༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གྱི་གསལ་བརྡ།

0
5042
༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཞབས་ལ་གུ་དུན་ཧྲུན།

༄༅།། འཛམ་གླིང་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་དད་ལྡན་ལྷ་མི་ཡོངས་ལ་ཞུ་གསོལ།།     

   ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དཔལ་བཟང་པོ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མཆོག་ཧ་རི་ཙན་དན་ལྗོན་བཟང་ལ་བསླབ་གསུམ་གྱི་རྩ་བ་རབ་ཏུ་བརྟན་ཞིང་། སྐུ་གསུང་ཐུགས་གསུམ་གྱི་ཡལ་གའི་ལྕུག་ཕྲན་ལྡེམ་པའི་རྩེ་མོར་གསང་གསུམ་བོན་གྱི་འདབ་སྟོང་ལྷུག་པར་གྲོལ་ཏེ་བསྟན་པ་དང་འགྲོ་བར་སྨན་པའི་འབྲས་བུ་གཡུར་དུ་སྨིན་པའི་བསྐལ་བཟང་གི་དུས་འདིར། ༧སྐྱབས་རྗེ་རྣམ་གཉིས་ཀྱི་སྐུ་ལ་ཉེར་འཚེའི་སྐྱོན་གྱིས་རྣམ་པར་དབེན་ཞིང་། བདེར་གཤེགས་སངས་རྒྱས་སྟོང་གི་ཕོ་ཉ་ཟུང་གཅིག་མི་ཡུལ་དུ་འཕོས་པར་ཅོ་འདྲི་བྱེད་ཅིང་། མ་ཟད་རང་ཅག་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ལྔ་བདོའི་༧སྐྱབས་གཅིག་རྒྱལ་བ་མཉམ་མེད་ཆེན་པོའི་རང་གཟུགས་འཁྲུལ་བ་མེད་པ་དང་། བསྟན་འགྲོའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་གཉིས་དངོས་སུ་བྱོན་པ་ལྟ་བུའི་༧དཔལ་ལྡན་དྲིན་ཅན་རྩ་བའི་བླ་མ་ཟུང་གིས་ལྔ་སྙིགས་དུས་ཀྱི་གཉན་འཕྲང་ནང་རྒྱལ་གཤེན་བསྟན་པའི་ཉི་མ་ནུབ་རིར་ཡལ་ལ་ཉེ་བའི་སྐབས་དེར་དུས་ཀྱི་སྟོན་པ་ཉི་ཟླ་ཟུང་འབྲེལ་གྱི་ངོ་བོར་བཞེངས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་འོད་སྣང་གསར་པའི་ཕོ་ཉ་མཛད་ཅིང་རྒྱ་གར་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དང་བལ་ཡུལ་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་དགོན་གཉིས་སུ་བཤད་སྒྲུབ་བསྟན་པའི་ལྗོན་བཟང་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པར་མཛད།

      དེ་བཞིན་ད་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་མཚན་མཁའ་ལ་སྒྲེང་བཞིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་བགྲང་ལས་འདས་པས་འཛམ་གླིང་ཤར་ནུབ་གང་སར་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་མཛད་འཕྲིན་གནང་བཞིན་པ་དང་། རྒྱ་ཆེའི་བོན་འབངས་ཡོངས་ལ་བདེ་སྐྱིད་དབུགས་འབྱུང་གི་བསྐལ་པ་ཐོབ་པའང་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་སྨྲོས་ག་ལ་དགོས།

     དེས་ན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་ནས་ཕལ་ཆེར་ལོ་ངོ་གཅིག་གི་སྔོན་ནས་བཟུང་གླེང་མོལ་རིམ་པར་བརྒྱུད་ནས་མཐའ་མའི་ཐག་གཅོད་དུ་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོན་པོ་ཡོངས་ཀྱིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་སྐུ་ཚེ་ཧྲིལ་པོར་བསྟན་པ་དར་ཞིང་རྒྱས་པ་དང་། བོན་འབངས་རྣམས་མ་ཡིས་བུ་ཕྲུག་སྐྱོང་བ་བཞིན་ཟད་མེད་བོན་གྱི་ལེགས་སྐྱེས་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་པད་མི་ཤིག་གཡུང་དྲུང་གི་ཁྲི་ལ་རྟག་ཏུ་བརྟན་པར་བཞུགས་ཕྱིར་འཛམ་གླིང་ཤར་ནུབ་ཀུན་དུ་ཡོད་པའི་བོན་འབངས་ཡོད་དོ་ཅོག་དང་། ལྷག་དོན་གཞིས་བྱེས་གཉིས་སུ་གནས་པའི་བོན་འབངས་མང་པོས་མ་གྲོས་བསམ་པ་གཅིག་མཐུན་ཐོག་སྐལ་བཟང་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་སྙན་གསེང་ཞུས་འཕྲལ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་ཞལ་བཞེས་བཀའ་འཁྲོལ་གཙང་ཐོབ་བྱུང་ཞིང་། ད་ལྟའི་ཆར་⟨༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པ།⟩ཞེས་པ་འདི་གསར་བཙུགས་ཞུས་ཡོད་ལ། ཚོགས་ཁོངས་སུ་དབུས་སྤྱི་ཁྱབ་སློབ་སྟོན་པ་རྣམ་པ་གཙོས་པའི་ཚོགས་མི་ཉི་ཤུ་རྩ་བརྒྱད་ལས་གྲུབ་པའི་གོ་སྒྲིག་ཚོགས་ཆུང་ཞིག་གཏན་འཁེལ་གྲུབ་ཡོད། 

     བརྟན་བཞུགས་འབུལ་བའི་ཡུལ་དུས་ནི། ཕྱི་ལོ་༢༠༡༦ཕྱི་ཟླ་༤ཚེས་༨བོད་ཟླ་༣ཚེས་༡ཉིན་འཕགས་ཡུལ་བོན་གཞིས་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་དང་། ཕྱི་ཟླ་༤ཚེས་༡༥བོད་ཟླ་༣ཚེས་༡༥སྔ་མ་ཉིན་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེར་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུ་གཏན་འབེབས་ཞུས་ཟིན་པས་དེ་བཞིན་ཐམས་ཅད་དགའ་ཞིང་སྤྲོ་བའི་གསལ་བསྒྲགས་འདི་འཛམ་གླིང་ཕྱོགས་གང་སར་བཞུགས་པའི་འབྲེལ་ཡོད་སུས་ཀྱང་བོན་འབངས་ཡོད་དོ་ཅོག་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་གནང་རོགས་ཞེས་ཞུ་རྒྱུ་དང་། དུས་ཐོག་ཏུ་དད་ལྡན་མི་མང་གང་མང་མང་ཞིག་འཛོམས་ཐུབ་པའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད། 

     དེ་དང་མཉམ་དུ་འདི་ནས་ནན་ཏན་གྱི་སྒོ་ནས་ཞུ་དགོས་པ་ཞིག་ལ། ས་གནས་སོ་སོར་ཡོད་པའི་དགོན་པ་དང་ཚོགས་སྡེ་མི་སྣ་ཁག་ལ་བརྟན་བཞུགས་གོ་སྒྲིག་ཚོགས་པས་འབྱོར་འཛིན་སོགས་བསྐུར་རྒྱུ་ཡིན་པས་དེ་དག་བརྒྱུད་ནས་མཆོད་འབྲེལ་གནང་རོགས་ཞུ་རྒྱུ་དང་། དེ་མིན་ང་ཚོ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཆོག་མཆན་དང་འབྱོར་འཛིན་སོགས་གང་ཡང་མེད་པར་མཎྜལ་བརྟན་བཞུགས་གོ་སྒྲིག་ཚོགས་པའི་མཚན་ཐོག་ནས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་མཆོད་འབྲེལ་གྱི་དཔལ་འབྱོར་འདུ་འགོད་ཆེད་གཉེར་གྱི་ལས་འགུལ་རིགས་སུ་གང་གིས་ཀྱང་སྤེལ་མི་ཆོག གལ་སྲིད་དེ་འདྲའི་རིགས་བྱུང་ཚེ་ང་ཚོ་བརྟན་བཞུགས་གོ་སྒྲིགས་ཚོགས་པ་དང་འབྲེལ་བ་མེད་པ་བོན་འབངས་ཡོངས་ཀྱིས་ཤེས་པ་མཛོད། །

ཅེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།
ཕྱི་ལོ༢༠༡༥ཟླ་༡༠ཚེས་༥ཉིན།

010203

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།