བོན་གྱི་གཞུང་ལུགས་ནང་གི་གནའ་རྩོམ་གྱི་ཉམས།

2
3928
གཏོ་ཡི་བཀའ་སྒྲོམ་པར་མཛོད་ནས་མཁོ་འདོན་ཞུས།

རྩོམ་པ་པོ། ཚུལ་ཁྲིམས་དྲི་མེད།

        དུར་ཁྲོད་ཀློང་གི་བ་མོ་ཆེ། རིག་གཞུང་སྔོག་འདོན་བྱེད་པའི་དུས་རབས་ཀྱི་གོམ་འགྲོས་ཉིན་རེ་བཞིན་མགྱོག་ཚད་ཇེ་མཐོར་སོང་བའི་མོད་ལ་ཞིབ་འཇུག་པ་དང་། སྙན་ངག་སྨྲ་བ་དུ་མ་ཞིག་གིས་ཚ་ཚ་འུར་འུར་གྱིས་སྙན་གཞུང་མེ་ལོང་མ་བོད་དུ་མ་དར་གོང་གི་བོད་ཀྱི་གནའ་བོའི་རྩོམ་རིག་ཅིག་ལ་དགའ་ཞེན་དང་བཅས་ཏེ་ཡང་ཡང་གླེང་གིན་ཡོད། དེ་ཙམ་དུ་མ་ཟད་སྙན་ངག་སྨྲ་བ་འགས་བོན་གྱི་གཞུང་ལུགས་ནང་གི་གཏོ་མདོས་སོགས་ཀྱི་ཚིག་བཅད་དུ་མ་ཞིག་སྙན་ངག་གི་ངོ་བོར་གྲུབ་ཡོད་པ་དང་། དེ་ཡང་བོད་རང་གི་ཐུན་མིན་ཚིག་འགྲོས་ཅན་གྱི་སྙན་ངག་ཅིག་ཡིན་པ་ཡང་ནས་ཡང་དུ་སྨྲ་མྱོང་ཡོད། དེ་དག་གི་ཆ་ཤས་བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་ནང་གི་<<བོན་གྱི་ཞིབ་འཇུག་སྐོར་གྱི་རྩོམ་ཡིག>>ཅེས་པ་ལས། “བོན་གཞུང་ཁག་ཅིག་ནི་བརྗོད་བྱའི་ནང་དོན་གྱི་ཆ་ནས་འདྲ་མཚུངས་ཅི་རིགས་ཡོད་ནའང་། རྒྱ་གར་ནས་བྱུང་བའི་ཆོས་ཚིག་དབར་རྩོམ་རིག་སྒྱུ་རྩལ་གྱི་ཆ་ནས་ཧེ་བག་ཆེན་པོ་ཡོད་པ་སྟེ། དཔེར་ན། བོན་གྱི་གཞུང་གསས་མཁར་མཆོག་ལྔས་གཙོས་པའི་ཆོ་གའི་གཞུང་ཕལ་མོ་ཆེ་སུམ་རྟགས་ཀྱི་འགྲོ་སྟངས་དང་སྦྱར་ཏེ་འགྱུར་བ་གང་འཚམས་ཐེབས་པ་ཞིག་ཏུ་འཇོག་ཆོག་པ་འདྲའང་། རྒྱ་གར་ནས་བསྒྱུར་བའི་རྩོམ་རིག་གི་འགྲོས་གང་ཡང་མེད་པར་སྙམ། ང་ཚོས་དེ་དག་ལ་རྩོམ་རིག་གཟིགས་ཞིབ་ཀྱིས་སྒྱུ་རྩལ་གྱི་རང་བཞིན་བརྟག་བྱར་བཟུང་ནས་ཐུན་མིན་གྱི་ཁྱད་ཆོས་ལྐོག་གྱུར་གྱི་རང་བཞིན་དུ་གནས་པ་དེ་དག་ཕྱིར་འདོན་བྱེད་དེ་རྩོམ་རིག་གཉིས་ཀྱི་དབར་གཤིབ་བསྡུར་ཡང་ཡང་བྱས་པ་ཡིན་ན། ད་གཟོད་སྒྱུ་རྩལ་གྱི་གོ་བ་མི་འདྲ་བ་ཞིག་འཆར་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་སྡོམ་ཚིག་ངེས་ཅན་ཞིག་འཇོག་ཐུབ་སྙམ།” །ཞེས་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་འགྲོས་དང་བོད་ཀྱི་རྩོམ་རིག་གི་འགྲོས་ལ་གོ་རྟོགས་ངེས་ཅན་ཡོད་པ་ཞིག་གི་མྱོང་གཏམ་དྲོན་མོ་ཞིག་ལོས་ཡིན་སྙམ་པ་འདུག འོན་ཀྱང་མི་མང་ཆེ་བས་བོན་གྱི་གཞུང་ལུགས་ཡིན་ཕྱིན་དེ་ལ་ལྟ་རྟོགས་མི་བྱེད་པའམ་བྱེད་འདོད་མེད་པར་རྒྱང་དུ་དོར་རྐྱང་བྱེད་པའི་རིས་ཆད་ཀྱི་ལྟ་བ་ངན་པ་ཞིག་འདུག་པས། བོན་གྱི་གཞུང་ལུགས་འདི་རྣམས་ཀྱི་ནང་དུ་རིན་ཐང་ཅན་གྱི་སྙན་ངག་ཇི་ཙམ་ཡོད་ཀྱང་གཞུང་ལུགས་ཁྲོད་ན་གབ་སྦས་ཀྱི་ཚུལ་དུ་ལུས་འགྲོ་བ་ལས་དེ་ལ་ངོས་འཛིན་བྱེད་པ་དང་། བཤུ་འགོད་རིགས་བྱེད་མཁན་ནི་ཉིན་མོའི་སྐར་མ་བཞིན་དུ་ཧ་ཅང་ཉུང་བ་ཕར་བལྟས་ཚུར་གསལ་དུ་ཆགས་ཡོད་པ་འདིའོ། །

     དེས་ན་མེ་ལོང་ཡེ་ཤེས་ཀྱི་དྲ་བ་འདིའི་<<གནའ་རྩོམ་ཚན་བཤུས་ཀྱི་མེ་ལོང་>>ཞེས་པའི་ས་དམིགས་འདི་ནས་བོན་གྱི་གཞུང་ལུགས་ཁྲོད་དུ་ཡོད་པའི་སྙན་ངག་རང་བཞིན་ཅན་གྱི་གནའ་རྩོམ་དག་ཚན་བཤུས་བྱས་ཏེ་ཀློག་པ་པོ་རྣམས་ལ་རིམ་པར་འབུལ་བཞིན་ཡོད་སྟབས། ད་ལན་བདག་གིས་གོ་སྐབས་འདི་བཟུང་ནས་བོན་གྱི་གཞུང་ལུགས་མཁའ་ཀློང་གསང་བའི་མདོས་ཆེན་ལས་གསོན་ཉམས་ལྡན་པའི་གནའ་རྩོམ་ཞིག་ཚན་བཤུས་བྱས་ཏེ་དཔྱད་པ་ཕྲན་བུ་ཞིག་དང་སྦྲགས་ནས་ཀློག་པ་པོའི་རྣམས་ཀྱི་མདུན་སར་འབུལ་འདོད་བྱུང་།

   མཁའ་ཀློང་གསང་མདོས།  དེ་ཡང་ཐོག་མར་ངས་འགོད་འཆར་ཡོད་པའི་ཚིག་བཅད་འདི་ནི་བོན་གྱི་མདོས་ཞེས་པའི་ཆོ་གའི་ནང་དོན་དང་འབྲེལ་བའི་སྙན་ངག་ཅིག་ཡིན་པས། སྔོན་དུ་མདོས་ཀྱི་སྐོར་ངོ་སྤྲོད་རོབ་ཙམ་ཞུས་ན་བོན་གྱི་དཔེ་གཞུང་ལ་རྒྱུས་མངའ་ཆེར་མེད་མཁན་རྣམས་ཀྱིས་སྙན་ངག་འདིའི་དགོས་པ་དང་རྒྱབ་ལྗོངས་ཀྱི་སྤྱི་ཁོག་སོགས་ལ་རྒྱུས་ལོན་ཡོང་བ་དང་། བརྗོད་བྱ་ལ་གོ་བ་གཏིང་ཟབ་ཏུ་འགྲོ་བ་དང་། གོ་བདེ་རུ་འགྲོ་བའི་ཕན་ཐོགས་ཞིག་ཡོང་ངེས་སྙམ། དེ་ཡང་མདོས་ཞེས་པ་ནི་ཡོངས་འཛིན་སྨྲ་བའི་དབང་པོས་<<བོན་དང་ཞང་ཞུང་གནའ་བོའི་བོད།>>ཅེས་པའི་རྒྱལ་སྤྱིའི་ཚོགས་འདུར་བསྩལ་བའི་གསུང་བཤད་ཡི་གེར་བཀོད་པ་<<གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་སྐོར།>>ཞེས་པའི་ནང་“སྣང་གཤེན་ལབ་ཡ་དེ་མདོས་ཀྱི་སྐོར་རེད། གཏོ་དེ་རྒྱ་ཆེར་སོང་དུས་སྣང་གཤེན་གྱི་བོན་ལ། ཡར་གཏོ་ལབ་ན་ཡར་ལྷ་སྲིན་སྡེ་བརྒྱད་ཡུལ་ས་གཞི་བདག་དང་། མཐོ་བ་སྲིད་པའི་རྒྱལ་མོ་དེ་ལ་སོགས་པའི་སྐོང་མདོས་རྒྱ་ཆེན་པོ་ཞིག་བཅའ་རྒྱུ་ཡོད་པ་རེད།” ཅེས་སོགས་གསུངས་ཡོད།  དེས་ན་མདོས་ཞེས་པ་ནི་གཙོ་བོ་བོན་གྱི་ཐེག་པ་རིམ་དགུའི་ནང་ཚན་གཉིས་པ་སྣང་གཤེན་ཐེག་པས་ཉམས་སུ་ལེན་བྱའི་གཞུང་ལུགས་ཤིག་ཡིན་ལ། མཁའ་ཀློང་གསང་བའི་མདོས་ཆེན་འདི་ཉིད་ནི་ད་ལྟ་ཡོད་པའི་བོན་གྱི་དཔེ་ཆ་རྣམས་ལས་མདོས་ཀྱི་གཞུང་ཆེ་ཤོས་དེ་ཡིན་ཟེར་ཆོག དེ་ཡང་མདོས་ཀྱི་ནང་དོན་གཙོ་བོ་ནི་མཐོ་བ་ལྷ་སྲིན་སྡེ་བརྒྱད་དང་། དམའ་བ་ཡུལ་ས་གཞི་བདག་རྣམས་མགྲོན་དུ་འབོད་ནས་དེ་དག་ཐུགས་དམ་བསྐོང་ཆེད་དུ། མདོས་ཀྱི་གཟུགས་བརྙན་ནི་སྣང་སྲིད་འཇིག་རྟེན་ཁམས་ཀྱི་མཁོ་མཐུན་གྱི་དངོས་པོ་མ་ཚང་བ་དང་། མ་འཚོགས་པ་མེད་པའི་ཕུན་ཚོགས་ཀྱི་དངོས་པོ་ཞིག་ལ་དམིགས་ནས་དེ་ཉིད་འཇིག་རྟེན་གྱི་བཀོད་པ་དང་སྦྱར་ཏེ་མགྲོན་བཞི་ལ་མཆོད་པ་འབུལ་བ་དང་། དགེ་དེས་སེམས་ཅན་ཐམས་ཅད་ལ་ཞི་བདེ་ཡོང་བའི་འདུན་པ་དང་རེ་བ་བྱེད་པ་ཞིག་ཡིན། གཞན་ཡང་མདོས་ཀྱི་ཁུངས་དང་རྒྱུ་མཚན་དགོས་པ་སོགས་ཀྱི་སྐོར་རྒྱས་པར་ཤེས་འདོད་ན་གོང་གི་ཡོངས་འཛིན་རིན་པོ་ཆེས་གསུངས་པའི་གཡུང་དྲུང་བོན་གྱི་ཐེག་པ་རིམ་དགུའི་སྐོར་དང་། དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་བརྩམས་པའི་བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་ནང་གི་མཁའ་ཀློང་གསང་མདོས་ལ་དཔྱད་པའི་གཏམ་སྐྱ་རེང་གསར་པ་སོགས་སུ་གཟིགས་ན་ཅུང་རྒྱས་པར་མཁྱེན་གཟིགས་གནང་ཐུབ།

     བྱ་བྱིའུ།མདོས་གཞུང་གི་ཆོ་ག་དངོས་སུ་སྒྲུབ་སྐབས་མཆོད་པའི་རྫས་ཆ་ལ་རྩི་ཤིང་དང་བལ་ཚོན། མེ་ཏོག་དང་འབྲས་བུ། ནམ་མཁའ་དང་རྒྱང་བུ། ཕོ་སྟོང་དང་མོ་སྟོང་། དར་ཟབ་དང་རྒྱན་གོས་སོགས་དང་། གཞན་ཡང་བྱ་གཅན་དང་རི་གཡུང་ཆུ་གནས་སོགས་སེམས་ཅན་སྣ་ཚོགས་ཀྱི་གཟུགས་རིས་བྲིས་པའི་ཤོག་ཁྲ་མང་པོ་དགོས་ཀྱི་ཡོད། གཞུང་གི་ནང་དུ་ཡང་མཆོད་པ་དེ་དག་གིས་མཚོན་དོན་དང་འབྲེལ་བའི་ཚིག་བཤད་རྒྱས་པར་ཡོད་ཅིང་དེ་རྣམས་དབྱངས་ཀྱིས་གྱེར་ནས་ཀློག་ཚེ་ཚིག་སྙན་ཞིང་འཇེབ་ལ་གསོན་ཉམས་དང་ལྡན་པས་འདི་ཚོ་ནི་སྙན་ངག་ཅིག་ལོས་ཡིན་བསམ་པ་འབའ་ཞིག་ཏུ་སྣང་། དེས་ན་ད་ལན་ངས་ཚན་བཤུས་བྱ་རྒྱུ་འདི་ནི་དེ་ཡི་ནང་ནས་བྱ་གཅན་དང་། རི་གཡུང་། ཆུ་གནས་སོགས་སྲོག་ཆགས་ཀྱི་གཟུགས་རིས་བྲིས་པ་དེ་དག་ལ་སྦྱར་བའི་མཆོད་པའི་ཚིག་བཤད་ཅིག་ཡིན།

དེ་ཡང་མཁའ་ཀློང་གསང་བའི་མདོས་ཆེན་ནང་གི་<<སྤྱི་རྒྱུག་མདོས་མཆོང་རིན་ཆེན་ཕྲེང་བའི་ཟིལ་གནོན།>>ཞེས་པའི་ལེའུ་ལས།

     “ཀྱེེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །ཡས་ལ་རེ་བའི་མདོས་བདག་རྣམས། །ཡིད་ལ་འཐད་པ་འདོད་རྒུའི་རྫས། །གཟུགས་འགྲོས་སྣ་ཚོགས་མདོས་ལ་བརྒྱན། །བྱ་རྒྱལ་ཁྱུང་ཆེན་མན་ཆད་དང་། །བྱེ་༼ཕྱེ་༽མ་ལབ་ཙེ་ཡན་ཆད་ཀྱི། །འདབ་ཆགས་སྡེ་རིགས་ཐམས་ཅད་ཀུན། །བྱ་སྐད་སྣ་ཚོགས་ལྷངས་སེ་ལྷང་། །སྤུ་སྡུག་མདང་གསལ་ཡ་ལ་ལ། །གནམ་ལྡིང་འདབ་ཆགས་ངོ་མཚར་ཆེ། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །རྒྱུ་སྦྱོར་འདི་ཡི་གླུད་འདི་འབུལ། །རྩལ་ཆེན་སེང་གེ་མན་ཆད་དང་། །སྲེ་མོང་ལག་དཀར་ཡན་ཆད་ཀྱིས། །གཅན་གཟན་སྡེ་རིགས་ཐམས་ཅད་ནི། །གཅན་གཟན་སྡེར་སྐད་ཁྲ་ལ་ལ། །གཅན་གཟན་མཆེ་གཙིག་ཐེམས་སེ་ཐེམས། །གཅན་གཟན་རྒྱུག་མཆོང་ངོ་མཚར་ཆེ། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །རྒྱུ་སྦྱོར་འདི་ཡི་གླུད་དུ་འབུལ། །འབྲིང་༼འབྲོང་༽ཆེན་འགྱིང་བ་མན་ཆད་དང་། །བྲ་བ་བྱི་བ་ཡན་ཆད་ཀྱི། །རིག་དྭགས་སྡེ་རིགས་ཐམས་ཅད་ནི། །རུ་ཐུར་གནམ་དུ་ཟངས་སེ་ཟང་། །རི་དྭགས་ཆོ་དགུ་པྲིངས་སེ་པྲིང་། །འདི་འདྲའི་རི་དྭགས་ངོ་མཚར་ཆེ། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །རྒྱུ་སྦྱོར་འདི་ཡི་གླུད་དུ་འབུལ། །ཤུགས་ཆེན་རྟ་མཆོག་མན་ཆད་དང་། །ར་མ་ལུག་ཆུང་ཡན་ཆད་ཀྱི། །གཡུང་དག་རིགས་སུ་ཐམས་ཅད་ནི། །རྨིག་བཞི་ས་ལ་ཁྲབས་སེ་ཁྲབ། །འགྲོ་བའི་སྟབས་འགྲོས་ཤིགས་སེ་ཤིགས། །གཡང་དྭགས་སྡེ་རིགས་ངོ་མཚར་ཆེ། །སྲིད་པ་མདོས་ཀྱི་རྒྱན་དུ་འབུལ། །རྒྱུ་སྦྱོར་འདི་ཡི་གླུད་དུ་འབུལ། །ཆུ་སྲིན་རྒྱལ་བ་མན་ཆད་དང་། །ལྕོང་མོ་མགོ་ལྡོག་ཡན་ཆད་ཀྱི། །ཆུ་གནས་སྡེ་རིགས་ཐམས་ཅད་ནི། །འཕྱོ་བ་ཉལ་བ་སྐྱལ་བ་བྱེད། །སྲིད་པ་མདོས་ཀྱི་རྒྱན་དུ་ཆེ། །རྒྱུ་སྦྱོར་འདི་ཡི་གླུད་དུ་འབུལ། ཞེས་སོ།

དཔྱད་བརྗོད།

གཏོ་མདོས་ཆེན་མོ།
གཏོ་མདོས་ཆེན་མོ།

  འདི་ལ་སྙན་ངག་གི་འགྲོས་ཕྱོགས་ནས་དཔྱད་བརྗོད་ཅིག་བྱས་ན། ཚིག་བཅད་འདིའི་བརྗོད་བྱ་ནི་ངས་གོང་དུ་ཞུས་པ་བཞིན་མདོས་ཀྱི་རྫས་ཆར་བསགས་པའི་ཤོག་ཁྲའི་ནང་གི་བྱ་གཅན་དང་རི་གཡུང་ཆུ་གནས་སོགས་སྲོག་ཆགས་ཀྱི་གཟུགས་རིས་བྲིས་པ་དེ་དག་སྟེ། “ཡིད་ལ་འཐད་པ་འདོད་རྒུའི་རྫས། གཟུགས་འགྲོས་སྣ་ཚོགས་མདོས་ལ་བརྒྱན།” ཞེས་པས་གསལ་ཡོད། དེ་ལྟར་བརྗོད་བྱ་ནི་རི་མོ་དེ་རྣམས་ཡིན་ཀྱང་ཚིག་འབྲུ་དེ་དག་གི་ནང་དུ་སྲོག་ཆགས་དངོས་ཀྱི་གཟུགས་བརྙན་གསོན་ཉམས་དང་ལྡན་པར་འཕྱོར་འབྲི་བྱས་ཡོད། དེས་ན་འདི་ནི་བརྗོད་བྱའི་ཡུལ་གྱི་གཟུགས་བརྙན་འཕྱོར་འབྲི་བྱས་པའི་སྙན་ངག་ཅིག་ཡིན་ཟེར་ཆོག

     སྤྱིར་སྙན་ངག་ཅེས་པའི་གོ་བ་ནི་ཚིག་སྦྱོར་སྙན་པོའི་སྒོ་ནས་བརྗོད་བྱ་མཚོན་པར་བྱས་པ་ཞིག་ལ་ཟེར་བ་ཡིན་ལ་ཚིག་བཅད་འདི་ལ་མཚོན་ན་ཚིག་གི་བཅད་མཚམས་ཡངས་པས་ཀློག་སྤྲོ་བ་དང་། ཚིག་སྔ་ཕྱི་འབྲེལ་ཆགས་པས་བརྗོད་བདེ་བ། བརྗོད་བྱ་མཚོན་སྟངས་ལེགས་པས་ཁ་གསལ་བ་སོགས་ཀྱི་སྙན་ངག་གི་ཁྱད་བོན་ཤིན་ཏུ་མང་བ་ཚང་ཡོད་པ་ནི་སྨོས་མ་དགོས་པར་བཀླག་པ་ཙམ་གྱིས་ཤེས་ནུས་པར་འདུག་ལ། ཧ་ཅང་ཚིག་རྒྱན་གྱིས་བཅིངས་དྲགས་པ་མེད་པས་སུ་ཞིག་གིས་ཀྱང་གོ་བདེ་བ་སྙན་ངག་མེ་ལོང་མའི་ཚིག་འགྲོས་ཀྱི་ཤན་མ་ཞུགས་པའི་རྣམ་པ་གསལ་པོར་ཡོད།

     དེ་ཡང་ཚིག་བཅད་སོ་སོའི་ནང་གི་འཕྱོར་འབྲི་བྱེད་རྒྱུའི་ཡུལ་མི་འདྲ་བ་ཡིན་པས་དེ་དག་མཚོན་པའི་ཚིག་རྣམས་ཀྱང་བརྗོད་བྱ་སོ་སོ་དང་བར་ཐག་ཉེ་བའམ་གནད་ལ་ཁེལ་བ་བྱུང་ཡོད་པས་ཀློག་ཚེ་ཚིག་བཅད་སོ་སོའི་བརྗོད་བྱ་མ་འདྲ་བ་དག་ང་ཚོའི་ཡིད་ངོར་ཧ་ཅང་གི་འཆར་བདེ་པོ་བྱུང་ཡོད།

     སྤྱིར་དངོས་པོ་གང་ཞིག་གི་གཟུགས་བརྙན་འཕྱོར་འབྲི་བྱེད་པའི་སྙན་ངག་ཅིག་འབྲི་དགོས་ན་ཁྱད་བོན་འདི་ཉིད་ཚང་ཐུབ་དང་མ་ཐུབ་ཀྱི་ཁྱད་པར་གྱིས་སྙན་ངག་དེ་ལ་བརྗོད་བྱའི་ཆ་ནས་གསོན་ཉམས་ལྡན་དང་མི་ལྡན་གྱི་ཁྱད་པར་ཆེན་པོ་ཤོར་འགྲོ་བ་ཡིན། དཔེར་ན་རང་གིས་བྱ་དངོས་གང་ཞིག་འཕྱོར་འབྲི་བྱེད་སྐབས་དེ་དང་བར་ཐག་རིང་སོང་བའམ་འབྲེལ་བ་ཡོད་ཙམ་གྱི་གནས་ལུགས་འགའ་བརྗོད་པ་ལས། ཧ་ཅང་གི་བར་ཐག་ཉེ་བར་གནས་པ་དང་ངོ་བོ་གཅིག་ཏུ་འདྲེས་པའི་དོན་དག་སྐབས་ཐོག་ཏུ་འདྲེན་མ་ཐུབ་ན་རང་གིས་བྲིས་པའི་རྩོམ་དེ་ད་གཟོད་རྩ་བའི་བརྗོད་བྱ་དང་གནད་དུ་མ་ཁེལ་བའམ་དིང་དིང་དུ་སོང་བ་ལྟ་བུའི་སྣང་ཚུལ་ཡོང་ནས་གསོན་ཉམས་དང་ལྡན་པ་ཞིག་གཏན་ནས་ཡོངས་ཐུབ་ཀྱི་མེད།

 མདོས་ཀྱི་མཐུན་རྫས།     དེས་ན་གོང་གི་ཚིག་བཅད་འདི་ནི་དེ་ལྟ་བུའི་ཁྱད་བོན་འབུར་དུ་ཐོན་པའི་དཔེ་ཞིག་རེད་ཟེར་ཆོག དེ་ཡང་སྤྱིར་ང་ཚོའི་འཚོ་བའི་ནང་སྲོག་ཆགས་ལ་རིགས་ཀྱི་དབྱེ་སྟངས་ཡོད་པ་བཞིན་ཚིག་བཅད་འདིའི་ནང་དུ་ཡང་སྲོག་ཆགས་ལ་རིགས་ཀྱི་དབྱེ་བ་བྱས་ཡོད་པ་སྟེ། འདབས་ཆགས་ཀྱི་རིགས། གཅན་གཟན་གྱི་རིགས། རི་དྭགས་ཀྱི་རིགས། གཡུང་དྭགས་ཀྱི་རིགས། ཆུ་གནས་ཀྱི་རིགས་བཅས་ཕྱེས་ཡོད། དེ་ཡང་རིགས་སོ་སོའི་ཐུན་མོངས་མ་ཡིན་པའི་དབྱིབས་དང་ཁྱད་པར་། འགྲོས་དང་རྣམ་འགྱུར། བྱ་བྱེད་སོགས་འབུར་དུ་ཐོན་པར་བྱས་ཏེ་རིམ་པར་བརྗོད་ཡོད་པས་ང་ཚོས་ཚིག་བཅད་རེ་རེ་བཞིན་དུ་ཀློག་ཚེ་བར་སྐབས་སོ་སོ་རུ། རིགས་མི་འདྲ་བའི་སྲོག་ཆགས་རང་རང་གི་རང་བཞིན་གང་ཡོད་པ་དེ་དག་གཟུགས་བརྙན་ཞིག་ཏུ་སྤྲུལ་ནས་དེང་དུས་ཀྱི་སྲོག་ཆགས་གླིང་ཁའི་གློག་བརྙན་ཞིག་ལ་བལྟ་བཞིན་པ་ཇི་བཞིན་ཡིད་ལམ་དུ་ཁྲ་ལམ་མེར་འཆར་དུ་བཅུག་པ་ཡིན་ལ། དེ་དག་གི་ཁྲོད་ནས་ང་ཚོས་སྲོག་ཆགས་རེ་རེ་བཞིན་དུ་བསམ་མནོ་བཏང་ན་རིགས་ཀྱི་དབྱེ་བ་དེ་དག་གང་གི་ཁོངས་སུ་གཏོགས་པ་ཡང་ལས་སླ་པོའི་སྒོ་ནས་ཤེས་འོང་བ་ཞིག་ཀྱང་ཡོད། དཔེར་ན་འདབ་ཆགས་ཀྱི་སྐོར་བཤད་སྐབས་“བྱ་སྐད་སྣ་ཚོགས་ལྷངས་སེ་ལྷང་། །སྤུ་སྡུག་མདང་གསལ་ཡ་ལ་ལ། །གནམ་ལྡིང་འདབ་ཆགས་ངོ་མཚར་ཆེ།”ཞེས་བརྗོད་བྱ་འདབས་ཆགས་ཀྱི་ཐུན་མོངས་མ་ཡིན་པའི་ཁྱད་བོན་འབུར་དུ་ཐོན་པར་བརྗོད་ཡོད་པ་དང་།

      དེ་བཞིན་“གཅན་གཟན་སྡེར་སྐད་ཁྲ་ལ་ལ། །གཅན་གཟན་མཆེ་གཙིག་ཐེམས་སེ་ཐེམས། །གཅན་གཟན་རྒྱུག་མཆོང་ངོ་མཚར་ཆེ།” ཞེས་གཅན་གཟན་གྱི་རྣམ་པ་དང་། “གཡུང་དྭགས་རིགས་སུ་ཐམས་ཅད་ནི། །རྨིག་བཞི་ས་ལ་ཁྲབས་སེ་ཁྲབ། །འགྲོ་བའི་སྟབས་འགྲོས་ཤིགས་སེ་ཤིགས།”ཞེས་གཡུང་དྭགས་རིགས་ཀྱི་སྣང་བརྙན་འབུར་དུ་ཐོན་པར་བྱས་ཡོད་ལ། ཚིག་མཇུག་དུ་གསལ་བའི་ཟློས་སྒྲའི་ཚིག་འདི་དག་ནི་ཐུན་མོངས་མ་ཡིན་པ་ཞིག་ཏུ་ཡོད་པས་དེའི་སྐོར་ངས་<<སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་>>ཞེས་པའི་རྩོམ་ཡིག་ནང་དུ་གསལ་བཤད་བྱས་ཡོད། ཁྱད་པར་དུ་“ ཆུ་གནས་སྡེ་རིགས་ཐམས་ཅད་ནི། །འཕྱོ་བ་ཉལ་བ་སྐྱལ་བ་བྱེད།” ཅེས་པའི་ཚིག་ཉུང་ངུ་འདིས་ཆུ་གནས་རིགས་སྤྱི་ཁྱབ་ཀྱི་རྣམ་པ་ཡོངས་སུ་མཚོན་ཐུབ་པ་བྱས་ཡོད། འདི་ལྟ་བུ་ལ་དཔེ་མཚོན་ནས་བཤད་ན། བརྗོད་བྱ་དེ་དང་ཤིན་ཏུ་ཉེ་བའི་དོན་གནད་ལ་ཁེལ་བ་ཞིག་འབུར་དུ་ཐོན་པར་ཚིགས་སུ་དྲང་ཐུབ་ན་ད་གཟོད་ཚིག་མང་པོ་ལ་དགོས་པ་མེད། ཚིག་ཉུང་ངུ་ཙམ་ཞིག་གིས་ཀྱང་བརྗོད་བྱ་དེ་ལས་སླ་པོའི་སྒོ་ནས་གསོན་ཉམས་དང་ལྡན་པར་འཕྱོར་འབྲི་བྱེད་ཐུབ་ལ། ཚིག་ཉུང་ངུ་ཞིག་གིས་བརྗོད་བྱ་མཐའ་ཡས་པ་ཞིག་གི་རང་བཞིན་ལྷུག་པོར་བརྟོལ་ཐུབ་པ་ཡིན། དོན་གྱི་མཁས་པ་ཚོས་སྡོམ་ཚིག་ཉུང་ངུ་རེས་འཇིག་རྟེན་གྱི་རྣམ་བཞག་གམ། ཡང་ན་མི་ཚེའི་རང་བཞིན། སྤྱི་ཚོགས་ཀྱི་འགྱུར་ལྡོག་སོགས་རྨངས་ནས་གཏིང་དཀྲུག་བྱས་པ་ལྟ་བུས་བདེ་ཁྱུགས་སེ་གསལ་ཝ་ལེར་འཕྱོར་འབྲི་བྱེད་དེ་མཚོན་ཐུབ་པ་ནི་ངས་བཤད་མ་ཐག་པ་བཞིན། ཁོང་ཚོས་བརྗོད་བྱ་དེ་དག་དང་གཤིས་ལ་ཉེ་བའི་གནད་འགག་སྐབས་ཐོག་ཏུ་དྲང་ཐུབ་པས་ཡིན། དེ་ལྟར་ཡོང་ཐུབ་མིན་ནི་གཙོ་བོ་བརྗོད་བྱ་དེ་ལ་རང་ཉིད་གོམས་འདྲིས་དང་རྒྱུས་མངའ་ཆེན་པོ་ཞིག་ཡོད་མེད་དམ་དཔྱད་པ་གཏིང་ཟབ་ཅིག་སོང་མ་སོང་ལ་རག་ལས་ཡོད།

    མདོར་ན་ཚིག་བཅད་འདི་ནི་ཡུལ་གྱི་སྣང་བརྙན་འཕྱོར་འབྲི་བྱས་པའི་གནའ་བོའི་སྙན་ངག་ཚོན་པོ་ཞིག་ཞིག་རེད་ལ་འདིའི་ནང་བརྗོད་བྱའི་སྣང་བརྙན་བཞེང་སྟངས་ནི་དེ་བས་ཀྱང་གསོན་ཉམས་དང་ལྡན་པར་བྱུང་ཡོད། འདི་ལྟ་བུའི་བོན་གྱི་གཞུང་ལུགས་ནང་གི་ཚིག་བཅད་དུ་མ་ཞིག་ལ་ཕྲ་ཞིབ་ཀྱི་ལམ་ནས་དཔྱད་པ་བྱས་ན་བོད་ཀྱི་གནའ་བོའི་རྩོམ་རིག་ཁྲོད་དུ་ཚིག་གི་འགྲོས། གདངས་ཀྱི་ཉམས། དོན་གྱི་བརྗོད་སྟངས་སོགས་སྙན་ངག་གི་ཉམས་འགྱུར་ཐུན་མོང་མ་ཡིན་པ་ཞིག་དང་རྨད་དུ་བྱུང་བ་ཞིག་ཡོད་པ་མཐོང་ཐུབ་པ་ཡིན་ནོ། །ཞེས་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ཀྱིས་སྤྱི་ལོ་ ༢༠༡༥ ཟླ་བ་ ༡༡ པའི་ཚེས་ ༢ ཉིན་མཇུག་ཚང་བར་བྲིས་པའོ།། །།

2 དགོངས་ཚུལ་རྣམས།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

    • དྲི་ལས་རོ་བཞེས་ན་བྲོ་བ་ཞིམ། ཕན་ཐོགས་ཆེ་རྒྱུ་རེད། ཡང་དྲི་འཛིན་དབང་པོ་ལ་བརྟག་དཔྱད་མ་གནང་ན་རྒས་ཆེ་དུས་དྲི་མ་ཡག་བཙོག་མི་ཤེས་པ་དེ་འདྲ་ཡོང་སྲིད་རྒྱུ་རེད། ཧཧཧ།

ལན་སློགས།