ཁྱེའུ་ཞིག་དྲན་པ།

0
1335

རྩོམ་པ་པོ། ཁྱུང་ཐོག་རྒོད།

སྟོང་ཕྲག་དགུ་ཡི་ལོ་ཟླ་ནི།།
ཁ་བའི་ངོགས་ཀྱི་ཨ་ཡིག་ཡིན།།
འདི་ནི་སེམས་ཀྱི་བརྗེད་ཐོ་སྟེ།།
ཁྱེའུ་ཞིག་གི་རྣམ་ཐར་དྲན།།

མགྲིན་པའི་རྩ་མདུད་གྲོལ་བ་ལས།།
བརྒྱད་ཁྲི་བཞི་སྟོང་སྐད་ཕྱུངས་པས།།
ད་ཚོད་ང་ཡི་འཇིག་རྟེན་དུ།།
འདི་ནི་སེམས་ཀྱི་སློབ་གསོ་ཡིན།།

རྒྱལ་སྲིད་གཟི་ཡི་ཐང་མ་ལ།།
རྩྭ་རྡུལ་ཞིག་གི་འདང་མ་བཞག།
དཀའ་ཐུབ་རྩིབ་མ་བགྲང་བ་ཡིས།།
བདུད་རྗེའི་སེམས་རྩ་གཡུང་ལ་ཕབས།།

འཁོར་འབངས་ཆ་བཞི་ཡ་བརྒྱད་ལ།།
མགྲོན་པོ་ཞིག་གི་ཚད་མ་བརྩིས།།
མེ་ཏོག་གླིང་ལ་ཞབས་འཆག་སྟེ།།
སྲིད་པའི་བྱ་བཞག་ལིང་ངེེར་བོར།།

འཆི་མེད་སྐྱེས་ནས་བཙན་པའི་སྐུ།།
རྒུད་དང་བསྙུན་བའི་ཟོལ་གྱིས་ནི།།
རེ་ཞིག་དབྱིངས་སུ་འཕོས་པ་ཡིས།།
རྟག་འཛིན་སེམས་ཀྱི་བཅད་རྒྱ་བཤིག།

འཇིག་རྟེན་ཚེར་མའི་གྲུ་ཁ་ན།།
ཁྱེད་ཐུགས་པདྨའི་རྩ་ལག་གི།།
གཞུང་རྟར་འཇུས་པའི་བདག་གི་སེམས།།
ཁ་བའི་ཁྲོད་དུ་དཀར་པོར་བྱས།།

བདག་ཡིད་རླུང་ལ་འཁྲུད་བྱས་ཏེ།།
དད་པའི་གཤོག་ཟུང་ལ་བརྟེན་ནས།།
ཁྱེད་ཀྱི་འོལ་མོའི་ཞིང་དེ་ནི།།
ཉིན་དང་མཚན་གྱི་རྨི་ལམ་བྱས།།

ཉིད་ཀྱི་ཕྱག་དང་ཞབས་རྗེས་ནི།།
མདུན་དང་རྒྱབ་ཏུ་དཔར་བ་ཡི།།
གསེར་དང་དངུལ་གྱི་གླེགས་བམ་དེ།།
ང་དང་ཁོ་ཡི་ཕྱོགས་སྟོན་ཡིན།།

འདི་ལྟའི་བདག་གི་ལུས་སེམས་གཉིས།།
ཁྱེད་ཀྱི་ཐུགས་སུ་རུམ་པ་ཡི།།
མཁྱེན་བརྩེ་ཉི་མའི་འོད་ཀྱིས་ནི།།
ང་ཡི་རྣམ་ཤེས་དབྱར་གཞུང་ཡིན།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།