བོན་དཔེ་དྲུང་མུ་སྐལ་བཟང་གི་མཚམས་སྦྱོར།

0
3737

རྩོམ་པ་པོ། ལི་བློ་གསལ།

དྲུང་མུ་སྐལ་བཟང་།༢      གཡུང་དྲུང་བོན་གྱི་བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་པའི་ཕུན་སུམ་ཚོགས་པ་མདོ་ཡི་སྡེ་པོད་བཞི་པ་དང་ལྔ་པ་དྲུང་མུ་བསྐལ་བཟང་ངམ་གཤེན་རབ་རྣམ་སྤྲུལ་བཀོད་པའི་རྒྱུད། ཡེ་ཤེས་ཐུགས་ཀྱི་འགྲོ་བ་འདུལ་བའི་གཤེན་རབ་སྟོང་དང་རྩ་གཉིས་ཀྱི་འགྲོ་བ་ཐུགས་རྗེས་འདྲེན་པའི་བསྐལ་པ་བཟང་པོའི་མདོ་ཞེས་བྱ་བའི་གཞུང་གི་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ན། འདི་ནི་༸སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གིས་གཤེན་ཡུལ་འོལ་མོ་ལུང་རིང་གསང་བའི་གནས། ཁྲི་སྨོན་རྒྱལ་བཞད་དགའ་བའི་གསས་ཁང་ན། ཞུ་འཁོར་གསལ་བ་འོད་ལྡན་དང་། ཡིད་ཀྱི་ཁྱེའུ་ཆུང་། མུ་ཆོ་ལྡེམ་དྲུག འཕྲུལ་དགའ་གཙུག་ཕུད། གཏོ་བུ་འབུམ་སངས། ལྷ་བུ་མང་སྐེ། ཀླུ་མོ་གངྒ་འོད་ཀྱི་མདངས་ལྡན་མ། ཚངས་པ་ཕུད་དང་། འཁོར་གཡུང་དྲུང་སེམས་དཔའ་རྣམས་ཀྱི་ངོར་གསུངས་པའི་ལེའུ་ཉི་ཤུའི་བདག་ཉིད་ཅན་དུ་གནས་པ་ཞིག་ཡིན། གཞུང་འདི་ནི་བླ་ཆེན་དྲན་པ་དང་ཚེ་དབང་སྟོང་རྒྱུང་གསུམ་གྱིས་མཚན་ལྡན་དྲུང་མུ་ཧ་ར༼དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བླ་མ་ཞིག༽ལ་སྙན་དུ་བརྒྱུད་པ་དང་། དེ་ནས་ཉིད་ཀྱི་དངོས་སློབ་ཀྱུ་ར་འོད་ཟེར་རྒྱལ་མཚན་ལ་བརྒྱུད་ནས་རིམ་གྱིས་དར་བའོ། །

     གཞུང་འདིའི་བསྟན་བྱ་གཙོ་བོ་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་སྐུ་གསུམ་གྱི་ཀློང་ནས་འགྲོ་དོན་སྤྲོས་ཤིང་ཡུལ་འོལ་མོ་ལུང་རིང་། མཁར་བར་པོ་སོ་བརྒྱད་དུ། འགྲོ་བ་རང་མཐུན་ཆ་ལུགས་སུ་སྐུ་སྐྱེ་བ་བཞེས་ནས་སྟོང་གསུམ་མི་བཅེད་ཀྱི་འཇིག་རྟེན་ན་འགྲོ་དོན་མཐར་རུ་ཕྱིན་པའི་ཕྱིར་དུ་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་བཀྱེ་བ་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་སླད་དུ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། དེ་བཞིན་དུ་དུག་ལྔ་དང་ཕུང་པོ་ལྔ་ལ་སྒོ་བཞི་མཛོད་ལྔ། ཁམས་གསུམ་ས་དགུ་ལ་ཐེག་པ་རིམ་དགུ། ལུས་ངག་ཡིད་གསུམ་ལ་ཕྱི་ནང་གསང་གསུམ། མཐར་ཐུག་ལམ་འབྲས་བསྒྲོད་པའི་ཕྱིར་དུ་ཡང་གསང་བོན་གྱི་ཐེག་པ་སོགས་དུས་སྐབས་དང་བསྟུན་ནས་གསུངས་པ་དང་། སྐུས་འདུལ་བའི་བསྟན་པ་ལ། ཞལ་མཐོང་བ་ཙམ་གྱིས་སྔར་གྱི་ལས་འཕྲོ་སད་ནས་སངས་རྒྱས་པ་དང་། གསུང་གིས་འདུལ་བའི་བསྟན་པ་ལ། གསུང་རབ་བྲི་ཀློག་དང་བཟླས་བརྗོད་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་པ་དང་། ཐུགས་ཀྱིས་འདུལ་བའི་བསྟན་པ་ལ། ཏིང་འཛིན་སྤྲོ་བསྡུ་དང་། མཉམ་བཞག་དང་། ཤེས་རབ་གསུམ་ལ་བརྟེན་ནས་གཤེན་རབ་གྲུབ་པའི་གནས་སུ་སངས་རྒྱས་པ་དང་། ཡོན་ཏན་གྱིས་འདུལ་བའི་བསྟན་པ་ལ། སྐུ་ཡི་སྤྲུལ་པ་བསམ་ལས་འདས་པ་དང་། གསུང་འགག་མེད་དང་། ཐུགས་མཁྱེན་བརྩེ། ཡོན་ཏན་སྟོང་གསུམ་ཁ་ལོ་བསྒྱུར་བ་དང་། འཕྲིན་ལས་ལ་བཞི་སྟེ། ཞི་བས་སྤ་བཀོང་། རྒྱས་པས་རྗེས་སུ་བཟུང་། དབང་གིས་སྨིན་པར་བྱེད། དྲག་པོའི་ཚར་གཅོད་པ་སོགས་དང་། བསྐལ་བཟང་གི་སྟོན་པ་གཤེན་རབ་ཐུགས་རྗེ་ཡེ་ཁྱབ་ནས་གཤེན་རབ་འཁོར་བ་མཐཪ་སྤྲུག་བར་བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་སུ་བསྟན་པ་དང་། སྟོན་པ་རེ་རེ་ལ། གང་དུ་འབྱོན་པའི་ཞིང་ཁམས་རེ་དང་། འབྱོན་པའི་དུས་མི་འདྲ་བ་རེ་དང་། ཡབ་ཡུམ་དང་མཚན་མཁན་རེ་དང་། ལྷ་གཤེན་སྲིད་པ་གསུམ་གསུམ་དང་། སྐུ་གསུང་ཐུགས་གསུམ་གྱི་གདུལ་བྱ་འདུལ་བའི་ཚད་བཅས་བསྟན་ཡོད།

              གཞུང་གི་སྔོན་དངོས་རྗེས་གསུམ་གྱི་བསྟན་དོན་རོམ་ཙམ་ལེའུ་ཡི་རྣམ་གྲངས་ལས་རྟོགས་ནུས་ཕྱིར་དགོས་དབང་གི་འདིར་བགྲངས་ན།  ཀ ༡༽བསྐལ་བཟང་འགྲོ་བ་འདྲེན་པའི་མདོ་ལས། གླེང་གཞིའི་འཁོར་འདས་ཀྱི་སྲིད་ལུགས་བསྐལ་སྲིད་ས་གཅོད་བསྟན་པའི་ལེའུ།། ༢༽འཁོར་བའི་སེམས་ཅན་འཁྲུལ་ཞིང་སྲིད་ཐབས་བསྟན་པའི་ལེའུ། ༣༽བོན་ཉིད་ཀྱི་ངང་ལས་ཡེ་ཤེས་གཡོས་ཏེ་རྫོགས་སྐུ་སྤྲུལ་ལུགས་འཆད་པའི་ལེའུ། ༤༽སྐུ་གསུམ་འགྲོ་བ་འདྲེན་པའི་དོན་ལ་སྤྲོས་ཤིང་སྤྲུལ་པའི་ལེའུ། ༥༽སྤྲུལ་པའི་སྐུ་ལས་ཚིག་དང་ཡི་གེར་སྤྲོས་པའི་ལེའུ། ༦༽བསྐལ་པའི་གཤེན་རབ་འབྱུང་ལུགས་དང་དབྱིངས་དང་ཤེས་རབ་འབྲེལ་ཚུལ་བསྟན་པའི་ལེའུ། ༧༽བསྐལ་བཟང་གཤེན་རབ་སྟོང་དང་རྩ་གཉིས་གླིང་གར་འབྱོན་དོན་ཆེད་ཅི་ལ་དགོངས་ནས་བྱོན་པ་བསྟན་པའི་ལེའུ། ༨༽བསྐལ་བཟང་གཤེན་རབ་སྟོང་རྩ་གཉིས། མཛད་པ་བཀོད་བྱང་སྤྱི་བསྡོམས་བསྟན་པའི་ལེའུ། ༩༽བོན་གྱི་སྤྲོ་བསྡུ་རྩ་བ་ལ་རྩ་ཚིག་གྱེས་ལུགས་བསྟན་པའི་ལེའུ། ༡༠༽ལྷ་གཤེན་སྲིད་པ་གསུམ་སྟོང་རྩ་གཉིས་ཀྱི་མཚན་གྲངས་ཡབ་ཡུམ་མཚན་དང་ཞིང་ཁམས་སྐུ་ཚེ་གདུལ་བྱ་བསྟན་པའི་ལེའུ་བཅས་སོ། །

ཁ ༡༡༽ལྷ་གཤེན་སྲིད་པའི་བསྟན་པ་རྫོགས་ནས་འཁོར་བ་དོངས་སྤྲུག་མཛད་ཚུལ་བསྟན་པའི་ལེའུ། ༡༢༽ཕ་རོལ་ཕྱིན་བཅུའི་དོན་བསླབ་ཐབས་ལེའུ། ༡༣༽དགེ་སྡིག་གི་རྒྱུ་འབྲས་སོ་སོར་ཕྱེད་ནས་གཤེན་རབ་སྟོང་རྩ་གཉིས་ཀྱི་མཚན་དང་དཔེ་བྱེད་ཡོན་ཏན་འབྱུང་གནས་ཞུས་པའི་ལེའུ། ༡༤༽ལྷ་གཤེན་སྲིད་པ་ཐམས་ཅད་ལ་མཆོད་འབུལ་བསྒྲུབ་ཐབས་བསྟན་པ་དང་། སྔགས་གཟུངས་ལས་རིམ་བསྟན་པའི་ལེའུ། ༡༥༽ལྷ་གཤེན་སྲིད་པ་ཐམས་ཅད་ཀྱི་ཡོན་ཏན་མཚན་དཔེ་ཐུགས་རྗེས་བསྒྲུབ་པའི་ཐབས་བསྟན་པའི་ལེའུ། ༡༦༽བཀུར་བསྟི་དང་ཕུ་དུད་ནན་ཏན་གྱི་ལེའུ། ༡༧༽ཐབས་དང་ཤེས་རབ་ཟུང་འབྲེལ་དོན་བསྟན་ནས་གཤེན་རབ་སྟོང་དང་རྩ་གཉིས་མཚན་དཔེ་ཡོན་ཏན་བསྒྲུབ་པའི་ལེའུ། ༡༨༽དོན་གཉིས་མཐར་ཕྱིན་གྱི་ལེའུ། ༡༩༽འཁོར་འདས་ཀྱི་བོན་སེམས་ལ་འདུས་ཤིང་ལྷ་གཤེན་སྲིད་གསུམ་ཐིག་ལེར་འདུས་པའི་ལེའུ། ༢༠༽བཀའ་ཡོངས་སུ་གཏན་ལ་ཕབས་ནས་གཡུང་དྲུང་སེམས་དཔའ་རྣམས་ལ་ཡོངས་སུ་གཏད་ཅིང་འཁོར་གྱིས་བསྟོད་པའི་ཡི་རངས་ཕུལ་བའི་ལེའུ་བཅས་ཁྱོན་བསྡོམས་ལེའུ་ཉི་ཤུའི་སྒོ་ནས་གཏན་ལ་ཕབ་ནས་མཇུག་ཏུ་བརྒྱུད་རིམ་ལོ་རྒྱུས་ཉུང་བསྡུས་ཤིག་བཀོད་འདུག

   གཞུང་འདིའི་ནང་ཞང་ཞུང་སྨར་སྐད་དང་བོད་སྐད་ཤན་སྦྱར་དང་བརྡ་རྙིང་གིས་བཅིངས་པའི་ཐ་རྙད་དུ་མ་ཡོད་པ་འགའ་ཞིག་འདིར་དྲངས་ན། གཡུང་དྲུང་ལྷའི་སྐད་དུ་ན། ཧ་ར་སླི་མིན་སད་དོ་ཏན་ཏྲ་སྨར། གྱེར་ཞི་ཏན་ཏྲ་ཁོད་དོ་སྨར། སྤུངས་ནི་སྤུངས་སོ་ཁི་ཁར་མིན། ཏན་ཏྲ་སྨར། གང་ཟག་མིའི་སྐད་དུ་ན། ཡེ་ཤེས་ཉི་མ་ལྷ་ཡི་རྒྱུད། །བོན་ཉིད་འགྲོ་འདུལ་སྟོན་པའི་རྒྱུད། །གཤེན་རབ་རྣམ་སྤྲུལ་བཀོད་པའི་རྒྱུད། ལྟ་བུ་དང་། འཕན་གདུགས་ལ ༼པན་གདུགས༽ དང་། འཕན་དར་ལ༼པན་དར༽ ཨ་ལི་ཀ་ལི་ལ༼ཨ་ལི་གྷ་ལི༽ མན་ངག་ལ༼མ་ངག༽ མདོ་ལ༼མདོའ༽ འ་མཐའ་སྦྱར་བ་སོགས་མང་། དེས་ན་ཞང་བོད་ཤན་སྦྱར་སོགས་ཞིབ་འཇུག་བྱེད་ཡུལ་གྱི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཞིག་ཡིན་པ་མ་ཟད་གཡུང་དྲུང་བོན་ལུགས་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་གདུལ་བྱ་འགྲོ་བའི་དོན་དུ་བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་མཛད་པ་སྐྱོང་ལུགས་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ངེས་པ་རྙེད་ནུས་པ་དང་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཡིད་ཆེས་པར་བྱེད་པའི་དགོས་པ་ཁྱད་པར་ཅན་ཡོད་པ་བཅས་ངོ་སྤྲོད་མདོར་ཙམ་མོ།། །།

ལི་བློ་གསལ་ནས་༢༠༡༥། ༡༡། ༡༥།ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།