བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན།

0
2527

འབུམ་གསུང་པ་པོ། སྟོན་པ་གཤེན་རབ་མི་བོ།

བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་བཞུགས་པ་དབུ་ཕྱོགས་ལེགས།

འོལ་གླིང་གི་ཞིང་བཀོད་འདི་ནི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་སྒོ་ཁྱམས་བྲིས་པའི་དཔེ་རིས་ཡིན།

༄༅། །ཞང་ཞུང་སྐད་དུ། འཚོ་ཅི་དེ་ཤིན་ཙ་རི་ཤེ་འབའ་མུ་ཏིང་བིན། བོད་སྐད་དུ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་ཞེས་བྱ་བའོ།། རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་ལ་ཕྱག་འཚལ་ལོ།། ཐུགས་རྗེས་འགྲོ་བའི་དོན་མཛད་གཤེན་རབ་མཆོག། མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། ནམ་མཁའི་མདོག་ཅན་བསྟན་པའི་གཙོ་ལ་བསྟོད། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྟོང་གསུམ་གྱི་འཇིག་རྟེན་རྒྱ་ཆེ་ཞིང་གྲངས་མང་བའི་ནང་ནས། མི་མཇེད་པའི་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་མིག། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་པའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་གསུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང༌། རྒྱ་མཚོ་དང་ནེའུ་ཐང་དང༌། ཆུ་བོ་དང་ཆུ་བྲན་དང༌། ལུ་མ་དང་ལྡིང་ཀ་དང༌། དཔག་བསམ་དང་ནག་ཚལ་དང༌། མེ་ཏོག་དང༌། སྨན་དང༌། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང༌། རི་དྭགས་དང༌། གཅན་གཟན་དང༌། འདབ་ཆགས་དང༌། ཆུ་གནས་དང༌། གཡུང་དྭགས་དང༌། མི་ནོར་དང༌། ཡུལ་མཁར་དང༌། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའ་འོ།། དེ་ཡང་ངོ་མཚར་ཆེ་བའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་དེའི་དབུས་སུ། རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་ཞེས་བྱ་བ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་གྱི་གདན་ས་སྟེ། དབུས་སུ་རི་གཡུང་དྲུང་དགུ་བརྩེགས་ཞེས་བྱ་བ། རིན་པོ་ཆེ་སྣ་དགུ་ལས་གྲུབ་པ། དཔག་ཚད་ལྔ་བཅུ་རྩ་གཅིག་གི་འཁོར་བ། བང་རིམ་ཐེག་པ་རིམ་དགུས་མཚོན་པ། ཐེག་དགུ་སྤྱོད་པ་སའི་གྲུབ་གནས་ཕུན་གསུམ་ཚོགས་པ། རྩི་ཤིང་ནགས་ཚལ་མེ་ཏོག་ཕུན་གསུམ་འཚོགས་པ། སྨན་དྲི་བཟང་གི་ཚལ་དང༌། མཚོ་མོ་དང་སྨན་ཆུ་འབབ་པ། རྩེ་ལ་ཤེལ་གྱི་རྡོ་རིང་གཡུང་དྲུང་དགུ་བརྩེགས་ཀྱི་ཚུལ་ཆགས་པ།ཡས་མར་གྱི་དཔངས་ལ་དཔག་ཚད་བཅུ་གསུམ་འདུག་པ། མཐའ་སྐོར་དུ་འཁོར་མོ་གླིང་མཚོ་བྱ་བ་འཁྱིལ་བ། ལོག་བཞི་ལ་ཆུ་བོ་ཆེན་པོ་བཞི་འབབ་པ། དེའི་ཕྱོགས་མཚམས་བརྒྱད་དུ་རྒྱལ་ས་ཕོ་བྲང་གླིང་བརྒྱད་དང༌། དེའི་ཕྱི་རིམ་དུ་ནང་གི་གླིང་ཆེན་བཅུ་གཉིས། དེའི་ཕྱི་རིམ་དུ་བར་གྱི་གླིང་ཕྲན་བཅུ་གཉིས། དེའི་ཕྱི་རིམ་དུ་ཕྱི་ཡི་ཡུལ་ཆེན་བཅུ་དྲུག་སོགས་ཀུན་གྱིས་བསྐོར་བའི་ཚུལ་དུ་ཆགས་ཏེ། །དེ་ཡང་དབུས་ཀྱི་རྒྱལ་ས་ཕོ་བྲང་གླིང་བརྒྱད་ན། ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ།བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང༌། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བར་པོ་སོ་བརྒྱད། ཤར་བྱང་དུ་གཤེན་རབ་སྐུ་ཚད། བྱང་ནུབ་དུ་རྣམ་དག་དཀར་པོ། ནུབ་ལྷོ་རུ་ཐུགས་རྗེ་རང་འབྱུང༌། ལྷོ་ཤར་དུ་བདེ་བ་རང་གྲུབ་དང་བརྒྱད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་འཁྲུངས་པ་དང༌། བསྟན་པ་སྤེལ་བ་དང༌། བོན་འཁོར་བསྐོར་བ་དང༌། མྱ་ངན་ལ་འདས་པ་ལ་སོགས་མཛད་པའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་ལྷའི་ཕོ་བྲང་གི་བཀོད་པའོ།། དེའི་ཕྱི་རིམ་དུ་འཁོར་ཡུག་ར་བ་རིམ་བདུན་ནི་རིན་པོ་ཆེ་སྣ་ལྔ་དང་། ཆུ་དང་རྩི་ཤིང་མེ་ཏོག་གི་ར་བ་དང་བདུན་གྱིས་བསྐོར་བའོ།། དེའི་ཕྱི་རིམ་དུ་ནང་གི་གླིང་ཆེན་བཅུ་གཉིས་ནི། ཤར་དུ་གཡུང་དྲུང་བཀོད་པའི་གླིང༌། དེའི་གཡས་ན་དགའ་ལྡན་ལྷའི་གླིང༌། གཡོན་ན་འདུལ་བ་ཁྲིམས་ཀྱི་གླིང༌། བྱང་ན་གནོད་སྦྱིན་ནོར་གྱི་གླིང། དེའི་གཡས་སུ་གསེར་དངུལ་རིན་ཆེན་གླིང༌། གཡོན་དུ་གང་འདོད་བཀྲ་ཤིས་གླིང༌། ནུབ་དུ་མི་གཡོ་བསམ་གཏན་གླིང༌། དེའི་གཡས་ན་དགེ་རྒྱས་ཡོན་ཏན་གླིང༌། གཡོན་ན་ཚད་མེད་བྱམས་པའི་གླིང༌། ལྷོ་རུ་ཚད་མེད་བྱང་ཆུབ་གླིང༌། དེའི་གཡས་ན་བདུད་འདུལ་སྔགས་ཀྱི་གླིང་དང༌། གཡོན་ན་སྦྱིན་པ་མཐའ་རྒྱས་གླིང། དེ་བཅུ་གཉིས་ནི་སྟོན་པས་བོན་གྱི་འཁོར་ལོ་བསྐོར་བ་དང༌། འཁོར་སྡེ་བཞི་ཡ་བརྒྱད་ཀྱི་ཁྲིམས་བསྲུང་བ་དང༌། དཀའ་བ་བསྐྱད་པ་དང༌། བསྒོམ་བསྒྲུབ་བྱེད་པའི་གནས་སོ།། དེ་རྒྱབ་ཡན་ལག་བརྒྱད་ལྡན་གྱི་མཚོ་དང༌། འཇའ་ཚོན་འོད་འབར་གྱི་ཤིང་དང༌། མུ་ཁྱུད་མཛེས་པའི་རྩི་ཤིང་གིས་བསྐོར་བའོ།། དེའི་ཕྱི་རིམ་དུ་བར་གྱི་གླིང་ཕྲན་བཅུ་གཉིས་ནི། ཤར་དུ་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང༌། ཆུ་བོ་ན་ར་འཛའ་ར་འབབ་པའོ།། དེའི་གཡས་སུ་གསེར་གླིང་རྒྱུད་ཀྱི་གླིང༌། གཡོན་དུ་ཟངས་གླིང་བཀྲ་ཤིས་གླིང༌། བྱང་ན་རྨངས་རིགས་རྡོལ་བའི་གླིང༌། ཆུ་བོ་པག་ཤུ་འབབ་པའོ།། དེའི་གཡས་ན་སྟོབས་ཆེན་གྱད་ཀྱི་གླིང༌། གཡོན་ན་གཙུག་རྗེ་རྒྱལ་པོའི་གླིང༌། ནུབ་ན་བྲམ་ཟེ་གཙང་མའི་གླིང༌། ཆུ་བོ་གྱིམ་ཤང་འབབ་པའོ།། དེའི་གཡས་ན་བྲམ་ཟེ་ཧོས་མོ་གླིང༌། གཡོན་ན་འབྲི་མིག་དགུ་སྐོར་གླིང༌། ལྷོ་རུ་རྗེས་རིགས་བཀོད་པའི་གླིང༌། ཆུ་བོ་སིདྡྷུ་བབ་པའོ།། དེའི་གཡས་ན་དྲང་སྲོང་འགྲོ་འདུལ་གླིང༌། གཡོན་ན་མེ་ཏོག་དུར་བུའི་གླིང་ངོ།། དེའི་བཅུ་གཉིས་ན་སྟོན་པའི་འཁོར་ཡེ་གཤེན་སུ་བརྒྱ་དྲུག་ཅུས་གསས་མཁར་སུམ་བརྒྱ་དྲུག་ཅུའི་བོན་གྱི་འཁོར་ལོ་བསྐོར་བའི་ཞིང་ཁམས་སོ།། དེ་རྒྱབ་འཁོར་མོ་གླིང་གི་མཚོ་ཞེས་པས་བསྐོར་བའོ།། དེའི་ཕྱི་རིམ་ན་ཡུལ་ཆེན་པོ་བཅུ་དྲུག་ཡོད་དེ།ཤར་དུ་དམུ་ཨ་པ་ད་རིའི་ཡུལ། དེའི་གཡས་གཡོན་དུ། བྲག་སེང་གི་རྒྱབ་བསྣོལ་དང༌། རི་ལྷ་རི་སྤོས་མཐོན་ཤེལ་གྱི་བྲག་ཕུག་དགུ་བརྒྱུད་དང༌། འགྲོ་བ་འདུལ་བ་མཆོད་རྟེན་གྱི་གླིང་ལ་སོགས་སོ།། ཤར་བྱང་དུ་ཀ་དྷ་ཤེལ་གྱི་བྲག་ཕུག་གོ བྱང་དུ་ཡུལ་འོད་མ་བྱམས་སྐྱ། དེའི་གཡས་གཡོན་ན། ཧ་ནུ་མ་དྷའིགླིང་དང༌། སྣང་བསྒྱུར་སྒྱུ་མའི་གླིང་ངོ༌།། བྱང་ནུབ་ན་ཀ་ར་ཤ་ཀའི་ཡུལ་ལོ།། ནུབ་ན་རྒོད་རྗེ་ཀོང་ཙེ་རྒྱ་ཡི་ཡུལ། དེའི་གཡས་གཡོན་ན་རྒྱལ་མོ་ཕྲོམ་གྱི་གླིང་དང༌། མཁའ་འགྲོ་མི་ཀུན་གྱི་གླིང་ངོ།། ནུབ་ལྷོ་ན་གཙུག་རུམ་འབར་བའི་སྒྲུབ་གནས། ལྷོ་ན་ཡུལ་ཁྲི་དང་འཇམ་བ། དེའི་གཡས་གཡོན་སྨྲ་མི་གྲོང་བདུན་གྱི་གླིང་དང་། ཕྲ་མོ་གླིང་དྲུག་གི་ཡུལ་ལོ།། ལྷོ་ཤར་ན་གསས་རྗེ་ཧོས་ཀྱི་ཡུལ་ཡོད་དོ།། དེ་རྒྱབ་མུ་ཁྱུད་བདལ་པའི་རྒྱ་མཚོ་དང༌། ཟངས་རི་ལ་མེ་འབར་བ་དང༌། ལྕགས་རི་ལ་ཆུ་འབྲུག་པའི་འཁོར་ཡུག་དང༌། གངས་དབལ་སོ་མདུང་རྩེའི་ར་བས་བསྐོར་བ།དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོ་དེ་ནི་ལྷ་རི་སྤོ་མཐོན་ལ་སོགས་རི་དབང་སུམ་བརྒྱ་དྲུག་བཅུ། མུ་ལེ་སྟོང་ལྡན་ལ་སོགས་མཚོ་སྨན་སུམ་བརྒྱ་དྲུག་ཅུ། གཡུང་དྲུང་ལྗོན་ཤིང་ལ་སོགས་དཔག་བསམ་ལྗོན་ཤིིང་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་སྐྱེས་ཤིང༌། འབིག་བྱེད་ཞེས་པ་གདག་རི་ཡི་ཕྱོགས་རྣམས་སུ་ཉི་མའི་སྟོབས་དང་ལྡན་པའི། གྲང་བ་སེལ་བའི་སྨན་སྣ་ཚོགས་ཀྱི་ནག་ཚལ་དང༌། གངས་ཅན་ཞེས་པ་སྲིབ་རི་ཡི་ཕྱོགས་རྣམས་སུ་ཟླ་བའི་སྟོབས་དང་ལྡན་པའི་ཚ་བ་སེལ་བའི་སྨན་སྣ་ཚོགས་ཀྱི་ནག་ཚལ་དང་སྔོ་ལྡུམ་སྐྱེས་ཤིང༌། དྲི་བསུང་གི་ཕྱོགས་སུ་ནད་གདོན་མ་ལུས་ཞི་བར་བྱེད་པ་ཡོད་དོ།། གཞན་ཡང་རྡོ་ཐམས་ཅད་ལ་ཅོང་ཞི་དང་མཚལ་ལ་སོགས་རྡོ་སྨན་སུམ་བརྒྱ་དྲུག་ཅུ།ས་ཐམས་ཅད་ལ་བྲག་ཞུན་ལ་སོགས་པ་སྨན་སུམ་བརྒྱ་དྲུག་ཅུ། ཆུ་ཐམས་ཅད་ལ་སྨན་ཆུ་རིགས་ལྔ་དང༌། ཆུ་ཚན་རིགས་ལྔ་དང་ཆུ་སྨན་གྱི་རིགས་ཐ་དག་དང༌། ཡིད་བཞིན་ནོར་བུ་ལ་སོགས་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་སྣ་ཚོགས་དང་། གསེར་དངུལ་ལ་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་སྣ་ཚོགས། གླང་པོ་དང་གླ་བ་སོགས་འདབ་ཆགས་རི་གཡུང་གཅན་ཟན་ཆུ་གནས་སོགས་སྲོགས་ཆགས་ལས་བྱུང་བའི་ཤ་ཁྲག་རུས་ལྤགས་བུབ་རིལ་སྨན་དུ་གྱུར་པ་ཐ་དག་དང༌། ཚྭ་སྣའི་རིགས་ཀྱི་སྨན་ཐམས་ཅད་ས་ཆུ་རྡོ་ཤིང་ཀུན་ནས་བྱུང་བ་དང༌།རིན་པོ་ཆེ་སྣ་དགུ་ཡི་བྲག་རི་དང༌། རི་ཡི་ཁ་དོག་གིས་བསྒྱུར་བའི་མཚོ་དང༌། མཚོ་ཡི་རང་བཞིན་ལས་བྱུང་བའི་བྱེ་མ་དང་བྱེ་མ་བདལ་བ་ལས་བྱུང་བའི་ཐང་ལ་སོགས། ངོ་མཚར་གྱི་ལྟས་མོ་རྩ་གསུམ་ལྷ་ལས་ཀྱང་དགུ་འགྱུར་དུ་ཆེ་བ་ཉིན་དང་མཚན་མོའི་སྣང་བ་མེད་པ།ཅིར་ཡང་སྤྲུལ་སྐུའི་བདེ་ཆེན་གྱི་ཞིང་ཁམས་སམ། སྟག་གཟིགས་ཤམ་བྷ་ལ་འམ། མཚན་ཡོངས་སུ་གྲགས་པའི་གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་དེའི་དབུས་ཀྱི་རི་གཡུང་དྲུང་དགུ་བརྩེགས་ཀྱི་གསོས་བདུད་རྩི་སྨན་གྱི་ནག་ཚལ་གྱི་དཀྱིལ་དུ་རིན་པོ་ཆེ་སྣ་དགུ་ལས་གྲུབ་པའི་སངས་རྒྱས་སྨན་ལྷའི་ཕོ་བྲང་ཆེན་པོ་ལྕགས་རི་དཔག་ཚད་བཞི་ཡིས་འཁོར་བ། དྲི་ཞིམ་པ་དང་ངད་གདང་བས་དཔག་ཚད་རྒྱང་གྲགས་སུ་ཁྱབ་པ་དེའི་དབུས་སུ་གདན་འཁོར་ལོ་རྩིབས་དགུ་དང་སྤོས་ཀྱི་གླང་པོ་བརྒྱད་བསྣོལ་གྱི་ཁྲི་ལ། སྟོན་པ་གཤེན་རབ་མི་བོ་ཉིད། སྐུ་མདོག་རིན་པོ་ཆེ་བེཌཱུརྻའི་མདོག་ལྟ་བུ་འོད་ཟེར་ཕྱོགས་བརྒྱར་ལྷག་པ་དབུ་ལ་རིན་པོ་ཆེ་ཡི་ཟེ་པྲོག་གསོལ་བ། ཕྱག་གཡས་ན་མཐིང་གི་ཆགས་ཤིང་གསེར་གྱི་གཡུང་དྲུང་རིས་ཅན་དང༌། གཡོན་པས་མཉམ་བཞག་གི་སྟེང་དུ་སྨན་གྱི་རྒྱལ་པོ་ཨ་རུ་ར་རྣམ་པར་རྒྱལ་བའི་སྡོང་པོ་འབྲས་བུ་དང་བཅས་པ་འཛིན་པ། ཐུགས་ལ་འོད་ཟེར་གྱི་སྤྲོ་བསྡུ་མཛད་ཅིང་བདུད་རྩི་སྨན་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་མདུན་གྱི་ནམ་མཁའ་ལ་སྨན་གྱི་ལྷ་སུམ་ཅུ་རྩ་གསུམ། གསལ་ལ་རང་བཞིན་མེད་པ། སྣང་ལ་དངོས་པོ་མེད་པར་མངོན་སུམ་དུ་གསལ་བ། དེ་ལ་འཁོར་ནང་འཁོར་དང༌། བར་འཁོར་དང༌། ཕྱི་འཁོར་གསུམ་སྟེ། ནང་འཁོར་ནི་གཤེན་རབ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྨ་ལོ་དང༌། གཡུ་ལོ་དང༌། གཏོ་བུ་འབུམ་སངས་དང༌། དཔྱད་བུ་ཁྲི་ཤེས་དང༌། ལྷ་ཡི་དྲང་སྲོང་མངོན་པར་ཤེས་པ་དང༌། བདེན་པར་སྨྲ་བ་དང༌། རིག་པར་སྨྲ་བ་དང༌། ངེས་པར་སྨྲ་བ་དང༌། ཡིད་ལས་སྤྲུལ་བ་དང༌། ཡིད་ལས་འབྱུང་བ་དང༌། ཡིད་ལས་སྐྱེས་པ་དང༌། ཡིད་ལས་གྲུབ་པ་ལ་སོགས་དྲང་སྲོང་ཆེན་པོ་བརྒྱད་དང༌། སྨན་གྱི་ལྷ་མོ་བཅུ་དྲུག་དང༌། བར་འཁོར་དུ། དྲང་སྲོང་དང༌། གཙང་གཙུག་དང༌། དགེ་བསྙེན་དང༌། བསྙེན་གནས་གྱི་འཁོར་འབུམ་ཕྲག་བཞི་དང༌། གཞན་ཡང་གཤེན་རབ་གཡུང་དྲུང་སེམས་དཔའ་ཁྲི་དྲུག་སྟོང་དང༌། ཡེ་གཤེན་སུམ་བརྒྱ་དྲུག་བཅུ་དང༌། ཕྱི་འཁོར་དུ་ལྷ་ཆེན་པོ་བརྒྱད་དང༌། ཀླུ་ཆེན་པོ་བརྒྱད་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཕྱོགས་སྐྱོངས་བ་བཅུ་དང༌། གཟའ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང༌། སྨྲ་ཤེས་དོན་གོ་བའི་ལྷ་མིའི་རིགས་བྱེ་བ་ཁྲག་ཁྲིགདང༌། ཡང་འཁོར་ཁམས་སུ་སེམས་ཅན་གྲངས་མེད་དག་གི། སྟོན་པའི་གསུང་རྣམས་རང་རང་གི་སྐད་དང་མཐུན་པར་སོ་སོ་རུ་གོ་ནས་ཐམས་ཅད་ཀྱི་ཤེས་རྒྱུད་གྲོལ་ལོ།། དེ་ཡང་དྲང་སྲོང་ཞེས་པ་ནི་རང་གི་ལུས་ངག་ཡིད་གསུམ་དགེ་བཅུ་དྲང་པོར་སྲོང་ཞིང༌། གཞན་གྱི་སྡིག་བཅུ་འཕྲོས་གཅོད་པར་བྱེད་པའི་དྲང་སྲོང་ཞེས་བྱའོ།། གསོ་རིག་ཐུགས་འབུམ་མཁའ་སྔོན་ལས།ཐོག་མར་གླིང་བཞིའི་ལེའུ་སྟེ་དང་པོའོ།།  །།

དེའི་ཚེ་དེ་ཡི་དུས་ན། སྟོན་པ་གཤེན་རབ་མི་བོ་དེ། ནད་གདོན་བར་གཅོད་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང༌། ཞུགས་མ་ཐག་དུ་ཐུགས་ལས་འོད་ཟེར་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པས།ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེས་སྐྱོན་མཐའ་དག་བསལ།མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱས་ནས། འོད་ཟེར་ཚུར་འདུས་པ་ལས་སྨན་གྱི་བླ་བེཌཱུརྻ་འོད་ཀྱི་རྒྱལ་པོའི་སྐུ་རུ་བཞུགས་ནས། འདི་སྐད་ཅེས་གསུང་སོ།། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། མི་ན་བར་གནས་པར་འདོད་པ་དང༌། ན་བ་གསོ་བར་འདོད་པའི་གང་ཟག་གི་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ།། ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ།། བོན་དང་ནོར་དང་བདེ་སྐྱིད་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ།། ནད་གདོན་བར་གཅོད་ཀྱི་ཁྲོམ་ལས་ཐར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ།། གཞན་གྱི་སྤྱི་བོར་བསྐུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ།། ཅེས་གསུངས་སོ།།

དེ་ནས་དཔྱད་བུ་ཁྲི་ཤེས་རང་གི་སྟན་ལས་ལང་སྟེ། བསྐོར་བ་བྱས་ལྷ་ཕྱག་འཚལ་ནས། མེ་ཏོག་ཨུད་དཔལ་འདབ་མ་ཁྲི་ཕྲག་ཡོད་པ་གཅིག་ཕུལ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སྨན་བླ་མཆོག། དོན་གཉིས་ཕུན་འཚོགས་བསྒྲུབ་འདོད་སྐལ་ལྡན་བུའི། གསོ་རིགས་མན་ངག་ཅི་ལྟར་བསླབ་པར་བགྱི། ཞེས་ཞུས་པ་ལ། སྟོན་པས་བཀའ་རྩལ་པ། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། བདུད་རྩི་བང་མཛོད་འབུམ་བཞིའི་མདོ་སྡེ་ལས། གསོ་རིག་ཐུགས་འབུམ་མཁའ་སྔོན་བསླབ་པ་ལ། འབུམ་དང་ཡན་ལག་གནས་དང་ནི། སྐབས་དང་མདོ་དང་ལེའུར་བསླབ་པར་བྱའོ།། ཞེས་གསུངས་སོ།།

དེ་ལ་དཔྱད་བུའི་ཞུས་པ། གསོ་རིག་འབུམ་དང་ཡན་ལག་གནས་སྐབ་མདོ། ལེའུ་དེ་དག་སོ་སོར་གསུངས་པར་ཞུ། དེ་ལ་སྟོན་པས་བཀའ་རྩལ་པ། འདུས་པའི་འཁོོ་རྣམས་མ་ཡེངས་བདག་ལ་ཉོན། འབུམ་ནི་ཐུགས་འབུམ། སྨན་འབུམ། དཔྱད་འབུམ། ནད་འབུམ་བཞི་རུ་སྟོན།ཡན་ལག་ལུས་དང་ཕྱིས་པ་མོ་ནད་གདོན། མཚོན་དུག་སྒས་གསོ་རོ་རྩ་བརྒྱད་དུ་སྟོན། གནས་ལ་བསླབ་པ། རྩ་བ་མདོ་ཡི་གནས་དང་གཅིག། གྲུབ་པ་ལུས་ཀྱི་གནས་དང་གཉིས། འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ། བྱ་བ་སྤྱོད་ལམ་གྱི་གནས་དང་བཞི། འཚོ་བ་ཟས་ཀྱི་གནས་དང་ལྔ། སྦྱོར་བ་སྨན་གྱི་གནས་དང་དྲུག། ཆ་བྱད་དཔྱད་ཀྱི་གནས་དང་བདུན། ཐ་མལ་ནད་མེད་གནས་དང་བརྒྱད། ངོས་བཟུང་རྟགས་ཀྱི་གནས་དང་དགུ། གསོ་བྱེད་ཐབས་ཀྱི་གནས་དང་བཅུ། བྱ་བྱེད་སྨན་པའི་གནས་དང་བཅུ་གཅིག་གོ སྐབས་ལ་བསླབ་པ་གང་ཞེ་ན། དང་པོ་ཉེས་གསུམ་གསོ་བའི་སྐབས། གཉིས་པ་ཁོང་ནད་གསོ་བའི་སྐབས། གསུམ་པ་ཚ་བ་གསོ་བའི་སྐབས། བཞི་པ་ལུས་སྟོད་གསོ་བའི་སྐབས། ལྔ་པ་དོན་སྣོད་གསོ་བའི་སྐབས། དྲུག་པ་གསང་ནད་གསོ་བའི་སྐབས། བདུན་པ་ཐོར་ནད་གསོ་བའི་སྐབས། བརྒྱད་པ་ལྷན་སྐྱེས་རྨ་གསོའི་སྐབས། དགུ་པ་བྱིས་པ་གསོ་བའི་སྐབས། བཅུ་པ་མོ་ནད་གསོ་བའི་སྐབས། བཅུ་གཅིག་གདོན་ནད་གསོ་བའི་སྐབས། བཅུ་གཉིས་མཚོན་རྨ་གསོ་བའི་སྐབས། བཅུ་གསུམ་དུག་ནད་གསོ་བའི་སྐབས། བཅུ་བཞི་རྒས་ནད་གསོ་བའི་སྐབས། བཅོ་ལྔ་རོ་རྩ་གསོ་བའི་སྐབས་སོ།། མདོ་ལ་བསླབ་པ་གང་ཞེ་ན། རྟགས་པ་རྩ་ཆུའི་མདོ་དང་གཅིག། ཞི་བྱེད་སྨན་གྱི་མདོ་དང་གཉིས། སྦྱོང་བྱེད་ལས་ཀྱི་མདོ་དང་གསུམ། འཇམ་རྩུབ་དཔྱད་ཀྱི་མདོ་བཞི།ལེའུ་ལ་བསླབ་པ་ལ། གླིང་གཞི་རྣམས་གྲང་གཞི་དང་། ངོས་འཛིན་གསོ་ཐབས་རྩིས་དང་། ཡོན་ཏན་བཤད་པ་སོགས་ཐུགས་འབུམ་ལེའུ་བདུན། རྩ་ཆུ་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཐལ་སྨན་ཁཎྜ་སྨན་ཆང་དང༌། རིན་པོ་ཆེ་དང་སྔོ་སྦྱོར་སྣུམ་ཆོས་དང༌། བཤལ་ཀྱུག་སྣ་སྨན་འཇམ་རྩི་ནི་རུ་ཧ། རྩ་སྦྱོང་གཏར་བསྲེགས་དུག་ལུམ་བྱུག་པ་དང༌། ཐུར་དཔྱད་གཉེན་པོ་གཅིག་རྒྱུག་འགོས་ནད་འགོག། གསོ་དཔྱད་བདོར་བསྡུས་རྒྱུད་ཀྱི་ཆེ་བ་བསྟན།གཙོ་བོའི་འཁོར་ལ་རྒྱུད་འདི་ཡོངས་སུ་གཏད། འཁོར་གྱི་གཙོ་བོ་ལ་བསྟོད་པའི་ལེའུ་སོགས་སྨན་འབུམ་དཀར་པོའི་མདོ་བཞི་སྟེ། གཉིས་བཅུ་བདུན་དང་དྲུག་དྲུག་ལེའུ་སུམ་བཅུ་གཅིག དཔྱད་འབུམ་སྡོམས་དང་ལུས་ཀྱི་ཆགས་ཚུལ་དང༌། འདྲ་དཔེ་གནས་ལུགས་མཚན་ཉིད་ལས། དབྱེ་བ་འཇིག་ལྟས་ནད་ཀྱི་རྒྱུ་རྐྱེན་དང༌། ཞུགས་ཚུལ་མཚན་ཉིད་དབྱེ་བ་སོ་སོར་དོན། རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་གསུམ། ཟས་ལ་བཟའ་ཚུལ་ཟས་བསྡམས་ཟ་ཚོད་གསུམ། རོ་ནུས་སྦྱོར་ཐབས་དཔྱད་དང་དཔྱད་ཆ་ལྔ། ནད་མེད་གནས་དང་རིང་དུ་འཚོ་བ་དང༌། ངོས་བཟུང་ཉེས་པ་དངོས་སུ་རྟགས་པ་དང༌། ངན་གཡོ་སྐྱོན་བརྟགས་སྤོང་བླངས་མུ་བཞི་བརྟག། གསོ་ཚུལ་བཅོས་ཚུལ་གསོ་ཐབས་སོ་སོར་བཅོས། སྨན་པའི་གནས་སོགས་དཔྱད་འབུམ་གནས་བཅུ་གཉིས། དཔྱད་འབུམ་ཁྲ་བོའི་ལེའུ་སོ་ལྔ་ཡིན། ཞུས་དང་ཉེས་པ་རླུང་མཁྲིས་བད་ཀན་འདུས། གཅོང་ནད་མ་ཞུ་སྐྲན་དང་སྐྱ་རྦབ་དང༌།འོར་དང་དམུ་ཆུ་གཅོང་ཆེན་ཟད་བྱེད་དྲུག། ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས། མ་སྨིན་རྒྱས་སྟོང་གབ་སྙིང་སྙོགས་པ་དང༌། འགྲམ་འཁྲུགས་རིམས་དང་འབྲུམ་པ་རྒྱུ་གཟེར་དང༌། གག་ལྷོག་ཆམ་པ་ལེའུ་བཅུ་དྲུག་གོ ལུས་སྟོད་མགོ་བོ་མིག་དང་རྣ་བ་སྣ། ཁ་དང་མགུལ་གྱི་ལྦ་བ་ལེའུ་དྲུག། དོན་སྣོད་སྙིང་དང་གློ་མཆིན་མཚེར་མཁལ་དང༌། ཕོ་བ་རྒྱུ་མ་ལང་དང་ལེའུ་བརྒྱད། གསང་བའི་ནད་ལ་ཕོ་མོ་ཐ་དད་གཉིས།ཐོར་ནད་སྐད་འགགས་ཡི་ག་འཆུས་པ་དང། སྐྱེག་བུ་སྐམ་དད་དབུགས་མི་བདེ་བ་དང༌། གླང་ཐབས་སྲིན་ནད་འཁྲུ་སྐྱུག་དྲི་མ་འགགས། གཅིན་འགག་གཅིན་སྙི་ཚད་འཁྲུ་དྲེག་ནད་དང༌། གྲུམ་བུ་ཆུ་སེར་རྩ་དཀར་ལྤགས་པའི་ནད། ཕྲན་བུ་ནད་དང་ལེའུ་བཅུ་དགུའོ།། ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང༌། མེ་དབལ་སུར་ཡ་རྨན་བུ་རླིག་ལུག་དང། རྐང་འབམ་མཚན་པར་བརྡོལ་དང་ལེའུ་བརྒྱད། བྱིས་པ་ཉེར་སྤྱོད་ནད་དང་དེའི་གདོན་གསུམ། མོ་ནད་སྤྱི་དང་བྱེ་བྲག་ཕལ་པ་གསུམ། འབྱུང་པོ་སྨྱོ་བརྗེད་གཟའ་དང་ཀླུ་གདོན་ལྔ། རྨ་ལ་རྨ་སྤྱི་མགོ་དང་རྐེ་ཡི་རྨ། བྱང་ཁོག་ཡན་ལག་ལེའུ་ལྔ་རུ་བཤད། དུག་ལ་སྦྱར་དུག་གྱུར་དུག་དངོས་དང་གསུམ། རྒས་པ་གསོ་བ་བཅུད་ཀྱི་ལེན་པ་དང༌། རོ་རྩ་ཁུ་བ་གསོ་དང་བུད་མེད་བརྩལ། དེ་ལྟར་ནད་འབུམ་ནག་པོར་བཅོ་ལྔའི་སྐབས། གསོ་བྱའི་ནད་འབུམ་ལེའུ་དགུ་བཅུ་གཉིས་སུ་བསྟན། སྤྱིར་ཡང་བདུད་རྩི་སྨན་གྱི་མདོ་དགུར་བསྟན་པ་ནི། བདུད་རྩི་མི་ཏྲིའི་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ།བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་དགོས་བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམ་ངག་འཕྲུལ་མདོ་དང་དགུ། དེ་རྣམས་ཀྱི་འགྲེལ་རྒྱས་པར་བཤད་པ་སྤྱི་ཁོག་ཁྲོལ་བའི། བདུད་རྩི་སྙིང་པོ་ཡོང་བསྡུས་འགྲེལ་རྒྱས་པར་བཤད་པ་དང་བཅུ། ཆ་ལག་བཅོ་བརྒྱད་སོ་སོར་གབ་སྦས་དོན་ཀུན་གསལ་བ་སོགས་ཡོད་པའི་ནང་ནས། འདི་ནི་བདུད་རྩི་བང་མཛོད་འབུམ་བཞི་ཞེས་པ་སྟོན་ཏེ། དེ་ཡང་ཐུགས་འབུམ་དང༌། སྨན་འབུམ་དང༌། དཔྱད་འབུམ་དང༌། ནད་འབུམ་དང་བཞི་རུ་སྟོན་པས།འབུམ་བཞི་བསྡོམ་པའི་ལེའུ་བརྒྱ་དང་དྲུག་ཅུ་རེ་ལྔ་བསྟན་པའོ།། ཞེས་གསུངས་སོ།། གསོ་རིག་ཐུགས་འབུམ་མཁའ་སྔོན་ལས། རྣམ་གྲངས་ཀྱི་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའོ།། །།

དེ་ནས་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། རྣམ་མཁྱེན་སངས་རྒྱས་སྟོན་མཆོག་སྨན་གྱི་བླ། གསོ་རིག་འབུམ་སྡེ་ཆེན་པོ་རྣམ་བཞི་ལས། ཐུག་འབུམ་མཁའ་སྔོན་ལེའུ་བདུན་གསུང་པ། སོ་སོར་དབྱེ་ནས་བདག་ལ་བཀའ་རྩོལ་ཞིག། ཞེས་ཞུས་པ་ལ་སྟོན་པས་བཀའ་རྩལ་པ། དཔྱད་བུ་ལ་སོགས་གསོ་རིག་འཛིན་པ་ཀུན། དང་པོ་ཐུག་འབུམ་མཁའ་སྔོན་གནས་བསྟན་པ། རྩ་བ་གསུམ་ལ་དྲིལ་པའི་སྡོང་པོ་དགུ། གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ། ལོ་འདབ་ཉིས་བརྒྱ་རྩ་བཞི་རྒྱས་པ་ཡིན། གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། འདི་དག་ཐུགས་འབུམ་མཁའ་སྔོན་སྡོམ་སུ་བཤད། དེ་ཉིད་རྒྱས་པར་བཀྲོལ་ན་འདི་ལྟ་ཏེ། ནད་དང་ལུས་ཟུང་དྲི་མ་རྣམ་པ་གསུམ། རྣམ་པར་མ་གྱུར་པ་དང་གྱུར་པ་ལས། ལུས་ཀྱི་ནད་རྣམས་འཇོམས་པར་བྱེད་པ་ཡིན། ནད་ནི་རླུང་དང་མཁྲིས་པ་བད་ཀན་གསུམ༌། རླུང་ལ་སྲོག་འཛིན་གྱེན་རྒྱུ་ཁྱབ་བྱེད་དང༌། མེ་ཉམས་ཐུར་སེལ་རྣམ་པ་ལྔ་རུ་བཤད། མཁྲིས་པ་འཇུ་བྱེད་མདངས་སྒྱུར་སྒྲུབ་བྱེད་དང༌། མཐོང་བྱེད་མདོག་གསལ་དག་དང་ལྔ་རུ་བཤད། བད་ཀན་རྟེན་བྱེད་མྱག་བྱེད་མྱོང་བྱེད་དང༌། ཚམ་བྱེད་འབྱོར་བྱེད་ལྔ་དང་བཅོ་ལྔར་བཤད༌། ལུས་ཟུང་དངས་མ་ཁྲག་ཤ་རྐང་ཚིལ་རུས། ཁུ་བ་དང་བདུན་དྲི་མ་བཤང་གཅིན་རྡུལ། དེ་ལྟར་རྣམ་གྲངས་ཉི་ཤུ་རྩ་ལྔའོ།། རོ་དང་ནུས་པ་སྤྱོད་ལམ་རྣམ་གསུམ་གྱི། ཐམས་ཅད་མཉམ་པར་གནས་པའི་འཕེལ་འགྱུར་ཞིང༌། དེ་ལས་ལྡོག་པ་གནོད་པར་འགྱུར་པ་ཡིན། ནད་ཀྱི་སྐྱེ་བར་བྱེད་པའི་རྒྱུ་གསུམ་སྟེ། དེ་ལ་ལྷན་གཅིག་བྱེད་པའི་རྐྱེན་བཞི་ཡིས། འཇུག་སྒོ་རྣམ་པ་དྲུག་ཏུ་ཞུགས་ནས་ནི། ལུས་ཀྱི་སྟོད་སྨད་བར་དུ་གནས་བཅས་ཤིང༌། རྒྱུ་བར་བྱེད་པའི་ལམ་ནི་བཅོ་ལྔ་རུ། ན་སོ་ཡུལ་དུས་དགུ་རུ་འཕེལ་བྱེད་དེ།འབྲས་བུ་སྲོག་གཅོད་པ་ཡི་ནད་དགུར་སྨིན། ལྡོག་པའི་རྒྱུ་ནི་བཅུ་དང་གཉིས་སུ་གྱུར། མདོ་དོན་དྲིལ་བས་ཚ་གྲང་གཉིས་སུ་འདུ། དེ་ལྟར་དྲུག་ཅུ་རྩ་གསུམ་གསོ་བྱའི་ནད། དེ་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། རླུང་མཁྲིས་བད་ཀན་རིམ་པས་སྐྱེད་པའི་རྒྱུ། དེ་ལ་དུས་གདོན་ཟས་དང་སྤྱོད་ལམ་བཞིས། དེ་དག་འཕེལ་དང་ཟད་པར་གྱུར་ནས་ནི། པགས་ལ་གྲམ་ཞིང་ཤ་ལ་རྒྱས་པདང༌། རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང༌། དོན་ལ་བབ་ཅིང་སྣོད་དུ་ལྷུང་བར་གྱུར། བད་ཀན་ཀླད་པ་ལ་རྟེན་སྟོད་ན་གནས། མཁྲིས་པ་མཆིན་མཁྲིས་ལ་རྟེན་བར་ན་གནས། རླུང་ནི་དཔྱི་སྐད་ལ་རྟེན་སྨད་ན་གནས། རུས་པ་རྣ་བ་རེག་བྱ་སྙིང་སྲོག་ལོང༌། ཁྲག་རྔུལ་མིག་དང་མཆིན་མཁྲིས་རྒྱུ་མ་དང༌། དངས་མ་ཤ་ཚིལ་རྐང་ཁུ་བཤང་གཅིན་དང༌། སྣ་ལྕེ་གློ་མཚེར་ཕོ་མཁལ་ལྒང་པ་རྣམས། ལུས་ཟུང་དྲི་མ་དབང་པོ་དོན་སྣོད་ལྔ། རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་དུ་བཤད། རྒས་པ་རླུང་མི་དར་མ་མཁྲིས་པའི་མི།བྱིས་པ་བད་ཀན་མི་ཡིན་ན་སོ་གཉན། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ། ངད་ཅན་གྲང་བ་རླུང་གི་ཡུལ་ཡིན་ཏེ། རླན་ཅན་སྣུམ་པ་བད་ཀན་ཡུལ་དུ་བཤད། རླུང་ནད་དབྱར་དུས་རྒོང་དང་ཐོ་རངས་ལྡང༌། མཁྲིས་པ་སྟོན་དུས་ཉིན་གོང་མཚན་གོང་ལྡང༌། བད་ཀན་དཔྱིད་དུས་སྲོད་དང་སྔ་གྲོ་ལྡང༌། འཚོ་བ་གསུམ་ཟད་འདུ་བ་གཤེད་དུ་བབ། སྦྱོར་བ་མཚུངས་དང་གནད་དུ་བབ་པ་དང༌། དུས་འདས་རླུང་ནད་སྲོག་རྟེན་ཆད་པ་དང༌། ཚ་བ་ལ་འདས་གྲང་བ་གཏིང་མཁར་དང༌། ཟུང་གྱིས་མི་ཐུབ་རྣམ་པར་འཚེ་བ་རྣམས། འབྲས་བུ་སྲོག་གཅོད་ནད་དགུ་ཞེས་སུ་བཤད། རླུང་མཁྲིས་བད་ཀན་ཞི་དང་མ་ཞི་བ།གཉིས་གཉིས་བཞི་རུ་ལྡོག་པས་བཅུགཉིས་སོ།། རླུང་དང་བད་ཀན་གྲང་བ་ཆུཡིན་ཏེ། ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གནས། དེ་ལྟར་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད་ཀྱིས། ནད་གཞིའི་རྣམ་པ་མ་ལུས་ཤེས་པར་འགྱུར། ཞེས་གསུངས་སོ།།གསོ་རིགས་ཐུགས་འབུམ་མཁའ་སྔོན་ལས། གནས་ལུགས་ནད་གཞིའི་ལེའུ་སྟེ་གསུམ་པའོ།། །།

དེ་ནས་ཡང་དཔྱད་བུས་གསོལ་པ། རྣམ་པ་ཀུན་མཁྱེན་སྨན་བླ་གཤེན་རབ་མཆོག། གསོ་རིག་བལྟ་རེག་དྲི་བ་ཅི་ལྟར་བྱ། ཞུས་པས་གཤེན་རབ་མི་བོས་བཀའ་རྩལ་པ། ཉོན་གཅིག་དཔྱད་བུ་ལ་སོགས་འཁོར་རྣམས་ཉོན༌། ནད་ལ་བལྟ་རེག་དྲི་བས་ཡོང་ཤེས་བྱ། མི་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟགས། བརྟགས་པ་འདི་ནི་མཐོང་བ་ཡུལ་རིག་ཡིན།སོར་མོས་རེག་པ་བརྡའ་སྦྱོར་འཕྲིན་པ་རྩ། བརྟགས་པ་འདི་ནི་དཔྱད་པ་དོན་རིག་ཡིན། ངག་གི་དྲི་བ་སློང་རྐྱེན་ན་ལུགས་ཟས། བརྟགས་པ་འདི་ནི་ཐོས་པ་སྒྲ་རིག་ཡིན། རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ།མཁྲིས་ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོག། བད་ཀན་སྐྱ་གླེག་མདངས་མེད་འཇམ་ལ་རློན། རླུང་གི་ཆུ་ནི་ཆུ་འདྲ་སྦུ་བ་ཆེ། མཁྲིས་ཆུ་དམར་སེར་རླང་ཆེ་དྲི་མ་དུག། བད་ཀན་ཆུ་ནི་དཀར་ལ་དྲི་རླང་ཆུང༌།རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད། མཁྲིས་པའི་རྩ་ནི་མགྱོག་རྒྱས་འགྲིམ་ལ་འཕར། བད་ཀན་རྩ་ནི་བྱིང་གུད་དར་བའོ།། ངག་གི་དྲི་བ་སོ་སོར་བརྟགས་པ་ནི། རླུང་ནི་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། རྐྱེན་གྱིས་གཡལ་འདར་བྱ་རྨང་གྲང་ཤུམ་བྱེད། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན། གཟེར་བ་ངེས་མེད་འཕོ་ཞིང་སྟོང་སྐྱུག་བྱེད།དབང་པོ་མི་གསལ་ཤེས་པ་འཚུབས་པ་དང༌། བཀྲིས་དུས་ན་ཞིང་སྣུམ་བཅུད་ཕན་པར་ངེས། རྣོ་ཞིང་ཚ་བའི་ཟས་དང་སྤྱོད་ལམ་གྱིས། ཁ་ཁ་མགོ་ན་ཤ་དྲོད་ཚ་བ་དང༌། སྟོད་གཟེར་ཞུ་རྗེས་ན་ཞིང་བསིལ་བ་ཕན།ལྕི་ལ་བད་ཀན་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས། དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། སྐྱུག་ཅིང་ཁ་མངལ་ཕོ་བ་འཚིང་ལ་སྒྲིགས།ལུས་སེམས་ལྕི་ལ་ཕྱི་ནང་གཉིས་ཀ་གྲང༌། ཟོས་རྗེས་མི་བདེ་ཟས་སྤྱོད་དྲོ་ན་འཕྲོད། དེ་ལྟར་བརྟགས་ཐབས་སུམ་ཅུ་རྩ་བརྒྱད་ཀྱི། ནད་ཀུན་འཁྲུལ་མེད་ངེས་པར་གཏན་ལ་འབེབས། ཞེས་གསུངས་སོ།། གསོ་རིག་ཐུགས་འབུམ་མཁའ་སྔོན་ལས། ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།

ཡང་དཔྱད་བུ་ཁྲི་ཤེས་ཀྱིས་ཞུས་པ། ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་ལགས། གསོ་རིག་ནད་ལ་གཉེན་པོ་ཅི་ལྟར་བསླབ།ཐམས་ཅད་མཁྱེན་པས་བདག་ལ་བསྟན་དུ་གསོལ། ཞེས་ཞུས་སོ།། དེ་ལ་སྟོན་པས་བཀའ་རྩལ་པ། དཔྱད་བུ་ལ་སོགས་འཁོར་རྣམས་མ་ཡེངས་ཉོན། ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ། རྟ་བོང་ཕྱི་བ་ལོ་ཤ་ཤ་ཆེན་དང༌། འབྲུ་མར་ལོ་མར་བུ་རམ་སྒོག་སྐྱ་ཙོང༌། འོ་མ་ལྕ་བ་ར་མཉེ་ཟན་ཆང་དང༌།བུར་ཆང་རྒྱུས་(རུས)་བཅུད་རླུང་ནད་ཅན་གྱི་ཟས། བ་རའི་ཞོ་དང་མར་གསར་རི་དྭགས་ཤ། ར་ཤ་སྐོམ་ཤ་གསར་བ་ཆག་ཚེ་དང༌། སྐྱབས་དང་ཁུར་ཚོད་ཆབ་ཚ་ཆུ་བསིལ་དང༌། བསྐོལ་གྲང་མཁྲིས་པའི་ནད་ཀྱི་ཟས་སུ་བཤད། ལུག་དང་གཡག་རྒོད་གཅན་ཟན་ཉ་ཡི་ཤ། སྦྲང་རྩི་སྐོམ་པའི་འབྲུ་རྙིང་ཟན་དྲོན་དང༌། འབྲི་ཡི་ཞོ་དང་གར་ཆང་ཆུ་བསྐོལ་ནི། བད་ཀན་ནད་གཞི་ཅནགྱི་བསྟེན་པར་བྱ། རླུང་ལ་དྲོ་སར་ཡིད་འོང་གྲོགས་བསྟེན་ཞིང༌། མཁྲིས་པའི་ནད་ལ་བསིལ་སར་དལ་བར་བསྡད། བད་ཀན་ནད་ལ་རྩོལ་བཅག་དྲོ་པོར་བརྟེན། རླུང་ལ་མངར་བསྐྱུར་ལན་ཚྭ་སྣུམ་ལྕི་འཇམ། མངལ་ཁ་བསྐ་བསིལ་སླ་རྟུལ་མཁྲིས་པའི་སྨན། ཚ་སྐྱུར་བསྐའ་རྣོ་རྩུབ་ཡང་བད་ཀན་ནོ།། རོ་ནུས་དེ་ལ་སྦྱོར་བ་ཞི་སྦྱང་གཉིས། ཞི་བྱད་རླུང་ལ་ཁུ་བ་སྨན་མར་གཉིས། མཁྲིས་པའི་ནད་ལ་ཐང་དང་བཅུར་ནས་བསྟེན། བད་ཀན་ནད་ལ་རིལ་བུ་ཏྲེས་སམ་སྦྱར། ཁུ་བ་རུ་བཅུད་བཅུ་བཞི་མགོ་ཁྲོལ་ཏེ། སྨན་མར་ཛ་ཏི་སྒོག་སྐྱ་འབྲས་བུ་གསུམ། རྩ་བ་ལྔ་དང་སྨན་ཆེན་དག་ལ་སྦྱོར། མ་ནུ་སླེ་ཏྲེས་ཏིག་ཏ་འབྲས་བུའི་ཐང༌། ག་པུར་ཙན་ལྡན་གུར་གུམ་ཅུ་གང་བྱེད། བཙན་དུག་ཚ་སྣ་རྣམས་ཀྱི་རིལ་བུ་དང༌། ཏྲེས་སམ་སེ་འབྲུ་ད་ལིས་རྒོད་མ་ཁ། ཚྭ་དང་ཅོང་ཞི་བསྲེགས་པའི་ཐལ་སྨན་ནོ།། སྦྱོང་བྱེད་རླུང་གི་ནད་ལ་འཇམ་རྩི་སྟེ། མཁྲིས་པ་བཤལ་ལ་བད་ཀན་སྐྱུགས་ཀྱིས་སྦྱངས། འཇམ་རྩི་སླེ་འཇམ་བཀྲུ་མཇམ་བཀྲུ་མ་ལྷན། བཤལ་ལ་སྤྱི་བཤལ་དགོས་བཤལ་དྲག་དང་འཇམ། སྐྱུག་ལ་དྲག་སྐྱུག་འཇམ་སྐྱུག་གཉིས་སུ་སྦྱར། དཔྱད་དུ་བསྐུ་མཉེ་ཧོས་ཀྱི་མེ་བཙའ་དང༌། རྔུལ་དབྱུང་གཏར་དང་ཆུ་ཡི་འཕྲུལ་འཁོར་དང༌། དུག་དང་མེ་བཙའ་རིམ་བཞིན་དཔྱད་ཀྱིས་བཅོས། དེ་ལྟར་གསོ་ཐབས་དགུ་བཅུ་རྩ་བརྒྱད་སོ།། ཡེངས་མེད་གུས་པས་བརྩོན་པར་བསྟེན་བྱས་ནས། ནད་ཀྱི་འདམ་ལས་མྱུར་དུ་གྲོལ་བར་འགྱུར། ཞེས་གསུངས་སོ།། གསོ་ཐབས་ཐུགས་འབུམ་མཁའ་སྔོན་ལས། གསོ་ཐབསཀྱི་ལེའུ་སྟེ་ལྔ་པའོ།། །།

དེ་ནས་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། བསྟན་འགྲོའི་དཔལ་མགོན་སྟོན་པ་རིན་པོ་ཆེ། གསོ་རིག་ཐུགས་འབུམ་ནམ་མཁའ་སྔོན་པོ་ལ།དཔེ་དོན་རྣམ་གྲངས་ཇི་ལྟར་གསུངས་པར་ཞུ། དེ་ལ་སྟོན་པས་བཀའ་རྩལ་པ། ལེགས་སོ་དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར་རྣམས་ཉོན།གནས་ལུགས་ངོས་འཛིན་གསོ་བའི་རྩ་བ་ལ། རྣམ་པར་མ་གྱུར་བལྟ་རེག་དྲི་བ་དང༌། ཟས་སྤྱོད་སྨན་དཔྱད་སྡོང་པོ་དགུ་རུ་དྲིལ། ཡལ་ག་ལུས་ལ་ནད་ཟུང་དྲི་མ་གསུམ། ནད་ལ་རྒྱུ་རྐྱེན་འཇུག་སྒོ་གནས་དང་ལམ། ལྡང་དུས་འབྲས་བུ་ལྡོག་རྒྱུ་མདོ་དོན་དགུ། བལྟ་བ་ལྕེ་ཆུ་རེག་པ་རྩ་ལ་གསུམ། དྲི་བ་སློང་རྐྱེན་ནད་ལུགས་གམ་པ་གསུམ། ཟས་ལ་ཟས་སྐམ་དྲུག་སྟེ་སྤྱོད་ལམ་གསུམ། སྨན་ལ་རོ་དང་ནུས་པ་གཉིས་གཉིས་དྲུག། སྦྱོར་ཐབས་ཞི་བྱེད་དྲུག་དང་སྦྱོང་བྱེད་གསུམ། དཔྱད་གསུམ་བཞི་བཅུ་རྩ་བདུན་གྱེས་པ་ཡིན། རྒྱས་པའི་ལོ་འདབ་བརྒྱ་དང་ཉི་ཤུ་ལྔ། ནད་ཀྱི་ཟིན་ཏིག་དྲུག་ཅུ་རྩ་གསུམ་དང་། བལྟ་བ་དྲུག་དང་རེག་པའི་རྩ་རྒྱུད་གསུམ། དྲི་བ་ཉེར་དགུ་རླུང་ཟས་བཅུ་བཞི་དང༌། མཁྲིས་ཟས་བཅུ་གཉིས་བད་ཀན་ཟས་སྐམ་དགུ། སྤྱོད་ལམ་དྲུག་དང་སྨན་གྱི་རོ་ནུས་དགུ། ཁུ་བ་གསུམ་དང་སྨན་མར་རྣམ་པ་ལྔ། ཐང་ཕྱེ་བཞི་བཞི་རིལ་བུ་རྣམ་པ་གཉིས། ཏྲེས་སམ་ལྔ་དང་མི་འདིས་བཅོས་ཐབས་དགུ།དཔྱད་སྡེ་བདུན་ཏེ་ནད་གཞི་བརྒྱ་རྩ་བརྒྱད། སུམ་ཅུ་རྩ་བརྒྱད་ངོས་བཟུང་བརྟགས་པ་སྟེ། བཅོས་པའི་ཐབས་ལ་དགུ་བཅུ་རྩ་བརྒྱད་དོ།།སྤྱི་སྡོམ་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། མེ་ཏོག་ནད་མེད་ཚེ་རིང་གསལ་བ་དང༌། འབྲས་བུ་བོན་ནོར་བདེ་བ་གསུམ་དུ་སྨིན། དཔེ་དང་སྦྱར་ཏེ་རྣམ་གྲངས་བཀོད་པ་ཡིན། གསོ་རིག་སྙིང་པོ་རྩ་བ་ཐུགས་འབུམ་འདི། གསོ་རིག་རྒྱུད་འཛིན་བློ་ལྡན་སྤྱོད་ཡུལ་ལས། བློ་དམན་ལོག་རྟོག་ཅན་གྱི་རྟོགས་མི་འགྱུར། སྤྱོད་དགའ་རྒྱ་ཆེའི་གཞུང་དུ་བལྟ་བར་ཀྱིས། ཞེས་གསུངས་སོ།། གསོ་རིག་སྙིང་པོ་རྩ་བ་ཐུགས་འབུམ་སྔོན་པོ་ལས།  དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས། རིན་པོ་ཆེ་བེཌཱུརྻའི་མཎྜལ་རིན་པོ་ཆེ་སྣ་ཚོགས་ཀྱི། རི་རབ་རི་བདུན་རོལ་མཚོ་གླིང་བཞི་གླིང་ཕྲན། ཉི་ཟླ་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་སོགས་ལྷ་མིའི་མཆོད་སྤྲིན་གྱི་རྒྱན་དུ་མས་བརྒྱན་པ་གཅིག། སྟོན་པའི་མདུན་དུ་ཕུལ་ནས།ལྷ་ཕྱག་ལན་བརྒྱར་འཚལ་ནས་གསོལ་བ། བསྟན་པའི་གཙོ་བོ་ཐམས་ཅད་མཁྱེན། འབུམ་སྡེ་འདི་ཡི་ཡོན་ཏན་གང༌། མ་འོངས་སེམས་ཅན་དོན་ཆེད་དུ། བདག་ཅག་འཁོར་ལ་གསུངས་པར་ཞུ། ཞེས་ཞུས་སོ།།དེ་ལ་སྟོན་པས་བཀའ་རྩལ་པ། གཡུང་དྲུང་བོན་མཆོག་རིན་པོ་ཆེ། རྒྱ་ཆེ་ནམ་མཁའི་མཐའ་དང་མཉམ། གྲངས་མོང་རྩི་ཤིང་ནགས་ཚལ་འདྲ། གཏི་ཟབ་མཐའ་ཡི་རྒྱ་མཚོ་འདྲ། མདོར་བསྡུས་བརྒྱད་ཁྲི་བཞི་སྟོང་སྟེ། དེ་བསྡུས་ཐེག་པ་རིམ་པ་དགུ། དེ་བསྡུས་སྒོ་བཞི་མཛོད་ལྔའི་ནང༌། འཕན་ཡུལ་རྒྱས་པའི་འབུམ་སྡེ་འདི། སངས་རྒྱས་བཀའ་ཡི་སྙིང་ཁུ་ཡིན། ལུང་རྟོགས་བོན་གྱི་ཡང་བཅུད་ཡིན། མ་རིག་མུན་སེལ་སྒྲོན་མེ་ཡིན། སྡུག་སྔལ་མཚོ་སྐམ་ཉི་མ་ཡིན། བག་ཆགས་བཀྲུ་བའི་ཆུ་བོ་ཡིན། འགྲོ་བ་སྐྱོབས་པའི་དཔུང་གཉེན་ཡིན། བགེགས་རྣམས་འསྲེགས་པའི་མེ་དཔུང་ཡིན། གདོན་རྣམས་འདུལ་བའི་ཐོག་མདའ་ཡིན། བདུད་དཔུང་འདུལ་བའི་ཐོ་བ་ཡིན། བྱད་ཁ་བཟློག་པའི་འཁོར་ལོ་ཡིན། དུག་ལྔ་རྩད་གཅོད་རལ་གྲི་ཡིན། བར་ཆད་བཟློག་པའི་རྒྱལ་པོ་ཡིན། མུ་སྟེགས་འདུལ་བའི་གཤེན་པོ་ཡིན། བཞི་བརྒྱ་ནད་སེལ་སྨན་ལྷ་ཡིན། དགོས་འདོད་འབྱུང་བའི་ནོར་བུ་ཡིན། བླ་མེད་བསྒྲུབ་པའི་ལམ་མཆོག་ཡིན། གང་གིས་མི་ཤིག་གཡུང་དྲུང་བྲག། འགྲོ་ཀུན་སྡུག་བསྔལ་ཞི་ཕྱིར་དང༌། ཞིང་ཁམས་བདེ་ལེགས་འཕེལ་བ་དང༌།སངས་རྒྱས་བསྟན་པ་དར་བའི་ཕྱིར། གསོ་རིག་བརྒྱུད་འཛིན་སྐལ་ལྡན་ཀུན། འབུམ་སྡེ་འདི་ལ་མོས་པར་བྱ། འབུམ་སྡེ་འདི་ལ་འདུན་པར་བྱ། འབུམ་སྡེ་འདི་ལ་བསླབ་པར་བྱ། འབུམ་སྡེ་འདི་ལ་སྤྱོད་པར་བྱ། རང་དོན་མཁས་པར་སྦྱོང་འགྱུར་ན། ལྷ་དབང་ལག་གི་ནོར་བུ་འདྲ། གཞན་དོན་སྨན་གྱི་སྦྱིན་བཏང་ན། སྟོང་གསུམ་གསེར་གྱི་སྦྱིན་བཏང་མཉམ། བསོད་ནམས་རྒྱ་མཚོ་ཉེར་མི་ཕོད། དྲི་མེད་སངས་རྒྱས་སྨན་ལྷའི་ཞིང༌། སྤོས་ཀྱིས་བརྒྱན་པའི་འཇིག་རྟེན་དུ། སྨན་ལྷའི་རྒྱལ་པོའི་གོ་འཕང་ཐོབ། སངས་རྒྱས་ཐོབ་པ་གོར་མ་ཆགས། ཞེས་གསུངས་སོ།། གསོ་རིག་ཐུགས་འབུམ་མཁའ་སྔོན་ལས། འབུམ་བཞི་ཡོན་ཏན་བཤད་པའི་ལེའུ་སྟེ་བདུན་པའོ།། །།

གསོ་བ་རིགས་པའི་རྩ་བ་བདུད་རྩི་སྨན་གྱི་མདོ་དགུའི། མདོ་སྡེ་གསུམ་པ་བདུད་རྩི་བང་མཛོད་འབུམ་བཞིའི་མདོ་ལས། འབུམ་སྡེ་བཞི་རུ་ཡོད་པའི་ལེའུ་དང་པོ་རྩ་བ་ཐུགས་འབུམ་ནམ་མཁའ་སྔོན་པོ་རྫོགས་སོ།། །།

རྒྱལ་བ་གཤེན་རབ་ཐུགས་དབྱིངས་ཀུན་གསལ་ཁྱོན། ཟབ་མོ་བཀའ་ཡི་ཆུ་འཛིན་འཁྲིགས་པའི་དཀྱིལ། རྗེས་འཛིན་རིམ་བྱོན་ལེགས་བཤད་དབྱར་རྔ་སྒྲོགས། ཟད་མེད་གཡུང་དྲུང་བོན་གྱི་ཆར་ཆེན་འབེབས།འཛིན་མའི་ཞིང་ལ་སེམས་ཅན་སངས་རྒྱས་སྔོན། བསྟན་འཛིན་སྐྱེས་བུའི་དཔྱད་རིགས་སོ་ནམ་གྱི། འགྲོ་ཀུན་བདེ་སྐྱིད་དགེ་བའི་ལོ་ལེགས་ཤིང༌། ཡང་དག་བླ་མེད་འབྲས་བུ་མྱུར་ཐོབ་ཤོག། བདུད་རྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཙ་ཏྲ་ཧེ་ལ་བཤད༌། དེས་གསེར་ཐོགས་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེགས་པའི་གྲབ་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་དུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ།། བསྟན་པའི་གསལ་བྱེད་ཀྱི་ཞབས་འདེགས་ཁམ་ཡུལ་རྐམ་གྱི་བཙུན་པ་དྲུག་མུ་ཉི་ཝེར་བགྱིས་པ་སརྦ་ཛ་ཡནཱུ། བཀྲ་ཤིས། ཞལ་དྲོ། བྱིན་ཆེ།

ཁྱུང་ཁྲི་ལྡེ་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།