བོན་དཔེ་ཁོད་པོ་བསྐལ་བཟང་གི་མཚམས་སྦྱོར།

0
2378

རྩོམ་པ་པོ། ཤེས་རབ་མཆོག་རྒྱལ།

རྩ་གསུམ་ཞིང་བཀོད། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་སྒོ་ཁྱམས་ཀྱི་ལོགས་རིས།
རྩ་གསུམ་ཞིང་བཀོད། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་སྒོ་ཁྱམས་ཀྱི་ལོགས་རིས།

༄༅། །གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་གསུང་པོད་དྲུག་པ་དང་བདུན་པ་ཁོད་སྤུངས་བསྐལ་བཟང་དུ་གྲགས་པའི་གཞུང་འདིའི་ངོ་སྤྲོད་མདོ་བསྡུས་ཙམ་ཞིག་ཞུས་ན། བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་པའི་ཕུན་སུམ་ཚོགས་པ་མདོ་ཡི་བོན་སྡེའི་པོད་དྲུག་དང་བདུན་གཉིས་ནི། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རྩ་གསུམ་ལྷ་ཡི་གནས་སུ་ཞུ་འཁོར་ལྷ་དབང་བརྒྱ་བྱིན་ལ་སོགས་ཕྱི་ནང་གསང་བའི་འཁོར་རྣམས་ལ་གསུངས་པ་ཁོད་པོ་བསྐལ་བཟང་དུ་གྲགས་པའི་ལེའུ་ཉེར་དྲུག་གི་བདག་ཉིད་ཅན་འདི་ཡིན། འདི་གསུང་མཁན་གྱི་སྟོནཔའི་མཚན་གྱི་རྣམ་གྲངས་ལ། འཆི་མེད་གཙུག་ཕུད་དང་། ཡེ་གཤེན་འཆི་མེད་གཙུག་ཕུད། ཡེ་གཤེན་གཙུག་ཕུད་བཅས་གསུམ་དུ་ཡོད་དེ། དཔེར་ན་གླེང་གཞིའི་ལེའུ་ནང་།

08 CHIME TSUGPUའཆི་མེད་གཙུག་ཕུད་འགྲོ་བའི་དོན་ལ་དགོངས། ཞེས་གསུངས་པ་དང་། ལེའུ་ཉི་ཤུ་པའི་ནང་དུ་ཡེ་གཤེན་གཙུག་ཕུད་ཞེས་མཚན་འཁོད་པ་དང་། མཇུག་རྫོགས་སྐབས། ཡེ་གཤེན་འཆི་མེད་གཙུག་ཕུད་ལ། སྐལ་པ་བཟང་པོའི་མདོ་སྡེ་འདི། དངོས་གྲུབ་དབང་རྐ་བཅས་པ་ཞུས། ཞེས་སོགས་ཅི་རིགས་ཤིག་ཡོད་ཀྱང་མཚན་གྱི་རྣམ་གྲངས་མི་འདྲ་བ་ཙམ་ལས་སྟོན་པ་གཅིག་ལ་ངོས་འཛིན་པ་ཡིན་ཏེ། མཁས་མཆོག་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་འཆི་མེད་དང་ཡེ་གཤེན་གཙུག་ཕུད་གཉིས་ངོ་བོ་ཐ་དད་དུ་མི་བསམ་སྟེ། གཉིས་ཀ་ལ་ཨུ་དུམ་འབར་བའི་ཐོར་ཚུགས་ཀྱིས་ངེས་པའི་ཕྱིར་ཞེས་གསུངས་སོ།། བོན་འདི་ཉིད་གཏེར་དུ་སོང་བ་སྔ་ཕྱི་གཉིས་དང་གཏེར་དུ་མ་སོང་བའི་སྙན་རྒྱུད་དང་བཅས་གསུམ་ཡོད་པར་གཞུང་གི་མཇུག་བྱང་ལས་གསལ་བའི་མདོ་དོན་བསྡུས་ན།

དང་པོ། ལྷ་དབང་བརྒྱ་སྦྱིན་ལ་སོགས་ལྷ་ཡི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་མཐིང་ཤོག་སྔོན་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བྲིས་ནས་འོད་ཀྱི་འཁོར་ལོ་ཤིང་རྟའི་ཁྲི་ལ་སྤྱན་དྲངས་ཤིང་ལྷའི་ཡུལ་དུ་སྤེལ་བ་དང་། མིའི་རྒྱལ་པོ་ཡབ་བླ་བདལ་དྲུག་ལ་སོགས་མིའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་དུང་ཤོག་དཀར་པོ་ལ་གཡུའི་སྣག་ཚས་བྲིས་ནས་ཤིང་རྟ་འཁོར་ལོའི་ཁྲི་ལ་སྤྱན་དྲངས་ཤིང་ཞང་ཞུང་དང་རྟག་གཟིགས་ཀྱི་ཡུལ་ཏེ་འོལ་མོ་ལུང་རིང་དུ་སྤེལ། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་སོགས་ཀླུའི་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ཆུ་དར་སྔོན་པོ་ལ་མཚལ་དང་ཤེལ་གྱིས་བྲིས་ནས་ཆུ་རྟ་དང་ཁྱུང་མཆོག་གི་ཁྲི་ལ་སྤྱན་དྲངས་ཤིང་ཀླུ་རྣམས་ཀྱི་ཡུལ་དུ་ཕྱོགས་བཅུ་ཀུན་ལ་སྤེལ། དེ་ནས་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་སུ་གཏེར་དུ་སོང་བ་མངོན་ཏེ། དེ་ཉིད་ལས། ཀླུའི་ཡུལ་ནས་སྦས་ཏེ་བཞུགས་སོ།། ཞེས་གསུངས་པའི་ཕྱིར།

གཉིས་པ། ཞང་ཞུང་གུ་ཝེར་སྟོང་རྒྱུང་མཐུ་ཆེན་གྱིས་གསས་མཁར་ཏིང་མུར་གཡུ་རྩེ་རུ་ཡེ་གཤེན་འཆི་མེད་གཙུག་ཕུད་ལ་བསྐལ་པ་བཟང་པོའི་མདོ་སྡེ་དངོས་གྲུབ་དབང་བཀའ་བཅས་ཞུས། དེ་ནས་ཁྱུང་ལུང་དངུལ་མཁར་རྩེ་རུ་སྟོང་རྒྱུང་མཐུ་ཆེན་ལ་ཁོད་སྤུངས་དྲན་པ་ནམ་མཁས་ཞུས། དེ་ནས་རིགས་འཛིན་ལོ་ཙཱ་བཞི་ལ་བརྒྱུད། བོད་དུ་བསྒྱུར་ཏེ་སྤེལ་མ་ནུས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་གཏེར་དུ་སོང་བ་ཡིན་ཏེ། ཡང་དེ་ཉིད་ལས། རྒྱ་བོད་བོན་བསྣུབ་གུ་གེ་རུ། མདོ་སྡེ་ཟབ་མོ་ཕུག་སུ་སྦས། ཞེས་གསུངས་སོ།། 

གསུམ་པ་སྙན་དུ་རྒྱུད་ཚུལ་ནི། ཨ་མདོ་ཁོད་པོའི་ཡུལ་དུ་ཡབ་ཁྲོ་རྒྱལ་རྩེ་མོ་དང་ཡུམ་མཚོ་མོ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་གི་ལོར་སྤྲུལ་པའི་ཟླ་ཞལ་མངོན་དུ་བལྟམས་པའི་ཁོད་སྤུངས་བློ་གྲོས་ཐོགས་མེད་མཆོག་དགུང་གྲངས་ལྔ་བཅུ་ལ་ཟིན་པའི་སྐབས་སུ་གནས་ཆེན་སྦ་ཞབས་བྲག་དཀར་ལ་བཞུགས་པའི་དུས་སུ་ཁོད་སྤུངས་དྲན་པས་སྙན་དུ་བརྒྱུད་ནས་གཏེར་སློབ་རང་སྲས་བློ་གྲོས་རྒྱལ་མཚན་སོགས་དུང་དཀར་ཐོགས་པའི་མི་བདུན་སོགས་ལ་བརྒྱུད་ནས་རིམ་གྱིས་དར་བའོ།། གཞུང་དོན་རགས་ཙམ་རྟོགས་སླ་བའི་ཁྱད་དུ་ལེའུ་གྲངས་མཚན་ཞིག་ཞུས་ན། ༼ཅ་དུམ༽ ༡༽དུམ་པའི་ནང་ལ་བོན་ཉིད་གླེང་གཞི་མདོའི་ལེའུ།  ༢༽ཐེག་པ་ཆེན་པོའི་མདོའི་ལེའུ། ༣༽ཕ་རོལ་ཕྱིན་པའི་ལམ་ལ་འཇུག་པའི་ལེའུ། ༤༽ཕ་རོལ་ཕྱིན་པའི་རྣམ་གྲངས་ལེའུ། ༥༽ལྷ་སྲས་གཞོན་ནུ་དབང་ཕྱུག་གིས་ཞུས་པའི་ལེའུ། ༦༽ལྷ་དབང་བརྒྱ་བྱིན་གྱིས་ཞུས་པའི་ལེའུ། ༧༽ལྷ་སྲས་གཞོན་ནུས་ཞུས་པའི་ལེའུ། ༨༽སངས་རྒྱས་སྟོང་དང་རྩ་གཉིས་གྱིས་ཀྱི་རྣམ་གྲངས་ཀྱི་ལེའུ། ༩༽ལྷ་སྲས་བྱམས་པ་བློ་གྲོས་ཀྱིས་ཞུས་པའི་ལེའུ། ༡༠༽བསྐལ་པ་གཅིག་གི་སེམས་ཅན་འདྲེན་པའི་ལེའུ། ༡༡༽སངས་རྒྱས་ཀྱིས་འགྲོ་དོན་མཛད་པའི་ལེའུ། ༡༢༽བསྟན་པ་གཅིག་རྫོགས་འགྲོ་བ་འདྲེན་པའི་ལེའུ། ༡༣༽འགྲོ་དོན་ལོ་དགུ་སྟོང་གི་བར་དུ་གནས་པའི་ལེའུ། ༡༤༽བསྟན་པ་གཅིག་རྫོགས་འཁོར་བ་འདྲེན་པའི་ལེའུ་བཅས་ཡོད། ༼ཆ་དུམ༽ ༡༥༽བསྐལ་བཟང་འགྲོ་བ་འདྲེན་པའི་ལེའུ། ༡༦༽འཁོར་བ་སྟོང་པ་འདྲེན་པའི་ལེའུ། ༡༧༽འགྲོ་དོན་ལོ་དགུ་སྟོང་སུམ་བརྒྱར་མཛད་པའི་ལེའུ། ༡༨༽འགྲོ་དོན་ཚད་ཀྱང་བསྐལ་བར་རྫོགས་པའི་ལེའུ། ༡༩༽ལྷ་སྲས་ཀྱི་སྟོན་པ་ལ་མངོན་པར་བསྟོད་པའི་ལེའུ། ༢༠༽ཡེ་གཤེན་གཙུག་ཕུད་ཀྱིས་གསུངས་པའི་ལེའུ། ༢༡༽ཤེས་རབ་ཐབས་ཀྱིས་འགྲོ་བ་འདྲེན་པའི་ལེའུ། ༢༢༽དུས་གསུམ་བདེ་བར་གཤེགས་པས་འགྲོ་བ་དྲངས་པའི་ལེའུ། ༢༣༽བསྐལ་པ་འདུལ་བའི་ལེའུ། ༢༤༽ཕྱག་འཚལ་བའི་ལེའུ། ༢༥༽ཐུན་མོང་བསྔོ་བའི་ལེའུ། ༢༦༽རྗེས་སུ་འབྲང་བ་གྲུབ་ཚུལ་གྱི་ལེའུ་སྟེ་རྩ་དྲུག་ཡོད།  

གཞུང་འདིའི་དབུ་ཡི་མཚན་དོན་ལ་གཡུང་དྲུང་ལྷ་ཡི་སྐད་དང་བོད་ཀྱི་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་གནས་ཡོད་པ་དང་དེ་ཡང་ཚིག་འགའ་འདིར་དྲངས་ན། གཡུང་དྲུང་ལྷ་ཡི་སྐད་དུ་ན། མུ་སངས་ཀྱེར་ཏི་སྤུངས་ནི་ཁ་ཧྲི་ལམ། གང་ཟག་མིའི་སྐད་དུ་ན། སྐལ་པ་བཟང་པོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འབུམ་ཞེས་གསུངས་སོ། །

གཞུང་འདི་དབུ་ནས་མཇུག་བར་མཐར་ཆགས་སུ་ཀློག་པ་ཡིན་ན་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་སྟོན་པ་རེ་རེ་ལ་འཁྲུངས་པའི་ཡུལ་དང་། བཞུགས་པའི་མཁར། གྲུབ་པའི་གནས་ཁང་། ཡབ་ཡུམ་དང་སྲས། རིམ་གྲོ་བ། ཡེ་ཤེས་ཀྱི་ལྷ། སྲིད་པའི་མཆོག འདུས་པའི་འཁོར། གཡུང་དྲུང་གི་བོན་གྱི་གནས་ཚད། རང་འབྱུང་གི་སྐུ་གདུང་མཆོད་རྟེན་གྱི་རྣམ་གྲངས། སངས་རྒྱས་རྣམས་ཀྱི་འགྲོ་དོན་གྱི་ཚད། དེ་དག་ཡོན་ཏན་རྒྱས་པའི་མཚན་ཕུན་སུམ་ཚོགས་པ་བཅས་ཇི་ལྟར་ཡིན་པ་མཁྱེན་པར་ནུས།

མདོ་འདི་ཉིད་ལས། བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སྡེ། མདོ་རྒྱུད་ཐམས་ཅད་ཀྱི་ཐིག་ལེ་ཉག་གཅིག་རྟོགས་པས་ཁྱབ་པ་ཡི། བོན་ཉིད་ཡོངས་སུ་རྫོགས་པའི་དགོངས་པ། ཡང་དག་དོན་རྣམས་སྟོན་པའི་རྩེ་མོ། དུས་གསུམ་སངས་རྒྱས་རྣམ་གྲངས་ས་གཅོད། མ་རིག་མུན་པ་འཇོམས་པའི་སྒྲོན་མེ། འཁོར་བའི་སེམས་ཅན་འདྲེན་པའི་སྐེད་ལམ། ཉོན་མོངས་པ་ཐམས་ཅད་འདུལ་པའི་གཉེན་པོ། ལོག་ལྟ་ཐམས་ཅད་འཇོམས་པའི་ཐོ་བ། འཁོར་འདས་དྭངས་སྙིགས་འབྱེད་པའི་རླུང་པོ། འབྲས་བུ་ལྷུན་གྱིས་གྲུབ་པའི་ངང་ཉིད་། རང་བཞིན་རྟོགས་པ་ཤར་པའི་མན་ངག འགྲོ་དྲུག་ཐར་པར་འདྲེན་པའི་ལྕགས་ཀྱུ། རིག་པ་རང་རྡོལ་བོན་ཉིད་ཀྱི་རྒྱལ་པོ། ཞེས་པའི་ལུང་ཚིག་འདི་དག་གིས་བོན་དཔེ་འདི་ཉིད་ཀྱི་དགོས་དམིགས་གསལ་བར་རྟོགས་པར་ངེས་སོ།། །།

ཏི་སེའི་བུས་མཐུན་སྦྱོར་ཞུས།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།