ལུས་སྦྱིན་མཁའ་འགྲོའི་གད་རྒྱང་།

0
3748
མཁའ་འགྲོ་སྐལ་བཟང་གཙོ་འཁོར་གྱི་སྐུ་ཐང་།

ཡང་ཟབ་ནམ་མཁའ་མཛོད་ཆེན་ལས། ལུས་སྦྱིན་མཁའ་འགྲོའི་གད་རྒྱང་བཞུགས།

ཧྲི་ཧོ་ཛ་ར་ཀྐི་དེ་པ་ཧོ། མཁའ་འགྲོའི་དགོངས་སྤྱོད་དངོས་གྲུབ་སྒྲུབ་པ་དང༌། སྒྱུ་ལུས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ལ། ཐོག་མར་གཉན་གནས་ཕྱིན་ནས་ས་འདུལ་བ། འཁོར་འདས་མཉམ་ཉིད་རྟོགས་པའི་རྣལ་འབྱོར་གྱིས། ཡེ་ཤེས་རོལ་པའི་གླུ་ལེན་བྲོ་འཁྲབ་ཅིང༌། ཐབས་ཤེས་དབྱེར་མེད་དྷ་སིལ་སྒྲ་དང་བཅས། བདག་མེད་ངང་ནས་ཤུགས་འབྱུང་ཚིག་འདི་བརྗོད། འདི་ན་ལྷ་དང་འདྲེ་ཞེས་སྣང་བ་ཡང༌། ཡུམ་ཆེན་བ་གའི་ཀློང་ནས་གཞན་མ་བགྱིས། གཞི་རྩལ་འགག་མེད་རང་སྣང་གར་བསྒྱུར་བའི། གཉིས་མེད་ཡེ་ཤེས་ངང་དུ་ཡ་ལ་ལ། གཉིས་འཛིན་འདྲེ་རྒོད་མགོ་ལ་བྲོ་ཞིག་བརྡུང༌། བདག་འཛིན་འགོང་པོའི་ཕུང་པོ་ཤིགས་སེ་ཤིག བདག་མེད་གཉུག་མའི་གླུ་དབྱངས་དབྱིངས་སུ་འཐེན། བདེན་མེད་སྒྱུ་མའི་བྲོ་གར་མཁའ་ལ་འཁྲབ། རྣལ་འབྱོར་སྟོང་ཉིད་ཁ་ལྔའི་ངར་སྐད་འདིས། རྒྱལ་འགོང་ཝ་སྐྱེས་ཕོ་མོའི་ཀླད་འགེམས་ཤིག བདེ་ཆེན་ཡེ་ཤེས་རོལ་པའི་བྲོ་ཆེན་གྱིས། ང་བདག་གཟུང་འཛིན་ཉོན་མོངས་རྡུལ་དུ་རློག། ཧཱུཾ་ཧཱུཾ་ཧཱུཾ༔ ཕཊ༔ ཕཊ༔ཕཊ༔ བྲོ་བརྡུང་སྐྱབས་སུ་འགྲོ་བ་ནི། གཞི་མ་བཅོས་སྟོང་ཆེན་ས་ཏྲིག་ཡུམ། མ་ཡུམ་ཆེན་ཀློང་ལ་སྐྱབས་སུ་མཆི། མ་གཉན་སའི་ལྷ་འདྲེ་རིགས་དྲུག་འགྲོ། མ་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ། ཕཊ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། རང་འཁྲུལ་པ་མ་ཤེས་གཉིས་འཛིན་གྱིས། གཞན་སེམས་ཅན་ཡོངས་ལ་གནོད་བྱེད་འདྲེ། ད་བྱང་ཆུབ་སེམས་ཀྱི་དོན་རྟོགས་ནས། དབྱིངས་ཀ་དག་ངང་དུ་གྲོལ་གྱུར་ཅིག། ཕཊ༔ སེམས་མཆོག་བསྐྱེད་ཅིང་གསོལ་བ་འདེབས་པ། ཨེ་མ་ཧོ། བོན་སྐུ་ཀུན་ཏུ་བཟང་མོ་ལ་གསོལ་བ་འདེབས། རྫོགས་སྐུ་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། ཡུམ་ཆེན་ཀྱེ་མ་འོད་མཚོ་ལ་གསོལ་བ་འདེབས། མཁའ་འགྲོ་སྐལ་པ་བཟང་མོ་ལ་གསོལ་བ་འདེབས། མཁའ་འགྲོ་ཐུགས་རྗེ་ཀུན་གྲོལ་ལ་གསོལ་བ་འདེབས། མཁའ་འགྲོ་འོད་ལྡན་ཉི་འབར་ལ་གསོལ་བ་འདེབས། མཁའ་འགྲོ་སྲིད་པའི་རྒྱལ་མོ་ལ་གསོལ་བ་འདེབས། ཞི་བའི་མཁའ་འགྲོ་དཀར་མོ་ལ་གསོལ་བ་འདེབས། རྒྱས་པའི་མཁའ་འགྲོ་ལྗང་མོ་ལ་གསོལ་བ་འདེབས། དབང་གི་མཁའ་འགྲོ་དམར་མོ་ལ་གསོལ་བ་འདེབས། དྲག་པོའི་མཁའ་འགྲོ་སྔོན་མོ་ལ་གསོལ་བ་འདེབས། འཇིགས་བྱེད་སྒོ་མ་སྡེ་བཞི་ལ་གསོལ་བ་འདེབས། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། མ་ཚོགས་ཐུགས་རྗེ་དགོངས་པའི་རྩལ་ཕྱུང་ལ། མ་ཐུལ་གཉན་སའི་ལྷ་འདྲེ་དབང་དུ་བསྡུས། མ་རུང་གཉན་སའི་ལྷ་འདྲེ་ཟིལ་གྱིས་གནོན། མ་རྟོགས་ཁམས་གསུམ་སེམས་ཅན་དབྱིངས་སུ་དྲོངས། མ་ཅིག་མཁའ་དབྱིངས་ཚོམས་བུ་གཅིག་འདྲེས་ནས། མ་ལུས་རྫོགས་པའི་སངས་རྒྱས་ས་ཐོབ་ཤོག། ཕཊ༔ གསོལ་བ་བཏབ་ནས་ལུས་ཚོགས་ལ། རྣམ་ཤེས་སྤར་ཏེ་གཟུགས་ཕུང་བསྒྲལ། ལུས་བདག་འཛིན་བོར་བའི་སྐྱེ་མེད་སེམས། རྩ་དབུ་མའི་ལམ་ནས་མཁའ་ལས་བཏོན། ཕཊ༔ ཉོན་མོངས་ཀྱི་བདུད་བཅོམ་སྐལ་བཟང་མ། སྐུ་རྒྱན་དྲུག་ཁྲ་ལེ་གར་གྱིས་བཞེངས། ཕཊ༔ དཀར་འགྱེད་བྱེད་ན། གཡས་གྲི་གུག་གིས་ཕུང་པོའི་བདུད་པོ་བསྒྲལ། བདུད་སྙེམས་བྱེད་མགོ་བཅད་ཐོད་པ་བྲེག སྟོང་གསུམ་གྱི་ཁ་ལ་ཟངས་སུ་བཙུག གཟུགས་ཕུང་པོ་སྣོད་དུ་ལིང་གིས་བཞག ཐུགས་གསང་བའི་མཛོད་ནས་འཕྲོས་པ་ཡིས། ཨ་ཐུང་གི་མེ་ཡིས་གཟུགས་ཕུང་བཞུས། ལུས་ཕུང་ཁམས་བདུད་རྩིར་ནར་གྱིས་ཞུ། ཨ་ཧཾ་ལས་བདུད་རྩིའི་ཞུན་ཐིགས་ཀྱིས། རོ་བརྒྱ་ལྡན་བདུད་རྩིས་གནམ་སར་ཁེངས། ཕཊ༔ སྐྱབས་དཀོན་མཆོག་མགྲོན་ལ་མཆོད་པ་འབུལ། བཀའ་བསྟན་སྲུང་ཚོགས་ཀྱིས་དགྱེས་པར་བཞེས། བགེགས་འབྱུང་པོ་སྡེ་བརྒྱད་ངོམས་པར་རོལ། མ་རིགས་དྲུག་འགྲོ་རྣམས་ཚིམས་པར་སྤྱོད། ཕཊ༔ ལྷ་མཆོད་མགྲོན་མཉེས་ནས་ཚོགས་གཉིས་རྫོགས། བོན་བསྟན་སྐྱོང་དགྱེས་ནས་ལས་བཅོལ་སྒྲུབས། གདོན་ཕོ་མོའི་གདུག་སེམས་གནོད་འགལ་ཞི། མ་རིགས་དྲུག་འདོད་ཚིམས་ལན་ཆགས་ཁེར། ཕཊ༔ཕཊ༔ཕཊ༔ དམར་འགྱེད་ནི། གཡས་གྲི་གུག་གིས་ཕུང་པོའི་བདུད་པོ་བསྒྲལ། བདུད་སྙེམས་བྱེད་མགོ་བཅད་གཡང་གཞིའི་སྟེང༌། སྟོང་གསུམ་གྱི་ཁ་ལ་ཤ་ཁྲག་སྤུངས། བྱ་རྒོད་པོ་རོ་ཐོག་ལྷག་པ་བཞིན། ཁྱོད་གཉན་སའི་ལྷ་འདྲེ་འདིར་འདུས་ལ། ཤ་འདོད་ན་ཤ་ལ་ཁམ་ཁམ་ཟོ། ཁྲག་འདོད་རྣམས་ཁྲག་ལ་ལྕིབ་ལྕིབ་འཐུང༌། རུས་འདོད་རྣམས་རུས་འཆོས་ལྷ་རྐང་འཇིབ། ནང་ཁྲོལ་དང་རྒྱུ་མ་ཁྱུར་ཁྱུར་རོལ། ཚེ་སྔ་ཕྱིའི་ལན་ཆགས་ཁེར་གྱུར་ཅིག འདྲེ་གདུག་ཅན་གདུག་སེམས་ཞི་གྱུར་ཅིག ཕཊ༔ཕཊ༔ཕཊ༔ བོན་སྦྱིན་ནི། གནས་གསང་ཆེན་ཞིང་འཁོད་ལྷ་འདྲེ་རྣམས། དུས་རྟག་ཏུ་གཞན་ལ་གནོད་སེམས་སྤངས། ཡུལ་གཡུང་དྲུང་གནས་བཞིར་སྐྱབས་སུ་གསོལ། མ་སེམས་ཅན་ཡོངས་ལ་སྙིང་རྗེ་བསྐྱེད། ཕཊ༔ སྐྱབས་སྦྱིན་ནི། སེམས་དྲན་བསམ་མཁན་པོའི་གཞི་རྩ་ཆོད། དོན་དངོས་པོ་མ་གྲུབ་ས་ལེ་བ། འདི་ཀུན་བཟང་དགོངས་པ་ཡང་དག་ཡིན། ད་རང་ངོ་ཤེས་ནས་གྲོལ་བར་ཤོག ཕཊ༔ རྗེས་སུ་བསྔོ་སྨོན་ནི། བདག་གིས་ཟག་མེད་ཚོགས་ཆེན་འདི་བཀྱེས་པའི། དགེ་ཚོགས་གཉན་སའི་ལྷ་འདྲེ་ཡོངས་ལ་བསྔོ། ཀུན་ཀྱང་ཚོགས་གཉིས་གཏེར་ལ་ལོངས་སྤྱོད་ནས། འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་མྱུར་ཐོབ་ཤོག ཕཊ༔ ཅེས་འཁོར་གསུམ་དམིགས་མེད་རྒྱ་ཡིས་གདབ་པའོ། འདིའང་རང་སློབ་ཉག་བཙུན་པྲཛྙའི་མིང་གིས་རིན་ཆེན་གཉིས་པའི་མེ་ཏོག་དང་དྲི་མེད་ལྷ་དར་གྱིས་སྣ་དྲངས་ཏེ་བསྐུལ་བའི་ངོར་ཤར་རྫའི་བྱ་བྲལ་རིག་པ་རང་ཤར་གྱིས་བྲིས་པས་དགེ་བ་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་པའི་རྒྱུར་གྱུར་ཅིག བཀྲ་ཤིས་པར་ཤོག དགེའོ། དགེའོ།

ཧོར་རུ་ལགས་ཀྱིས་མཐུན་སྦྱོར་གནང་།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།