གཤེན་ཆེན་ཀླུ་དགའི་གཏེར་ལོའི་སྐོར་གྱི་དཔྱད་གླེང་།

0
4943
གཏེར་སྟོན་གཤེན་ཆེན་ཀླུ་དགའ། པར་རིས་མཁོ་འདོན་གནང་མཁན་གངས་སེང་དང་ཚ་བའི་འཕྲུལ་མདའ། ལྷ་བྲིས་པ་སེར་རུ་ལྷ་བཟོ་བསྟན་པ་ཉི་མ།

རྩོམ་པ་པོ། ༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན།

གཤེན་ཀླུ་དགའ།  དེ་ཡང་གཤེན་ཆེན་པོ་ཀླུ་དགས་གཏེར་བཏོན་པའི་ལོ་མེ་སྦྲུལ་ཡིན་པར་བོན་ལུགས་འཛིན་པ་ཀུན་གྱི་ཞལ་མཐུན་ཡིན་ནའང་མེ་སྦྲུལ་དེ་དུས་རབས་ག་དུས་ཡིན་མིན་ལ་ཁྱད་པར་ཆེན་པོ་ཞིག་ཤོར་ཡོད་དེ། སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ལས་གསུངས་པའི་གཤེན་གྱི་གཏེར་ལོ་དེ་གཤེན་གྱི་མཁས་གྲུབ་ཤྲི་ལ་དྷ་ཛའི་བསྟན་རྩིས་སྐལ་ལྡན་དང་འདྲེན་ལས་དྲུག་ཅུའི་སྐོར་མགོ་གཉིས་ཀྱིས་སྔ་བ་ཡོད། དཔེ་དེ་བཞིན་ལོ་རྒྱུས་མི་སྣ་གཞན་མང་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་དེ་འདྲ་ཞིག་ཡིན་པ་རྒྱུན་མཐོང་རེད། བསྟན་རྩིས་མཛད་པ་པོ་རྣམ་པའི་གསུང་ཚུལ་དེ་དག་ལ་བརྟེན་ནས་ལོ་རྒྱུས་ཀློག་པ་པོ་རྣམས་ཀྱི་མགོ་བོ་གདུགས་ལྟར་ཀྱི་ལི་ལི་འཁོར་འགྲོ་བར་དེ་འདྲ་བཟོས་འདུག་པ་མ་ཟད། ཁོང་རྣམ་པ་ཕལ་ཆེ་བས་བསྟན་རྩིས་བྱས་པའི་རྒྱབ་ལྗོངས་གང་འདྲ་ཞིག་ལ་བརྟེན་ཡོད་མེད་གསལ་ཁ་ཧ་ཅང་ཞན། ཉེ་ཆར་དྲྭ་ལམ་རྣམས་སུ་ཆུ་བཞིན་ཉུལ་བའི་༼༡༨༠༤ལོར་ཐོན་པའི་བོན་པོའི་བསྟན་རྩིས་ཤིག {ནོར་ཝེ་}ཕེར་ཁུ་ཝེར་གྱིས་བརྩམས། ནོར་བུ་དབང་ལྡན་གྱིས་དབྱིན་ཡིག་ནས་བསྒྱུར།༽ཟེར་བའི་དཔྱད་རྩོམ་ཞིག་འདུག་པ་དེའི་ནང་བསྟན་རྩིས་སྐལ་ལྡན་དང་འདྲེན་ཧ་ཅང་གི་གཙིགས་ཆེར་འཛིན་ཏེ། ཀུན་མཁྱེན་ཉི་མ་ནས་བོན་གྱི་སློབ་རྒྱུད་དང་སྡོམ་རྒྱུད་ཀྱི་ལོ་ཚིགས་ཆེས་སྔ་མོར་འགོད་གང་ཐུབ་བགྱིས་པ་འདི་ཕྱོགས་ལྷུང་གི་ངང་ཚུལ་ཞིག་མིན་པའི་ངེས་པ་ཡང་མེད་པ་དང་། སངས་རྒྱས་ཀྱི་ཆོས་ལ་རྒོལ་བའི་དོན་ཡིན་པའི་ཚུལ་བསྙད་ནས་བསྟན་རྩིས་དེ་གཉིས་ཀྱི་ནང་ལོ་རྒྱུས་མི་མཐུན་པ་དག་གསལ་གསལ་དག་དག་བྱས་ནས་བྲིས་འདུག ཁོང་གི་གསུང་པ་ལྟར་ན་ཀུན་མཁྱེན་ཉི་མའི་བསྟན་རྩིས་ལ་རྒྱུ་མཚན་དེ་ཙམ་མེད་པ་དང་ཤྲི་ལ་དྷ་ཛའི་བསྟན་རྩིས་ལ་རྒྱུ་མཚན་གྱི་རྒྱབ་ལྗོངས་དང་ལོ་རྒྱུས་རྣལ་མའི་ངང་ཚུལ་ལྡན་པ་དེ་འདྲ་ཤིག་རེད། འོན་ཀྱང་སྤྱིར་གནའ་སྔ་མོའི་ལོ་རྒྱུས་ཀྱི་བྱུང་རིམ་དང་བླ་མའི་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར་གསལ་ཁ་མེད་པ་དང་། སྐབས་འགར་གསལ་ཁ་གང་འཚམས་ཡོད་ནའང་འཁྲུངས་འདས་ཀྱི་ལོ་རྟགས་རྐྱང་པ་དང་ཡང་ན་དེ་ལས་ཅུང་གསལ་བ་ལོ་རྟགས་དང་ལོ་ཁམས་གཉིས་ཀ་སྨོས་པ་དེ་ཙམ་ལས་དེང་སང་ནང་བཞིན་དུས་རབས་དང་དེའི་ལོ་རབས་སོགས་ཧ་ཅང་གི་གསལ་ཁ་ཡོད་པ་དེ་འདྲ་བན་བོན་སུ་ལའང་ཤིན་ཏུ་དཀོན། དེར་བརྟེན་སྐབས་འགར་ལོ་སྐོར་གཅིག་དང་གཉིས་སོགས་ཀྱིས་ཁྱད་པར་ཤོར་བ་དང་། སྐབས་འགར་དྲུག་ཅུའི་སྐོར་མགོ་གཅིག་དང་གཉིས་སོགས་ཀྱིས་ཁྱད་པར་ཤོར་བ་དེ་འདྲ་བོན་པོ་ཙམ་མ་ཡིན་བན་དྷེ་ལའང་ཧ་ཅང་མང་། འོ་ན་དེ་དག་གང་ལ་གཞི་འཛིན་དགོས་ཞེ་ན། ང་ཚོས་ལོ་རྒྱུས་དང་རྣམ་ཐར་མང་པོ་ཞིག་ལ་ཡང་བསྐྱར་ཕྱི་མིག་ཞིག་བལྟས་ནས་ལོ་རྒྱུས་མི་སྣ་དག་གི་བྱུང་རིམ་གུང་བསྒྲིགས་པ་དང་དུས་མཉམ་མི་སྣ་སུ་དང་གང་འདུག་མིན་ལ་གཞིགས་ནས་ཐ་མའི་སྡོམ་ཚིག་རྒྱག་རྒྱུ་ལས་ཕྱོགས་འགོ་ཙམ་མཐོང་ནས་བོན་ཞེན་དང་ཕྱོགས་ལྷུང་གི་བཤད་ཡམ་འཐེན་ན་བླུན་པོར་དགའ་བ་བསྐྱེད་པའི་རྒྱུ་དང་མཁས་པའི་བཞད་གད་ཀྱི་གནས་ལས་གཞན་པའི་རྒྱུ་མཚན་འགའ་ཡང་མེད་པར་ཤེས་དགོས། ངས་འདིར་བཤད་འདོད་པ་ཞིག་ནི། ཀུན་མཁྱེན་ཉི་མས་གཤེན་ཆེན་ཀླུ་དགའི་གཏེར་ལོ་གཏན་ལ་ཕབས་པ་དེ་བོན་ཞེན་དབང་གིས་དང་བན་དྷེ་འགོག་རྒོལ་གྱི་ཆེད་དུ་བྱས་པ་མ་ཡིན་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་འཚམས་རྙེད་ནས་གསུངས་པ་ཞིག་རེད་འདུག་སྙམ་པ་དེ་རེད། ཁོང་གིས་དེའི་རྒྱབ་ལྗོངས་དངོས་སུ་གང་བཞག་ཡོད་ཅེ་ན། བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་༼འཕྲུལ་དེབ། ཤོག་གྲངས། ༩༡༽ལས། ཁ་ཅིག་གཤེན་ཆེན་ཀླུ་དགའ་རབ་བྱུང་གཉིས་པའི་ཁོངས་སུ་བྱོན་ཟེར་བ་ནི་མ་ཡིན་ཏེ། གཞན་སྡེ་ཡི་བན་དྷེ་བཅུས་བླ་ཆེན་མུ་ཐུར་ལས་སྡོམ་པ་བླངས་པར་བཤད་པའི་ཡ་གྱལ་གཅིག་ནི། ལོ་སྟོན་རྡོ་རྗེ་དབང་ཕྱུག་ཡིན་ལ། དེ་གཤེན་གྱི་གཏེར་བདུད་ཡིན་པས། དུག་དྲངས་ཏེ་གཤེན་ཆེན་ཀླུ་དགའ་ཡང་བདེ་བར་གཤེགས་སོ། ཞེས་གསུངས་པ་དེ་རེད། བླ་མུ་ཐུར་དགོངས་པ་རབ་གསལ་གྱི་འཁྲུངས་ལོ་ནི། སྤྱི་ལོ་༩༥༢ལོ་ཡིན་པར་བོན་པོ་ཚང་མས་འདོད་ཀྱིན་ཡོད་ལ་བན་དྷེ་འཇམ་དབྱངས་བཞད་པ་དང་ཚེ་བརྟན་ཞབས་དྲུང་སོགས་ཀྱིས་ཀྱང་འདོད་ཀྱིན་ཡོད། ཁོང་གི་སློབ་མ་དབུས་གཙང་གི་མི་བཅུའི་ནང་ཚན་གཅིག་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ཡིན་ལ། དེས་གཤེན་ཆེན་ཀླུ་དགའ་དུག་གིས་བཀྲོངས་པའི་ལོ་རྒྱུས་ནི། གཤེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས་༼མཛད་པ་པོ། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན། དུས་རབས་བཅུ་གསུམ་པའི་སྨད་དུ་སྐུ་འཁྲུངས། བསྟན་འགྱུར་པོད། ༢༠༣ དཔར་བསྐྲུན་བྱེད་པོ། སོག་སྡེ་བསྟན་པའི་ཉི་མ། ཤོག་ངོས། ༦༩༧༽ལས། དེ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ཐོས་ནས། ཕྱི་ནང་བླ་མའི་དྲུང་དུ་འོང་སྟེ་དྲ་གཤེན་སྒུར་ཀླུ་དགའ་ཟེར་བ་དེ་ཡིན་ནམ་ཟེར། བླ་མས་དེ་ཡིན་གསུང་པས། འོ་ན་ངེད་ཀྱི་ཞལ་མ་འཚོ་བས་མདང་འོ་བརྒྱལ། ཁྱེད་མི་ཆེན་པོ་ཡིན་ཛ། ད་ནང་ཚ་བ་ལ་གཤེགས་ཟེར་ནས་གདན་དྲངས། ཞོ་དཀར་ཡོལ་གང་ལ་དུག་བཏབ་ནང་དྲངས། ཞེས་དང་། གཏེར་གྱི་ཁ་བྱང་༼བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས། Edited by Drongsong Namgyal VajraPublication རྩོམ་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། འཁྲུངས་ལོ། ༡༢༣༨ ཤོག་ངོས། ༡༠༡༽ལས། གཤེན་རྒུར་ཆེན་པོས་གསང་ཚད་མ་ཐུབ་སྟེ། ལོ་བཅུ་གཉིས་ལ་གསང་རྒྱུ་སྟེ། ལོ་བརྒྱད་ལས་གསང་མ་ཐུབ་པས། གཏེར་བདག་གིས་ཆད་པ་བྱུང་བ་དང༌། ཞང་གསེར་ཡིག་ཅན་གྱིས་མཆོད་རྟེན་མངའ་གསོལ་ལ་ཕྱྭ་ཚེ་བྱས་པས་བློ་དུག་གིས། ལོ་བཙུན་རྡོ་རྗེ་དབང་ཕྱུག་གིས་དུག་གིས་བསྐྲོངས་{བཀྲོངས}སོ། ཞེས་པའི་ལོ་རྒྱུས་དེ་དག་ལས་གསལ། དེར་མ་ཟད་གཤེན་ཆེན་ཀླུ་དགའ་དང་ལྷ་བླ་མ་ཡེ་ཤེས་འོད་གཉིས་དུས་མཉམ་པར་བཤད་དེ། གླེང་གཞི་བསྟན་པའི་བྱུང་ཁུངས་༼རྩོམ་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། རྩོམ་ལོ། ༡༣༡༩ གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༤༤༥༽ལས། དེ་ཡང་རྒྱལ་བའི་གདུང་རབས་ནི་ཁྲི་སྲུང་{སྲོང་}ནས། ལྷ་བླ་མ་བར་བདུན་ཙམ་སོང་སྟེ། དེ་གཤེན་ཀླུ་དགའ་དང་དུས་མཉམ་མོ། ཞེས་སོ། །ལྷ་བླ་མ་ཡེ་ཤེས་འོད་ནི། མེ་མོ་ལུག་སྤྱི་ལོ༩༤༧ལ་སྐུ་འཁྲུངས་ཟེར་བ་དང་ཤིང་གླང་སྤྱི་ལོ་༩༦༤ལ་འཁྲུངས་ཟེར་བ་སོགས་མི་མཐུན་པ་འགའ་འདུག་ཀྱང་གང་ལྟར་ཡང་དུས་རབས་བཅུ་པ་ཡིན་པར་གསལ་ཞིང་། ཀླུ་དགའ་མེ་སྤྲེལ་ལོར་འཁྲུངས་པས་སྐབས་དེའི་མེ་སྤྲེལ་ནི། སྤྱི་ལོ་༩༩༦ལ་ཏག་ཏག་ཁེལ་ཡོད། དེ་ལྟར་ན་ཀླུ་དགའ་ལྷ་བླའི་དུས་སུ་ཡིན་པ་དེ་དག་གིས་ཤེས་ནུས། གཤེན་གྱི་གཏེར་ལོ་མེ་སྦྲུལ་ཡིན་པར་བོན་པོ་ཀུན་གྱི་བཞེད་ཚུལ་གཅིག་མཐུན་ཡིན་ཞིང་སྐབས་དེའི་མེ་སྦྲུལ་ནི་སྤྱི་ལོ་༡༠༡༧ཡིན་པ་གཤེན་གྱི་འཁྲུངས་ལོ་ནས་ནག་འདེད་བྱས་ན་རྟོགས་ཐུབ། ད་དུང་ཡང་ཁོང་གི་སློབ་རྒྱུད་ཐོག་ནས་དཔྱད་པ་བཏང་ན་ཁོང་གི་དངོས་སློབ་ཞུ་ཡས་ལེགས་པོ་དང་དེའི་སྲས་པོ་ཞུ་སྐྱེ་སེ་ཆེན་པོ་ཡིན་ལ་དེའི་སྐུ་ཚེའི་སྨད་ལ་རྗེ་བཙུན་མི་ལ་རས་པ་ཡོད་པའི་ཚུལ་གསལ་བ་ནི། ལོ་རྒྱུས་ལ་མཁྱེན་རྒྱ་རབ་ཏུ་ཡངས་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་༼དུས་རབས་བཅུ་གསུམ་པའི་སྨད་དུ་སྐུ་འཁྲུངས།༽གྱིས་མཛད་པའི་ཁྱུང་རབས་༼དཔེ་རྙིང་ལག་བྲིས་མ།༽ལས། འདན་ཁྱུང་གི་རྒྱུད་ལ་བསྟན་པའི་སྲོལ་ཁ། རྒྱ་ཆེན་པོ་བསྟོད་པ་དམ་པ་ཁྱུང་སྒོམ་ཡིན། དེ་ཉིད་དང་པོ་དབུས་ཀྱི་འདམ་སྙིང་དྲུང་བར་དུ་བྱོན། ཞུ་སྐྱེ་སེ་ཆེན་པོ་ལ་གཏུག་དགོངས་པས་སྐྱེ་སེ་འདས་ནས། དེའི་སློབ་མ་གཙང་པ། ར་སྟོན་ཕྱིར་བྱོན་པ་དང་། མཇལ་ནས་རབ་ཏུ་དགའ་བྱུང་ཞིང་། བོན་གྱི་བཞུ་བཏུལ་མང་དུ་མཛད། མགར་སྒོམ་འབུམ་ཆུང་ལ་གཏུག་ནས། ཡང་ཞུན་སྐོར་གསུམ་ལ་སོགས་ལོངས། མི་ལ་རས་པ་བོན་པོ་ཡིན་པའི་དུས་སུ་མཇལ། ཞེས་སོ། །དེའི་སློབ་མ་གཙང་པ་ཞུ་བ་དེ་དགོངས་མཛོད་རི་ཁྲོད་ཆེན་པོ་ཡིན་ལ་སྐལ་ལྡན་དང་འདྲེན་གྱིས་ཁོང་སྤྱི་ལོ་༡༢༧༨ལ་འཁྲུངས་པར་བཤད། མི་ལ་རས་པ་སྤྱི་ལོ་༡༠༤༠ལ་འཁྲུངས་ནས་༡༡༢༣ལ་འདས། དེ་ལྟར་ན་མི་ལ་འདས་ནས་ལོ་༡༥༥ལ་དགོངས་མཛོད་གཞི་ནས་འཁྲུངས་པས་ཁོང་གི་སློབ་མ་ཞིག་གིས་མི་ལ་མཇལ་བའི་གོ་སྐབས་ཡོད་མེད་དེས་དཔོག་ཐུབ། ཀུན་མཁྱེན་ཉི་མའི་བསྟན་རྩིས་ལྟར་ན་དགོངས་མཛོད་ཆེན་པོ་སྤྱི་ལོ་༡༠༣༨ལ་འཁྲུངས་པར་གསུང་ཡོད་པས་དེ་ནི་གོང་གི་ཁྱུང་རབས་ནང་གི་བཀའ་མོལ་ལ་གཞིགས་ན་བདེན་ཁ་ཆེ་རུ་སོང་བ་མ་ཟད་ཁོང་དང་རྗེ་བཙུན་མི་ལ་གཉིས་དུས་མཉམ་ཡིན་པར་ཤིན་ཏུ་གསལ། ད་དུང་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་དང་ཕ་དམ་པ་སངས་རྒྱས་གཉིས་མཇལ་རབས་ཀྱི་ཐོག་ནས་དཔྱད་པ་བྱ་རྒྱུ་ཡོད་དེ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་ཐར་མུ་ཏིག་འཕྲེང་བ་༼མཛད་པ་པོ་མ་གསལ། བསྟན་འགྱུར་པོད། ༢༢༨ དཔར་བསྐྲུན་བྱེད་པོ། སོག་སྡེ་བསྟན་པའི་ཉི་མ། ཤོག་ངོས། ༣༣༽ལས། ཡང་རེས་གཅིག་ཙམ་ན། ཡབ་རྫ་མཁན་སྣང་བྱེད་དང་། ཡུམ་བྲམ་ཟེ་མ་གཉིས་ཀྱི་སྲས་དམ་པ་རྒྱ་གར་བྱ་བའི་གྲུབ་ཐོབ་དེ། བོད་ཡུལ་དུ་ལན་གསུམ་བྱོན་པའི། སྔ་རེས་ལ་མངའ་རིས་ཀྱི་ས་ཆ་ལ་བྱོན། རྗེ་འབྲུག་སྟག་ལུང་དུ་བཞུགས་ནས་ཡོད་ཙམ་ན། ཉི་མ་ནུབ་ཕྱོགས་ན་འོད་དཀར་པོ་གཅིག་ཤར་བ་ཐུགས་ལ་བྱུང༌། དེ་ནས་རྗེ་འབྲུག་ལ་སྟོད་བྱང་ནས་ཡར་བྱོན་ཞང་ཞུང་གླིས་གིས་རུ་བ་ལ་ཕེབས་ནས་ཡོད་ཙམ་ན། དམ་པ་རྒྱ་གར་བཞུགས་ནས་འདུག ཅེས་པས་ཕ་དམ་པ་སངས་རྒྱས་བོད་ལ་ལན་གསུམ་བྱོན་པའི་དང་པོའི་སྐབས་སུ་རྗེ་བཙུན་ཁྲོ་ཚང་དང་མཇལ་བར་བཤད། ཡང་གངས་ལྗོངས་ཚིག་མཛོད་ཆེན་མོའི་༼གློག་དེབ།ཕ་དམ་པ་སངས་རྒྱས་ལ་གཟིགས།༽ནང་དུ་ཕ་དམ་པ་སངས་རྒྱས་བོད་དུ་ལན་ལྔ་ཕེབས་པ་དང་ཕེབས་ཐེངས་དང་པོ་སྤྱི་ལོ་༡༠༦༧ལོར་དང་། གཉིས་པ་༡༠༧༠ལོར་ཡིན་པ་དང་། སྐབས་དེར་ཁྲོ་ཚང་འབྲུག་ལྷ་དང་མཇལ་བ། ༡༡༡༧ལོར་མྱ་ངན་ལས་འདས་པར་བཤད། གང་ལྟར་ཡང་ཁོང་རྣམ་གཉིས་ཞལ་མཇལ་བྱུང་བ་དང་། དེ་ཡང་དུས་ཚོད་ཧ་ཅང་སྔ་མོ་ནས་ཡིན་པར་བན་བོན་གཉིས་ཀའི་ལོ་རྒྱུས་ལས་གསལ། སྐལ་ལྡན་དང་འདྲེན་ལྟར་ན་རྗེ་བཙུན་ཁྲོ་ཚང་གི་འཁྲུངས་ལོ་སྤྱི་ལོ་༡༡༤༧ཡིན་པས་དེ་ལྟར་ན་ཁོང་ཕ་དམ་པ་སངས་རྒྱས་དང་མཇལ་བའི་གོ་སྐབས་རྩ་བ་ནས་མེད་པས་ཁོང་གི་རྣམ་ཐར་དང་འགལ་བ་ལྟག་སྤྲོད་དུ་སོང་ཡོད། དེས་ན་ཀུན་མཁྱེན་ཉི་མའི་བསྟན་རྩིས་ལ་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མང་དུ་ཡོད་པ་དཔྱད་ན་ཤེས་ནུས། འོ་ན་གཤེན་མཁས་གྲུབ་ཤྲི་ལ་དྷ་ཛའི་བསྟན་རྩིས་སྐལ་ལྡན་དང་འདྲེན་དེ་གང་འདྲ་ཞིག་ཡིན་ཞེ་ན། དེ་ནི་ཁོང་རང་ཉིད་ཀྱིས་དཔྱད་པ་གནང་ནས་རྩོམ་པའི་བསྟན་རྩིས་ཤིག་མ་ཡིན་པར་ཀུན་གྲོལ་གྲགས་པའི་བསྟན་འབྱུང་ལས་གསུང་པ་གཞིར་བཞག་ནས་བྲིས་པ་ཞིག་ཡིན་པ་ཤིན་ཏུ་གསལ་ཏེ་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་བསྟན་པ་སྔ་དར་དང་བར་དར་སོགས་ཕལ་ཆེར་དེ་དང་ཆུ་ལ་ཆུ་བཞག་ཡིན་པར་དངོས་སུ་མཐོང་རྒྱུ་ཡོད་པ་དེ་རེད། དེ་ཡང་འདིར་དཔེ་མཚུངས་ཤིག་བཀོད་ན་ཀུན་གྲོལ་གྲགས་པའི་བསྟན་འབྱུང་ནང་དུ། དེ་ནས་མི་ལོ་བདུན་བརྒྱ་དང་། གོ་དགུར་འདས་ཚེ་མེ་བྱི་༼བྱ༽ལོར། བླ་ཆེན་མུ་ཟི་འགོག་བཞེངས་དང་། བོད་རྒྱལ་ཁྲི་སྲོང་སྡེ་བཙན་ནི། ཉེར་བརྒྱད་ལོན་པ་དུས་མཉམ་སྟེ། དེ་ནི་བསྟན་པ་སྔ་དར་རོ། ཞེས་དང་། དེའི་དོད་དུ་སྐལ་ལྡན་དང་འདྲེན་གྱིས། དེ་ལ་བུག་རྩ་གཟའ་ཡིས་སྦྱང་། མེ་བྱ་མུ་ཟི་འགོག་བཞེངས་ནས། བོད་རྒྱལ་ཁྲི་སྲོང་སྡེ་བཙན་གྱིས། དགུང་ལོ་ཉེར་བརྒྱད་ལོན་པ་དང་། བོན་སྣུབས་བསྟན་པ་སྔ་དར་རྫོགས། ཞེས་པ་དེ་ལྟར་གལ་ཆེའི་ལོ་ཚིགས་དག་དེ་གཉིས་གོ་སྡུར་བྱས་ན་གཅིག་མཚུངས་སུ་རྟོགས་ཐུབ། ཀུན་གྲོལ་གྱིས་བསྟན་རྩིས་དེ་ལྟར་བྱས་པ་དེ་རོབ་རྩིས་ཙམ་ལས་རྣམ་ཐར་སོགས་ལོ་རྒྱུས་ལ་ཞིབ་མོའི་དཔྱད་པ་ཞིག་མེད་པ་གོང་བཤད་གཤེན་ཀླུ་དགའ་དང་རྗེ་བཙུན་ཁྲོ་ཚང་གི་ལོ་རྒྱུས་སོགས་ཀྱིས་ཤེས། གཤེན་ཀླུ་དགའི་ལོ་ཚིགས་དང་བསྟུན་ནས་ཁོང་གི་དངོས་སློབ་དང་ཡང་སློབ་སོགས་ཀྱི་ལོ་ཚིགས་གཏན་ལ་འབེབས་དགོས་པས་ཀུན་མཁྱེན་ཉི་མའི་དང་ཀུན་གྲོལ་གྲགས་པའི་བསྟན་རྩིས་གཉིས་ཀྱི་ནང་གི་ལོ་རྒྱུས་མི་སྣའི་ལོ་ཚིགས་མི་མཐུན་པར་ཧ་ཅང་གི་ཧེ་བག་ཆེན་པོ་ཤོར་བ་ནི་རྒྱུ་མཚན་དེ་ཡིན། གཤེན་ཀླུ་དགའི་ལོ་ཚིགས་ཀྱི་སྐོར་ཤྲི་ལ་དྷ་ཛའི་དང་ཀུན་གྲོལ་གྱི་བསྟན་རྩིས་གཉིས་ཀའི་ནང་དུ་དེའི་རྒྱབ་ལྗོངས་གང་ལ་བརྟེན་ཡོད་མེད་གསལ་ཁ་ཚིག་གཅིག་བསྟན་མེད། ད་དུང་ཡང་རྗེ་མཉམ་མེད་ཆེན་པོའི་འཁྲུངས་ལོ་དུས་རབས་བཅོ་ལྔ་ནང་ལ་མར་བསྣུད་པ་ནི་ལོ་རྒྱུས་དང་མཐུན་ཐབས་དབེན་པར་སེམས་ཏེ། ཁོང་རྗེ་ཙོང་ཁ་པ་དང་དུས་མཉམ་པ་ཡོངས་གྲགས་ཡིན་པ་མ་ཟད་ལོ་རྒྱུས་ནང་དུའང་གསལ་ཡོད་དེ་མདོ་སྨད་འབྲི་ཆུ་གསེར་ལྡན་ཁར་ཁོང་རྣམ་གཉིས་མཇལ་ནས་ཕན་ཚུན་གླེང་མོལ་བྱུང་རབས་བཤད་ཡོད་པས་སོ། ཙོང་ཁ་པའི་འདས་ལོ་སྤྱི་ལོ་༡༤༡༩འདི་ཡིན་པས་སྐལ་ལྡན་དང་འདྲེན་ལྟར་མཉམ་མེད་འཁྲུངས་ལོ་༡༤༡༦འདི་བདེན་ན་ཁོང་ཙོང་ཁ་པ་དང་མཇལ་འཕྲད་གནང་ནས་གླེང་མོལ་གྱི་གོ་སྐབས་ཤིག་ཡོད་མེད་ཧ་ཅང་གསལ།

ཏི་སེའི་བུ་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།