གཞུང་ལུགས་གླེང་བ།

0
1533
རྗེ་མཉམ་མེད་ཆེན་པོའི་ཞལ་ནས། གང་ཞིག་སྒྲོས་རྩོད་མཆོག་གྱུར་པ། །ཐེ་ཚོམ་གེགས་སེལ་ཞུ་ལ་བརྩོན། །བཀའ་སྒྲོས་བདེ་ཉམས་བསྡུ་ལ་མཁས། །རྩོད་པས་ལོག་རྟོག་འཇོམས་པར་བྱེད། །རྩོད་དུས་ངག་འཇམ་གཟི་མདངས་ལྡན། །རང་དབང་མངོན་འགྱུར་གཞན་དབང་བཀྲོལ། །དེ་ནི་སྨྲ་བའི་སེང་གེ་སྟེ། ཞེས་གསུངས་སོ། །

རྩོམ་པ་པོ། ཁྱུང་བཙུན་གངས་ལྷ་དཀར་པོ།

ཞུ་ལུགས་གྱེར་དབྱངས་གླིང་ཞེས་པའི་ཚོགས་པ་ཞིག་གི་ནང་དུ་དགེ་བཤེས་ཤིག་དང་གཞུང་ལུགས་སྐོར་རྩོད་པ་བྱས་པའི་
ཚིག་བཅད་ཁག་ཅིག་དྲ་གྲོགས་ཚོ་ལ་འབུལ།

རང་གཞུང་དགོངས་པ་ཆེན་པོའི་དོན་རྟོགས་ན།།
ཁྱོད་དང་ང་གཉིས་གྲོལ་བ་དངོས་པོའི་གཤིས།།
འོན་ཏང་ཀུན་རྫོབ་སྒྱུ་མའི་ཕུང་པོ་ཡིས།།
གང་དུ་འཕེན་པ་བཤད་ཚོད་སུ་ཡིས་ཐེག།

རྩོལ་མེད་ཆེན་པོ་རང་གཞུང་དགོངས་པ་ཡིན།།
ཤེས་རབ་ཆེན་པོ་ལུང་གི་བརྗོད་བྱ་དངོས།།
ཡིན་ཡང་ང་དང་ཁྱོད་ཀྱིས་མ་འབད་ན།།
རང་གྲོལ་ཡིན་ཡང་གྲོལ་བ་ག་ལ་རྟོགས།།

ཐམས་ཅད་སྟོང་པ་ཆེན་པོའི་གཟུགས་ཡིན་ཡང་།།
ཁྱོད་དང་ང་གཉིས་མ་རིག་པ་ཡིས་བཟི།།
རྩོལ་མེད་སྲིད་པ་གཞུང་དོན་ཡིན་པ་དེ།།
ཁྱེད་ཀྱིས་གསུངས་སོ་སླར་ཡང་བསམ་གཞིག་མཛོད།།

སྔ་རབས་མཁས་པའི་ལམ་ལུགས་མ་གོ་ན།།
གཟུགས་ཉིད་སྟོང་པ་རྟོགས་པའི་ཐབས་ཤེས་མེད།།
མེད་དགག་སྟོང་པ་བློ་ཁ་ཕྱོགས་ཆེ་ན།།
ཤེས་བྱའི་སྒྲིབ་པ་སངས་བའི་དུས་ཤིག་དཀོན།།

ཁ་ཡིས་མ་བཤད་པ་ཞིག་སྲིད་ན་དཀོན།།
ཁོག་ཏུ་སྡུག་སྦས་བྱས་ན་རང་སྡུག་རེད།།
སྣང་བ་སྟོང་པར་བསྲེས་པའི་འཇའ་ལུས་པའི།།
བྱིན་རླབས་ཆེན་པོ་ང་དང་ཁྱེད་ལ་འཐིམ།།

ནང་རྟོགས་འབར་བ་སྒོམ་པའི་མཆོག་ཡིན་ཡང་།།
སྟོང་གཟུགས་སོ་སོར་བཀྲལ་བའི་ལུགས་དེ་མཚར།།
ཟག་མེད་འཕོ་ཆེན་ཉེར་བཞིའི་དགོངས་དོན་དེ།།
གཡག་རྒོད་ར་དང་འདྲ་བར་ཨེ་ཡིན་ནམ།།

གཟུགས་ཉིད་སྟོང་པའི་ངོ་བོར་གྲུབ་ཚར་དུས།།
སྟོང་པ་གཟུགས་ལས་གཞན་པར་སྨྲ་བ་ནི།།
ཆུ་ནི་རླན་པའི་རང་བཞིན་ཡིན་བཞིན་དུ།།
རླན་པ་ཆུ་ལས་ལོག་པར་ཡོད་དང་མཚུངས།།

སྲིད་པ་མ་རིག་རྒོད་པོའི་གཡོ་འཕྲུལ་དང་།།
མེད་དགག་རིང་ལུགས་འཛིན་པའི་རྔམ་བརྗིད་གཉིས།།
ས་སྟེང་འདི་ན་མངོན་དུ་གྱུར་མང་བས།།
ཁྱེད་ལ་ངོ་མ་ཐུགས་ཁག་ག་ལ་ཡོད།།

སྟོང་པ་ཕྱི་ནང་འཕྱེ་བའི་ལམ་ལུགས་དེ།།
འཇིག་རྟེན་རང་ཁ་མ་ཡི་སྲོལ་ཡིན་འགྲོ།།
གནས་ལུགས་མ་རྟོགས་སྐྱེ་བོའི་ཚོགས་དག་གིས།།
སྟོང་ཉིད་གཟུགས་སུ་ཤེས་པ་ཚོར་སོང་ངམ།།

དབྱེར་མེད་འདྲེས་ན་ལོས་ཡིན་ཡིན་དྭ་ཡིན།།
རྣལ་འབྱོར་པ་ལ་འདྲེ་དང་ལྷ་མཉམ་མོད།།
འདྲེ་ལ་འདྲེ་རུ་འཛིན་པའི་རྣམ་རྟོག་དེ།།
ང་དང་ཁྱོད་ཚོའི་རྒྱུད་ཀྱི་བདག་འཛིན་ནོ།།

སྟོང་པ་མིན་པའི་གཞི་གྲུབ་ཐོ་ཐོ་ཞིག།
ཁྱོད་དང་ང་ཡི་ངོ་ལ་ཡོད་སྲིད་མོད།།
གཞི་ཡི་གནས་ལུགས་དངོས་པོར་སྨྲ་མཁན་དེ།།
ཕྱི་པའི་གྲུབ་མཐའ་དབང་ཕྱུག་ཆེན་པོ་རེད།།

ཐེག་ཆེན་བླ་མེད་རྫོགས་པ་ཆེན་པོའི་ལུགས།།
གཟུགས་ལས་ལོགས་སུ་སྟོང་པ་ཞིག་ཡོད་ན།།
ཐེག་པ་འདི་ཡི་ལྟ་སྤྱོད་ཡོད་དོ་ཅོག།
སྤོང་བསྡུས་ཞེན་པའི་མཐའ་ལས་གྲོལ་ཚུལ་གྱིས།།

སྤང་བསྡུས་ཞེན་པ་ལྟ་བའི་གཙོ་སྨྲ་མཁན།།
བོན་པོ་ཚང་ལ་ཁྱོད་རང་གཅིག་པུར་ཡིན།།
བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་དེ།།
སྤོང་བསྡུས་ཞེན་གསུམ་གྲོལ་ཚུལ་མི་ཤེས་མཚར།།།

ཉམས་རྟོགས་མཐིལ་དུ་རྟོགས་པའི་རྣལ་འབྱོར་པའི།།
རང་ངོར་གྲུབ་པའི་སྟོང་གཟུགས་ཆེན་པོ་དེའི།།
རོལ་བའི་རྩལ་ལ་ཤར་བའི་སྣང་སྲིད་ཉིད།།
སྟོང་པ་མིན་པའི་རྒྱུ་མཚན་གསལ་པོར་ཤོད།།

སྤོང་པ་འདོད་པ་ཐེག་པ་གང་གི་ལུགས།།
དེ་བཞིན་ཞེན་པ་བསྡུས་པ་འདོད་མཁན་གང་།།
འདི་དག་རེ་རེར་ངོས་འཛིན་གནོངས་ཤོག་དང་།།
དེ་ནས་ངེད་གཉིས་རྩོད་པ་རིམ་པར་བྱེད།།

རྣམ་འབྱོར་རང་ངོར་གྲུབ་པའི་བོན་མེད་ན།།
གཞི་རྩལ་རོལ་གཅིག་རྟོགས་པ་ངོ་མ་མཚར།།
ཡ་དང་བྲལ་བའི་གནས་ལུགས་ཟབ་མོ་ཞིག།
སྣང་སྟོང་ཟུང་འབྲེལ་སོང་བ་དེ་བས་མཚར།།

རྣལ་འབྱོར་པ་ཡི་རང་ངོར་གྲུབ་པ་དང་།།
དངོས་པོར་བདེན་པ་གྲུབ་པའི་གྲུབ་ཚུལ་གཉིས།།
ཁ་ཁ་མི་ཤེས་གཞུང་ལུགས་རྩོད་བསམ་ཡང་།།
སྟོང་བསམ་རིང་ལུགས་པ་ཞིག་ཅིས་མི་འགྱུར།།

རྣལ་འབྱོར་པ་ལ་འདི་དང་དེ་ཡིན་ཞེས།།
གང་གི་ཕྱོགས་སུ་ལྷུང་བ་མི་སྲིད་མོད།།
ཁྱོད་དང་ང་གཉིས་རྩོད་པའི་བར་མཚམས་ན།།
སྤོང་བསྡུས་ཞེན་གསུམ་སོ་སོར་ངོས་ཟུངས་ཤིག།

སྟོང་གཟུགས་སྨྲ་བ་སྔ་རབས་གོང་མའི་ལུགས།།
མེད་དགག་བཤད་པ་ཕྱི་རབས་མཁས་པའི་ལུགས།།
དངོས་པོར་བདེན་གྲུབ་སྨྲ་བ་དངོས་སྨྲའི་ལུགས།།
ཐམས་ཅད་བདག་ཏུ་སྨྲ་བ་ཕྱི་རོལ་ལུགས།།

འདིའི་གསུམ་གང་རུང་མཐའ་ལ་ལྷུང་བས་ན།།
མཐར་ཐུག་སྟོང་གཟུགས་མ་རྟོགས་དེའི་ཕྱིར་ཤེས།།
ཡང་རྩེ་བླ་མེད་ཆེན་པོའི་རྣལ་འབྱོར་པས།།
སྟོང་གཟུགས་གཤིས་ཁམས་རྟོགས་པ་སེམས་ལ་ཞོགས།།

སྣང་སྲིད་གཞི་རུ་བཞེངས་པའི་རྣལ་འབྱོར་པས།།
སྟོང་པ་མ་ཡིན་པ་ཡི་སྣང་སྲིད་ཅིག།
སྣང་སྲིད་མ་ཡིན་པ་ཡི་སྟོང་པ་ཞིག།
ཁ་ཁ་སོ་སོར་རྟོགས་པ་ཨེ་ཡིན་ནམ།།

ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་ལུགས།།
ཀུན་གཞི་མ་ཡིན་པ་ཡི་སྟོང་ཉིད་ཞིག།
རྩོད་གྲོགས་ཁྱེད་ཀྱིས་ལམ་སྟོན་གནང་བར་ཞུ།།
དེ་ཡང་རིགས་ལམ་འཕེལ་བའི་གྲོགས་སུ་གྱུར།།

རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཆེན་མོ་ལས།།
ཐམས་ཅད་གསེར་གླིང་ཕྱིན་པའི་དཔེ་དོན་གཉིས།།
འགྲེལ་ཚུལ་དག་ལ་གསལ་པོར་བལྟས་པས་ན།།
སྣང་སྟོང་ཕན་ཚུན་གང་ཡིན་རྟོགས་ས་གདའ།།

སོ་སྐྱེའི་བློ་ངོར་གྲུབ་པའི་ཀ་བ་དེ།།
ཁོ་ཡི་ངོ་ལ་བདེན་གྲུབ་མ་ཡིན་ནམ།།
ཡིན་ན་རྟོགས་ཚུལ་འདྲ་བའི་རྒྱུ་མཚན་མེད།།
མིན་ན་ཀུན་རྫོབ་འཇོག་ཚུལ་གང་ཞིག་དགོས།།

གང་ཟག་སྒེར་པ་ཁྱེད་ཀྱི་གནས་ལུགས་དེ།།
ཐེག་པ་འདིའི་ལུགས་ཀུན་གཞི་མ་ཡིན་ནམ།།
རྒྱུ་མཚན་ཐམས་ཅད་འབྱུང་རུང་ཡིན་དགོས་མོད།།
དེ་ལྟར་ཡིན་ན་རང་བཞིན་ཕར་ཚུར་མཉམ།

 གཞུང་ལུགས་རྩོད་པ་རྩོད་པའི་མཆོག་ཡིན་པར།།
ཡོངས་འཛིན་དྲིན་ཆེན་བླ་མའི་ཞལ་ནས་ཐོས།།
དེའི་ཕྱིར་ངེད་གཉིས་རྩོད་ལ་འཇུག་པ་ཡིས།།
གླིང་འདི་དོན་ཡོད་བགྲོ་གླེང་འཕེལ་བར་ཤོག།

རྣམ་དཔྱོད་ཟབ་མོའི་ཤེས་རབ་མི་ལྡན་ཡང་།།
རྩོད་པའི་རིག་འཕྲུལ་བསྐོར་ལ་མོས་པ་ཡོད།།
དོ་དགོང་རྩོད་གྲོགས་ཁྱེད་དང་གཏམ་གླེང་བར།།
ནམ་ཡང་མི་བརྗེད་སྙིང་ལ་གཟེར་ངེས་ཡིན།།

འཆད་རྩོད་རྩོམ་གསུམ་ལས་ལ་འབད་རྒྱུ་དེ།།
གྲྭ་རྐྱང་ང་ཡི་གཏམ་རྒྱུད་རིང་མོ་ཡིན།།
ཡོངས་འཛིན་ཆེན་མོའི་བཀའ་གསུང་བསྒྲུབ་རྒྱུ་དེ།།
གྲྭ་རྐྱང་ང་ཡི་དམ་བཅའ་ཆེན་མོ་ཡིན།།

ཤེལ་སྒོང་ཁ་དོག་སྣ་ཚོགས་དང་ལྡན་པ།

                                                                             ༢༠༡༥/༨/༢༣ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།