གནའ་རྩོམ་ཚན་བཤུས།

0
2955

དབལ་ཕུར་ནག་པོའི་གཞུང་ལས།

ཁྱུང་ཐོག་རྒོད་ཀྱིས་བཤུས།

དབལ་བོན་སྟག་ལ་མེ་འབར་གྱིས།།
དབལ་རྔ་དྲག་ཏུ་བརྡུང་བའི་ཚེ།།
འབྲུག་གསས་འབྲུག་སྒྲ་འུ་རུ་རུ།།
ཁྲ་གསས་གཤོག་སྒྲ་ཆེམས་སེ་ཆེམ།།
མེ་གསས་མེ་དཔུང་ཡ་ལ་ལ།།
དབལ་གསས་དབལ་འོད་ཁམས་སེ་ཁམ།།
གློག་གསས་གློག་འོད་ཁྱུག་གེ་ཁྱུག།
མཁའ་འགྱིང་གྱད་འགྲོས་ལྡེག་སེ་ལྡེག།
བདུད་ནག་བདུད་འདུལ་བརྩེག་གེ་བརྩེག།
གནམ་དྲག་གསུང་སྒྲ་ལྷང་ངེ་ལྷང་།།
སྡོམ་ཆེན་ཕྱག་རྒྱ་ལོག་གེ་ལོག།
སྟག་ལ་སྟག་འཛུམ་ཤིག་སེ་ཤིག།
ཁྲོ་མོ་ཕུར་བསྒྲིལ་ཁྲ་ལ་ལ།།
མགོ་བརྙན་ཁྲ་ཐབས་ལིངས་སེ་ལིང་།།
སྒོ་བ་ཕྱག་རྒྱ་ཁྲིགས་སེ་ཁྲིག།
ཚེར་ནག་རྔ་སྒྲ་དི་རི་རི།།
གསང་བའི་ཤུགས་པ་ཕྱུ་རུ་རུ།།
བྱ་ཁྲ་གཤོག་རྡེབ་ཆུམ་སེ་ཆུམ།།
ཁྲ་སྤྱང་དགྲ་འདེད་པྲེངས་སེ་པྲེང་།།
གཅན་གཟན་རུས་འཆའ་ཁྲ་ལ་ལ།།
ས་བདག་མཚོ་སྨན་ཕུར་འདེབས་ཏ་ལ་ལ།།
རལ་པའི་འཕྲོ་འདུ་ཆེམ་སེ་ཆེམ།།
གཏིང་ཁམས་མ་མོ་ཤ་ཟན་རྦད་དེ་རྦད།།
སྦྲུལ་ནག་སྟོང་གི་བ་དན་ཕྱར་ར་ར།།
གཏོར་མའི་རོལ་མཚོ་མེ་རེ་རེ།།
ཀེང་རུས་རི་རབ་ཕང་ངེ་ཕང་།།
ཁྲག་གི་རྒྱ་མཚོ་ཁྱི་ལི་ལི།།
ཁ་སྡུད་ཕུར་འདེབས་ཐམས་སེ་ཐམ།།
དབལ་མོ་གླུ་ལེན་ཀྱུ་རུ་རུ།།
ཐང་མོ་དབྱངས་ལེན་དུང་ངེ་དུང་།
ཕུར་པའི་འོད་དཔུང་ཐིབས་སེ་ཐིབས།།
གནམ་ལྕགས་ཕུར་པ་ཁྲ་ལ་ལ།།
གསེར་གྱི་ཕུར་པ་སི་ལི་ལི།།
གདུག་པའི་ཕུར་པ་ཕུངས་སེ་ཕུང་།།
སྡིག་ཅན་མིང་བྱང་དོད་དེ་དོད།།
ལིང་ཀའི་ཕུང་པོ་ཤིགས་སེ་ཤིག།
སྔོན་གྱི་དབལ་གཤེན་སྟག་ལའི་རྔ།།
དོ་ནུབ་ཕ་རྗེས་བུས་སོབ་ན།།
དབལ་རྔ་འདི་བྱིན་རླབསཀྱིས།།
འགུག་འདྲེན་ཕོ་ཉའི་དུས་ལ་བབ།།

<<དཔྱད་གཏམ།>>

སྙན་ངག་གི་ཉམས་ཀྱི་ཆ་ནས་གླེང་ཚེ་འདི་ནི་དྲག་ཤུལ་གྱི་ཉམས་ཅན་ཏེ། གང་ཞིག་དྲག་པོའི་ནུས་རྩལ་གྱིས། རང་བཞིན་སྙན་བརྗོད་དྲག་ཤུལ་ཉམས། ཞེས་པའི་མཚན་ཉིད་དེའི་ཁྱབ་ཁོངས་ལས་མ་འདས་པ་ཞིག་ཡིན་པ་ནི་རྩོམ་འདི་ཀློག་པ་ཙམ་གྱིས་ཤེས་ནུས།

འདིར་གོང་གི་རྩོམ་དེའི་འགྲེལ་བཤད་ཚུལ་དུ་ཅུང་ཞིག་གླེང་བར་བྱ་སྟེ། 

སྔོན་དབལ་བོན་སྟག་ལ་མེ་འབར་གྱིས་སྲིན་པོ་དྷ་ཤ་གྷྲི་བ་བསྒྲལ་བའི་ཚེ་ཐོག་མར་དབལ་ཕུར་ལྷ་ཚོགས་ཐུགས་དམ་བསྐུལ་བའི་ཆེད་དབལ་རིའི་ཕྱོགས་བཞི་དབུས་ལྔ་ནས་དབལ་རྔ་བཙལ་བས་དབུས་ཕྱོགས་སྲིན་པོ་འདུས་པའི་རི་ནས་ཚེར་ནག་གི་ཤིང་ཞིང་རྙེད། ཤིང་དེ་གྲུ་གསུམ་སོག་ཀའི་དབྱིབས་སུ་བཀུག གནམ་ལྕགས་ཀྱི་གཟེར་བཏབ། སྟག་མོའི་པགས་པས་གཡོགས། དོམ་དྲེད་ཀྱི་རྒྱུད་པས་ཚེམས་ཏེ་བརྡུང་བས། ནམ་མཁའི་ཁྲ་ཚོགས་དང་། བར་སྣང་གཅན་ཚོགས། ས་གཞི་མ་ཚོགས་རྣམས་བསྡུས་ཏེ་དམག་ལ་ཆས་པའི་ཚུལ་བསྟན་ཡོད། གནམ་ནས་ཁྲ་ཚོགས་ཀྱིས་གཤོག་པ་རྡབ་པའི་འུར་སྒྲ་དང་། བར་ནས་གཅན་ཚོགས་ཀྱིས་རུས་ལ་འཆའ་བའི་ཁྲོག་སྒྲ། ས་གཞི་ནས་དབལ་མོ་དང་ཐང་མོའི་གླུ་དང་དབྱངས་ཀྱི་སྐད་སྒྲ ཚེར་ནག་གི་རྔ་སྒྲ། དམག་ཚོགས་རྣམས་ཀྱི་ཕྱག་ན་གནམ་ལྕགས་དང་གསེར་གྱི་ཕུར་པ་སྣ་ཚོགས་བསྣམས་པ། སྡིག་ཅན་དགྲ་བོའི་མིང་བྱང་དང་སྦྲུལ་ནག་གི་བ་དན་ཕྱར་བ་སོགས་ལ་བསམ་ཚེ་ཀློག་པ་པོའི་སེམས་ལ་འཇིགས་ཡེར་རེ་བའི་ཚོར་བ་ཤ་འདར་བ་ཞིག་བསྐྱེད་ནུས་པའི་དྲག་ཤུལ་གྱི་ཉམས་ཅན་ཞིག་གོ

དོན་སྒྲ་གབ་ཚིག་སྐྱོན་སེལ་གྱི་རྒྱན་བཞི་ལས་འདི་ནི་སྒྲ་རྒྱན་ཏེ། དོན་བརྗོད་སྒྲ་ཡི་ཁྱད་པར་གང་། མཛེས་པར་བྱེད་པ་སྒྲ་རྒྱན་སྟེ། ཞེས་གསུངས་པ་ལྟར་ཡིད་ལ་འབབ་པའི་ཚིག་མཛེས་པོ་དག་སྐྱོར་ཟློས་ཀྱིས་ལམ་ནས་སྙན་ངག་གི་མཛེས་ཆ་བསྐྲུན་སྟེ་ད་གཟོད་བརྗོད་བྱའི་དོན་གང་ཡིན་པ་དག་ཀློག་པ་པོའི་སེམས་ལ་བཞེངས་པར་བྱས་ཡོད། དཔེར་ན། འུ་རུ་རུ། ཆེམས་སེ་ཆེམ་ལྟ་བུའི་ཚིག་གི་ནུས་པས་བརྗོད་དོན་གྱི་ཁྱད་བོན་འབུར་དུ་ཐོན་པ་མ་ཟད་ཀློག་བདེ་བས་ཀློག་པ་པོས་ཇི་ཙམ་བཀླགས་ཀྱང་དེ་ཙམ་གྱིས་བཀླག་འདོད་པར་འདུག 

<<གསལ་བཤད། >>

གནའ་རྩོམ་ཚན་བཤུའི་སྐབས་སུ་མ་དཔེ་ཇི་བཞིན་བཀོད་པ་ལས་དེང་དུས་བརྡ་སྤྲོད་ཀྱི་འགྲོས་དང་མ་མཐུན་པའི་བརྡ་དང་། ཕྲད་རྣམ་དབྱེ་སོགས་ཀྱི་སྦྱོར་ཚུལ་ཡོད་རིགས་ལ་ཁོ་བོས་སྡུག་ལག་བསྲིངས་མེད། རྒྱུ་མཚན་ནི་གནའ་རྩོམ་འདི་དག་ལ་གསར་རྩོམ་དང་མ་འདྲ་བའི་ཁྱད་ཅི་ཞིག་ཡོད་པ་དག་ཤེས་སུ་འཇུག་ཕྱིར་ཡིན་ལ། དེང་དུས་བརྡ་སྤྲོད་ཀྱི་སྒྲིག་གཞི་འདི་མ་བཟོས་གོང་ང་ཚོའི་མེས་པོ་ཚོས་བོད་ཀྱི་ཡི་གེ་འདི་ཇི་ལྟར་བཀོལ་སྤྱོད་བྱས་པ་ཀློག་པ་པོའི་མིག་སྔར་བཤམས་འདོད་པས་ཡིན། 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།