དགོངས་མཛོད་རི་ཁྲོད་ཆེན་པོའི་མཛད་རྣམ་མདོར་བསྡུས།

0
2612
གཡས་སུ་དཀར་པོ་བྲག་གི་སྒྲུབ་གནས་སུ། །དགོངས་མཛོད་རི་ཁྲོད་ཆེན་པོ་ལ་གསོལ་བ་འདེབས། །མན་ངག་དགོངས་ཉམས་སྟོན་པ་རིན་པོ་ཆེ། །གནས་ལུགས་དོན་དམ་རྟོགས་པར་བྱིན་གྱིས་རློབས། །

དྲ་བའི་གཙོ་སྒྲུབ་པ་ཁྱུང་ཁྲི་ལྡེས་བསྡུས་བརྩམས་བྱས།

༄༅། །གཡུང་དྲུང་བོན་གྱི་བསྟན་པ་ཕྱི་དར་སྐབས་སུ་སྒྲུབ་རྒྱུད་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་རྟོགས་ལྡན་ཉམས་བརྒྱུད་ཀྱི་བླ་མ་རྨེའུ་སྒོམ་མཛོད་རི་ཁྲོད་ཆེན་པོ་མཆོག་ནི་ཡུལ་ཤངས་ཀྱི་གུར་ཞོགས་སུ་ཡབ་མཁས་པ་རྨེའུ་གདུང་ལས་བྱོན་པའི་རྨེའུ་ཤཀྱ་རྟེན་དང་། ཡུམ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གཅིག་པའི་ས་སྟག་སྤྱི་ལོ་(༡༠༣༨)ལོ་ལ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་བཞི་ཡོད་པའི་གཅེན་པོ་དེ་ཡིན། སྔོན་སྦྱངས་ཀྱི་ལས་འཕྲོ་ལྡན་པས་ཆུང་ནས་དགེ་ལ་མོས་ཞིང་ཡ་རབ་སྤྱོད་བཟང་གི་རང་གཤིས་ལྡན། ཆུང་ནས་དགེ་སྦྱོར་བ་ཞིག་བྱེད་འདོད་ཡོད་ཀྱང་ཕ་མ་བཀའ་བཙན་ནས་ལོ་བཅོ་བརྒྱད་བར་དུ་ཁྱིམ་དུ་ཉར་ཏེ་ལྕམ་ཡང་བླངས་ནས་ཁྱིམ་ཐབ་སྐྱོང་དུ་བཅུག   དེ་ནས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཁྱིམ་ནས་བྲོས་བྱོལ་མཛད་དེ། བླ་མ་ཞུ་སྐྱེ་སེ་ཆེན་པོའི་དྲུང་དུ་བྱོན་ནས་བོན་ཞུས། ཞུ་སྐྱེ་སེ་ཆེན་པོས་ཞུ་སྒྲོལ་བ་གཤེན་རྒྱལ་དང་། བྲུ་རྗེ་བཙུན་གཡུང་བླ་མ་གཉིས་ཀྱི་མདུན་དུ་སོང་གསུངས་པ་ལྟར་དེ་རུ་ཕེབས་ནས་བྲུ་རྗེའི་མདུན་ནས་གབ་པ་གསན། ཞུ་སྒྲོལ་བའི་མདུན་ནས་སེམས་ཕྲན་གྱི་བོན་གསན་ཏེ་གསང་སྔགས་ཀྱི་ཕྱག་ལེན་ཡང་བསླབས། སྐབས་དེར་བྲུ་ཞུ་གཉིས་བསྡེབས་ཏེ་མྱང་སྟོད་སྟག་པ་ཁ་ཆེ་ལ་ཚད་མ་སྦྱོང་སྐབས་དགོངས་མཛོད་ཆེན་པོས་འདི་ལྟར་གསུངས། བྲུ་ཞུ་གཉིས་ཀྱིས་གདན་ས་སྐྱོང་ཞིང་བཤད་རྒྱུད་ཀྱི་བསྟན་པ་སྤེལ་གྱི་འདུག ང་ལ་འདིས་མི་ཕན་དོན་ཉམས་སུ་ལེན་དགོངས་ཏེ། བྲུ་ཞུ་གཉིས་ཀྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་མཚན་ལ་གཡུང་དྲུང་རྒྱལ་མཚན་གསོལ།

དེ་ནས་ཤངས་ཀྱི་དཀར་པོའི་བྲག་ལ་བྱོན་ཏེ། བླ་མ་ཏྲེ་སྟོན་གོ་ཆའི་ཕྱག་བཞེས་དང་ཞལ་གདམས་ལ་གཟིགས་རྟོགས་དང་། ཉམས་ལེན་ལོ་འགའ་མཛད། བླ་མ་ཁྲོ་ཚང་འབྲུག་ལྷའི་ཐུགས་བརྡོལ་གདམས་པ་ལ། ཐེག་ཆེན་གྱི་གོ་དོན་སྐྱེས་ཅིང་ནན་སྒོམ་མང་དུ་མཛད་དུས་ན། རེ་ཞིག་རྨི་ལམ་དུ་དྲན་པ་ནམ་མཁའ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་གིས་སྣང་བ་སེམས་སུ་ངོ་སྤྲད། སེམས་ཉིད་རྩལ་བྲལ་དུ་ངོ་སྤྲད། གཉིས་འཛིན་གྱི་འཁྲུལ་པ་གཉིས་མེད་ཡེ་ཤེས་སུ་ཁྲོལ་ལ་མ་སྤངས་ལ་སྒྲུབ་རྒྱུ་མེད་པར་ཉམས་སུ་ལོངས་ཤིག་གསུངས་ནས་གཤེགས་པའི་སྣང་བ་ལ་གཉིད་སད་པས། ཉམས་ཐོད་རྒལ་དུ་སྐྱེས། རྟོགས་པ་ཤར་ཡང་བླ་མ་དངོས་སུ་མ་མཇལ་བས་སྟབས་ཀྱིས་དོན་ལ་འཆུག་ཨི་ཡོད། ད་དུང་བླ་ཆེན་མཇལ་ནས་ངོ་སྤྲོད་ཅིག་གནང་ན་རང་གཞན་ཡོངས་ཀྱི་ཆེད་ཡོང་བར་འདུག་དགོངས་ཏེ་ཐེ་ཚོམ་གྱི་སྒྲོལ་མ་གྲོལ་བའི་དུས་ན། སྔགས་པ་འགའ་དང་མཉམ་དུ་ལྡོམ་བུ་འགྲོ་སྐབས་སྔགས་པ་གཅིག་སྔགས་བཙུན་རེས་མོ་མང་པོ་བྱེད་མྱོང་མཁན་ཞིག་ཡོད་འདུག དེ་ལ་རང་གཞན་གྱི་དོན་སྒྲུབ་པ་ལ་རྟེན་གང་བཟང་ཞེས་དྲིས་པས། སྔགས་པ་དེས་བདག་གིས་མ་ནུས་ཀྱང་དོན་གཉིས་སྒྲུབ་པ་ལ་རབ་བྱུང་ལས་ལྷག་མི་འདུག་ཟེར།

ཁོང་དེ་ལ་མོས་ནས། དགུང་ལོ་ཉི་ཤུ་རྩ་བཞིའི་སྐབས་དབུས་སུ་བྱོན་ནས་སློབ་དཔོན་ཇོ་གཡུང་ལ་ཞུས། ཇོ་གཡུང་གི་ཞལ་ནས། སྤྱིར་མི་བྱ་བ་ནི་དར་དྲགས་ལ་སྐྱོ་སྐྱེན། དེའི་ནང་ནས་ཁྱེད་གཙང་པ་ཁ་དད་ཆེ་ལ་གཏིང་དད་ཆུང་བས། ཁྱེད་ཀྱིས་བཙུན་པ་མི་ཡོང་གིས་ཕྱིར་སོང་ཞིག་གསུངས། སླར་ཡང་ཞུ་བ་མང་དུ་ཕུལ་བས། འོ་ན་མཁན་པོ་འཚོ་སྟོན་ནམ་མཁའ་རྒྱལ་མཚན་དབེན་ལ་བཞུགས་པ་དེ་སྤྱན་དྲོངས་ཤོག་གསུངས་ནས་མཁན་པོའི་དྲུང་དུ་བྱོན། དེ་ནུབ་མཁན་པོས་ཉེ་གནས་ལ་མདང་རྨི་ལམ་བཟང་བས་དེ་རིང་སུ་ཡོང་ན་ང་དང་སྤྲོད་གསུངས་པས། ཉེ་གནས་ཀྱིས་ཁྲིད་ནས་ཞུ་དོན་ཕུལ་བས་མཁན་པོ་མཚམས་གྲོལ། སློབ་དཔོན་གྱིས་མཁན་པོ་ལ་ཁྱེད་ཀྱི་མཚམས་ལ་རྒྱུ་མཚན་མེད་པ། ཞག་རེ་ལ་ཨང་གསུངས་པས། མཁན་པོས་ཁྱེད་ཀྱིས་མ་གཟིགས་སམ། འདི་ནི་འདུལ་བརྒྱུད་འཛིན་པའི་སྐྱེ་བུ་ཞིག་འོང་བ་གདའ་གསུངས་ཏེ། དབུས་ཀྱི་མཁན་སློབ་གཉིས་ཀྱིས་རབ་བྱུང་གི་སྡོམ་པ་གནང་སྟེ་རྣམ་དག་འདུལ་བ་འཛིན་པ་ཀུན་གྱི་གཙུག་རྒྱན་དུ་གྱུར། མཁན་པོའི་མདུན་དུ་ལོ་གཅིག་ཙམ་བཞུགས་ནས་ཞལ་གདམས་མང་དུ་གསན། དེ་ནས་མཁན་པོས་ལུང་བསྟན་ཏེ། གཡས་རུ་དཀར་པོ་བྲག་སོགས་ཀྱི་རི་ཁྲོད་འགྲིམ་ནས་སྒོམ་སྒྲུབ་ཉམས་ལེན་མཛད། རེ་ཞིག་སྲིད་པ་རྒྱལ་མོས་རྩ་རླུང་ཐེག་ལེའི་ཉམས་ལེན་དང་གགས་སེལ་མང་དུ་གསུངས་སོ། །

ཁོང་ལ་བཀའ་དྲིན་ཆེ་བའི་བླ་མ་བརྒྱད་ཡོད་དེ། ཤེས་རྒྱུད་སྦྱོང་ཞིང་སྔགས་སེམས་ལ་བཀའ་དྲིན་ཆེ་བ་ཞུ་སྐྱེ་སེ་ཆེན་པོ་དང་། རྨེའུ་ལྷ་རི་གཉེན་པོ་གཉིས། ལམ་སྒོར་གཞུག་ཅིང་བཤད་པའི་བོན་ལ་བཀའ་དྲིན་ཆེ་བ་ཞུ་སྒྲོལ་བ་གཤེན་རྒྱལ་དང་། བྲུ་རྗེ་གཡུང་དྲུང་བླ་མ་གཉིས། སྲུང་ཁྲིམས་འདུལ་སྡོམ་ལ་བཀའ་དྲིན་ཆེ་བ་མཁན་སློབ་འཚོ་གཡུང་གཉིས། ཞལ་མ་མཇལ་ཡང་བྱིན་རླབས་ཞུགས་ཏེ་སྙན་རྒྱུད་གདམས་པ་ལ་བཀའ་དྲིན་ཆེ་བ་ཁྲོ་ཚང་འབྲུག་ལྷ་དང་། ཏྲེ་སྟོན་གོ་ཆ་གཉིས་དང་བརྒྱད་ཡིན། ལྟ་དགོངས་ཁྲིད་ཀྱི་སྐོར་ལ་བཀའ་དྲིན་ཆེ་བ་བླ་ཆེན་དྲན་པ་དང་སྲིད་པའི་རྒྱལ་མོ་གཉིས་ཡིན་པར་གསུངས་ཤིང་། དེ་རྣམས་ཀྱི་ཞབས་ལ་བཏུགས་ཏེ་རྒྱུ་འབྲས་ཀྱི་བོན་ལ་ཚུལ་བཞིན་བློ་སྦྱངས་ཤིང་ཉམས་ལེན་མཛད་པས། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ཏེ་གྲུབ་རྟགས་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་། ཉིན་ཞིག་སྲིད་པ་རྒྱལ་མོས་གནས་འདི་རུ་མ་འདུག་ཤངས་ཀྱི་བློན་པོ་སྡེངས་སུ་སོང་ཞིག་གསུངས་ནས་དེར་ཕེབས། དེ་རུ་བཞུགས་དུས་འཁོར་ལ་སྔ་བ་བླ་མ་བདེ་ཆེན། ཡོན་བདག་ལ་སྔ་བ་བ་ལེ་བེ། སྲིབས་ཀྱི་ར་ཙ་བོན་པོ་བཅས་བྱུང་། དེ་ནས་འཁོར་དང་བུ་སློབ་མང་དུ་འདུས་ཏེ། །

སྤྱིར་བླ་མ་དེ་ལ་ལྟ་དགོངས་གཉིས་འཛིན་བྲལ་བ་དོན་ལྡན་སྒོམ་ཆེན་གྱི་འཁོར། བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་གསང་སྔགས་སྒྲུབ་པ་པོའི་འཁོར། འདུལ་ཁྲིམས་སྤངས་རྟོགས་མཐའ་རུ་ཕྱིན་པའི་རྣམ་དག་བཙུན་པའི་འཁོར། ཐུགས་བསྐྱེད་སྨོན་འཇུག་དང་ལྡན་པའི་སྡུག་འཕོངས་སྨོན་པའི་འཁོར་བཅས་འཁོར་སྡེ་བཞི་ཡོད་དོ། །དེའི་ནང་ནས་མཆོག་ཏུ་གྱུར་པ་ཐུགས་ཀྱི་སྲས་བཞི་ལྕམ་གཉིས་བྱུང་བ་ནི། སྟོད་ནས་དམྱལ་སྐྱེ་མེད་དྲང་སྲོང་། བྱང་ནས་ཕོ་སྒོམ་ཞིག་པོ། ལྷོ་ནས་ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར། རུ་མཚམས་གཞབས་ནས་རྟོགས་ལྡན་སྒོམ་ཆེན་འབར་བ་དང་བཞི། ལྕམ་གཉིས་ནི་ཇོ་མོ་རྒྱལ་མོ་དང་། བཙུན་མ་དར་སྒྲོན་གཉིས་སོ། གཞན་ཡང་གྲུབ་ཐོབ་ལྔ་བཅུ་ང་བརྒྱད། རི་འགྲིམ་སྒོམ་ཆེན་སུམ་བརྒྱ་སོགས་བྱུང་།

ལྷག་པར་དུ་བོན་གྱི་བསྟན་པ་ལ་དར་ནུབ་མང་བའི་རྐྱེན་གྱིས་བཀའ་གསུང་རབ་རྣམས་གཏེར་དུ་སྦས་དགོས་བྱུང་བ་དག་གཤེན་གྱེར་རྨ་དབྱིལ། གཉལ་ཁུ་བཞོད་སོགས་ཀྱིས་གཏེར་ཞལ་ཕྱེས་ཏེ། སེམས་ཕྱོགས་ཀྱི་བོན་བཤད་བརྒྱུད་དང་། དཔེ་བརྒྱུད་ཙམ་དུ་སོང་སྟེ། མན་ངག་དགོངས་ཉམས་ཀྱི་བརྒྱུད་པའི་སྲོལ་མ་ཚུགས་ཏེ། ཐེག་ཆེན་གྱི་བཀའ་ལྡིངས་པ་ལྟ་བུ་གྱུར་ཏེ། སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་ནམ་ལང་གི་སྐར་མ་ལྟར་གྱུར་བའི་སྐབས་དེར་རྗེ་བཙུན་མཆོག་གིས་སྒྲུབ་རྒྱུད་བསྟན་པའི་དར་ཆེན་གྱེན་དུ་སྒྲེང་སྟེ་ཨ་རྫོགས་སྙན་གསུམ་གྱི་བསྟན་པ་དེ་ཉིད་ཚིག་ཐོག་ཏུ་མ་ལུས་དོན་ཐོག་ཏུ་འབྱོར་བར་མཛད་དེ་སློབ་རྒྱུན་མང་པོ་བསྐྱངས།

རྗེ་བཙུན་ཉིད་ཀྱིས་མཛད་པའི་གསུམ་རྩོམ་ནི། ལྟ་རིམ། སྤྱོད་རིམ། སྒོམ་རིམ་གསུམ་དང་། གེགས་སེལ་གཅོད་དང་སྤྱི་གདམས། བཀའ་འཁོར་ཚིག་བཞི། ཞལ་གདམས་སྐོར་བཅས་མང་པོ་ཡོད་དོ། །མཐར་དགུང་ལོ་ལྔ་བཅུ་རྩ་དགུའི་མེ་ཕོ་བྱི་བའི་(༡༠༩༦)དགུན་ཟླ་འབྲིང་པོའི་ཚེས་བཞིའི་སྐྱ་རེངས་ཤར་ཙམ་ནས་སྐུ་ཞི་བར་གཤེགས།  ཚེས་བརྒྱད་ཉིན་སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་རྟེན་རིང་སྲེལ་མང་དུ་བྱོན་ཏེ། བསྟན་པའི་རྒྱན་དུ་བུ་ཆེན་ཀུན་གྱིས་ཕྱི་ནང་གི་རྟེན་རེ་བཞེངས་པ་བཅས་ཀྱི་ངོ་སྤྲོད་མདོ་བསྡུས་སུ་ཁྱུང་ཁྲི་ལྡེས་བྲིས།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།