསུམ་པ་སོགས་བླ་སྤྲུལ་དགེ་བཤེས་མང་པོ་དེ་རུ་ཕེབས་ནས་གནས་སྐོར་རྟེན་མཇལ་དང་ཚོགས་བསགས་མཆོད་འབུལ་མང་པོ་བྱེད་མྱོང་འདུག་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་བྲིས།།   །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།