གཡུང་དྲུང་བོན་གྱི་བསྟན་པའི་རྣམ་བཤད་མདོར་བསྡུས།

0
1608
པར་འདི་སྒོ་བཞི་མཛོད་ལྔའི་ཡང་བཅུད་ཅེས་པའི་དེབ་ངོས་ནས་གཡར་པོ་ཞུས།

རྩོམ་པ་པོ། ༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

༄༅། །གཡུང་དྲུང་བོན་གྱི་ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། གང་ལ་སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན། གཉིས་པ་དབྱེ་བ་ནི། བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་དང༌། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་གཉིས། དང་པོ་ལ་དབྱེ་ན་གསུམ་སྟེ། སྤོང་པའི་ལམ་དང༌། སྒྱུར་བའི་ལམ་དང་༌། གྲོལ་བའི་ལམ་མོ། །གཉིས་པ་རྗོད་བྱེད་ལ་གཉིས་ཏེ། བཀའ་དང༌། བཀའ་ལ་བརྟེན་པ་གཉིས། དང་པོ་བཀའ་ལ། མདོ་སྡེ་དང་༌། འབུམ་སྡེ་དང༌། རྒྱུད་སྡེ་དང་༌། མཛོད་སྡེ་དང་བཞིའོ། །སྤོང་ལམ་ལ། དབྱེ་ན་ཐེག་པ་ཆུང་ངུ་དང༌། འབྲིང་པོ་དང༌། ཐེག་པ་ཆེན་པོ་དང་གསུམ། ཐེག་པ་ཆུང་ངུ་ལ་གཞི་དང་༌། ལམ་དང་འབྲས་བུ་དང་གསུམ། གཞི་གང་ཟག་རང་རྐྱ་ཐུབ་པའི་བདག་གིས་སྟོང་པ་ལས་བརྩམས་པ་དང༌། ལམ་བསླབ་པ་རྣམ་པ་གསུམ་ལ་བསྒྲུབ་ཅིང༌། འབྲས་བུ་དགྲ་བཅོམ་པའི་གོ་འཕང་འཐོབ་པའོ། །ཐེག་འབྲིང་རང་རྟོགས་གཤེན་རབ་ཀྱི་ཐེག་པ་ལ། གཞི་དང༌། ལམ་དང་། འབྲས་བུ་དང་གསུམ་ལས། གཞི་ནི་གང་ཟག་རང་སྐྱ་ཐུབ་པའི་བདག་གིས་སྟོང་པ་དང༌། གཟུང་བ་བོན་གྱི་བདག་མེད་གཏན་ལ་ཕབ་ནས། ལམ་བསླབ་པ་རྣམ་པ་གསུམ་དང༌། རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་གི་ཚུལ་གྱིས་བསྒྲུབ་ཅིང༌། འབྲས་བུ་དགྲ་བཅོམ་པའི་གོ་འཕང་འཐོབ་པའོ། །ཐེག་པ་ཆེན་པོ་ལ་ཡང་གཉིས་ཏེ། ཐུགས་རྗེ་སེམས་དཔའི་ཐེག་ཆེན་པ་དང༌། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པའོ། །དང་པོ་ཐུགས་རྗེ་སེམས་དཔའི་ལུགས་ལ་གཞི་ལམ་འབྲས་གསུམ་སྟེ། གཞི་གང་ཟག་རང་རྐྱ་ཐུབ་པའི་བདག་གིས་སྟོང་པ་དང་། ཕྱི་རོལ་དོན་དུ་གྲུབ་པས་སྟོང་པ་གཏན་ལ་ཕབ་པ་ནས། ལམ་ཕ་རོལ་དུ་ཕྱིན་པ་བཅུ་ལ་བསྒྲུབ། འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །གཡུང་དྲུང་སེམས་དཔའ་སྤྲོས་མེད་ཐེག་ཆེན་པའི་ལུགས་ལ་གཞི་དང༌། ལམ་དང་། འབྲས་བུ་དང་གསུམ། གཞི་བོན་ཐམས་ཅད་རང་བཞིན་མེད་པ་གཏན་ལ་ཕབ་ཅིང༌། ལམ་བླ་མེད་ཕ་རོལ་དུ་ཕྱིན་པ་བཅུ་དང༌། བསྡུ་དངོས་བཞིའི་སྒོ་ནས། འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་བསྒྲུབ་པའོ། །གཉིས་པ་སྒྱུར་ལམ་གྱི་ཐེག་པ་ལ་བཞི་སྟེ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ་དང༌། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ་དང་། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང༌། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའོ། །དང་པོ་གཙང་སྤྱོད་པ་ལ་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི་མ་བཅོས་རང་ལུགས་སུ་བཞག་པའི་གནས་ལུགས་གཏན་ལ་ཕབ་ཅིང༌། ལམ་ནི་ལྷ་སེམས་དཔའ་གསུམ་གྱི་ཡེ་ཤེས་སེམས་དཔའ་རྗེ་བོའི་ཚུལ་དུ་བལྟ་བའི་སྒོ་ནས་ཕར་ཕྱིན་བཅུ་སོགས་ཀྱིས་འབྲས་བུ་སྐུ་གསུམ་སངས་རྒྱས་བསྒྲུབ་པའོ། །གཉིས་པ་རྣམ་པ་ཀུན་ལྡན་པ་ལ་གཞི་ལམ་འབྲས་བུ་གསུམ་ལས། དང་པོ་གཞི་ནི། མ་བཅོས་རང་ལུགས་སུ་བཞག་པའི་གནས་ལུགས་གཏན་ལ་ཕབ་ཅིང༌། ལམ་ཡེ་ཤེས་སེམས་དཔའ་སྤུན་གྲོགས་ཀྱི་ཚུལ་དུ་བལྟ་བ་དང༌། ཕ་རོལ་ཕྱིན་པ་བཅུ་སོགས་ཀྱི་སྒོ་ནས་འབྲས་བུ་སྐུ་གསུམ་སངས་རྒྱས་བསྒྲུབ་པའོ། །གསུམ་པ་དངོས་བསྐྱེད་པ་ལ་གཞི་ལམ་འབྲས་བུ་གསུམ་སྟེ། དང་པོ་གཞི་མ་བཅོས་རང་ལུགས་སུ་བཞག་པའི་ལྟ་བ་ལྷག་པའི་དོན་དམ་གཏན་ལ་ཕབ་ཅིང་༌། ལམ་བསྐྱེད་རིམ་གཙོ་བོར་བཏོན་ཏེ་རིམ་པ་གཉིས་ཀྱི་སྒོ་ནས། འབྲས་བུ་སྐུ་གསུམ་སངས་རྒྱས་བསྒྲུབ་པའོ། །བཞི་པ་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་ལ་གཞི་ལམ་འབྲས་བུ་གསུམ་སྟེ། དང་པོ་གཞི་ནི། མ་བཅོས་རང་ལུགས་ཀྱི་ལྟ་བ་དབྱིངས་ཤེས་དབྱེར་མེད་གཏན་ལ་ཕབ་ཅིང༌། ལམ་རྫོགས་རིམ་གཙོ་བོར་བྱས་ཏེ་རིམ་པ་གཉིས་ཀྱི་སྒོ་ནས་འབྲས་བུ་སྐུ་གསུམ་སངས་རྒྱས་བསྒྲུབ་པའོ། །གསུམ་པ་གྲོལ་ལམ་རྫོགས་པ་ཆེན་པོ་ལ། སེམས་ཀློང་མན་ངག་སྡེ་གསུམ་ལས། དེ་ཡང་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་ཡོན་ཏན་ནམ་ཁྱད་བོན་གསུམ་དང་ལྡན་པ་སྡེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པའམ་ཐུགས་རྗེ་གཉིས་སུ་མེད་པ་དང་གསུམ་ལྡན་པས། དེ་རེ་རེ་རྩལ་དུ་བཏོན་ཏེ་གཏན་ལ་ཕབ་པའི་སྒོ་ནས་ཚུལ་དེ་གསུམ་བྱུང་ངོ༌། །མན་ངག་སྡེ་པའི་དབང་དུ་བྱས་ཏེ་གཞི་གསལ་སྟོང་ཟུང་འཇུག་ལམ་ཁྲེགས་ཆོད་དང་ཐོད་བརྒལ། འབྲས་བུ་སྐུ་གསུམ་སངས་རྒྱས་ཐོབ་པར་འདོད་པའོ། །གཞན་ཡང་དོན་དེ་རྣམས་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་བའི་ཁོངས་སུ་གསུངས་པའི་ཚུལ་ནི། དང་པོ་ཐེག་པ་རིམ་དགུ་གསུངས། བར་པ་སྒོ་བཞི་མཛོད་ལྔར་བསྟན། ཐ་མར་ཕྱི་ནང་གསང་གསུམ་མོ། །བརྗོད་བྱ་དོན་གྱི་དབང་དུ་བྱས་ན། དང་པོ་ཀུན་རྫོབ་བདེན་པ་གསུངས། བར་པ་བདེན་གཉིས་དོ་མཉམ་གསུངས། ཐ་མ་དོན་དམ་བདེན་པ་གསུངས། རྗོད་བྱེད་ཀྱི་དབང་དུ་བྱས་ན། དང་པོ་ཐེག་རིམ་དགུ་གསུངས། བར་པ་སྒོ་བཞི་མཛོད་ལྔ་བསྟན། ཐ་མ་ཕྱི་ནང་གསང་དང་གསུམ་དུ་གསུངས་པ་ལས། དང་པོ་ལ་ཡང་༌། རིག་པའི་གནས་དང་བསྟན་པའི་བོན། ཞེས་གསུངས་པས། རིག་པའི་གནས་ལྔས་བསྡུས་པའི་བཀའ་དང་པོ་དང༌། ཐེག་པ་རིམ་དགུས་བསྡུས་པའི་བཀའ་དང་པོ་གཉིས། དང་པོ་ནི་མདོ་ལྟར། ཕྱི་རིག་པ། ནང་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ་སྟེ་ལྔའོ། །ཐེག་པ་རིམ་དགུ་ནི། རྒྱལ་བ་འདི་ཡི་བསྟན་པ་བོད་ཡུལ་དུ་དར་བའི་རྗེས་སུ་དུས་ཀྱི་གཉེན་འཕྲང་ཆེན་པོ་གསུམ་དུ་བྱུང་བའི་སྔ་མ་གཉིས་ཀྱི་སྐབས་སུ་སྔ་ཐོག་གི་མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱིས་བོན་ལ་དབྱེ་ཤག་དང་ལས་བགོས་མཛད་དེ་གཏེར་ཁ་དུ་མར་སྦས་པའི་བོན་སྡེ། ལྷོ་ཕྱོགས་འབྲིག་མཚམས་མཐའ་དཀར་དང༌། འབྲུག་སྤ་གྲོ་ནས་ཐོན་པའི་ལུགས་ལ་ལྷོ་གཏེར་དང༌། བྱང་ཟང་ཟང་ལྷ་བྲག་དང་། དྭང་ར་ཁྱུང་རྫོང་ནས་ཐོན་པ་སོགས་ལ་བྱང་གཏེར་དང༌། དབུས་ཕྱོགས་བསམ་ཡས་དང༌། ཡེར་པའི་བྲག་སོགས་ནས་ཐོན་པའི་བོན་སྡེ་ལ་དབུས་གཏེར་ཞེས་བརྗོད་ཅིང་། དང་པོ་ལྷོ་གཏེར་གྱི་ཐེག་དགུའི་མཚན་ནི། ཕྱྭ་གཤེན་ཐེག་པ། སྣང་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ། དགེ་བསྙེན་ཐེག་པ། དྲང་སྲོང་ཐེག་པ། ཨ་དཀར་ཐེག་པ། ཡེ་གཤེན་ཐེག་པ། བླ་མེད་ཐེག་པ་བཅས་དགུའོ། ། གཉིས་པ་བྱང་གཏེར་ཟང་ཟང་མའི་ལུགས་ལྟར། ཐེག་དགུའི་མཚན་ནི། ཐོ་ཐོ། སྤྱི་ཐོ། ཡང་ཐོ་གསུམ། སྣང་ལྡན། རང་ལྡན། རང་ལྡན། བཞེད་ལྡན་གསུམ། ལྷ་རྩེ། སྣང་རྩེ། ཡོངས་རྩེ་གསུམ་བཅས་དགུའོ། །གསུམ་པ་དབུས་གཏེར་གྱི་ཐེག་དགུའི་མཚན་གྲངས་ནི། ལྷ་མི་གཞན་བསྟེན་གྱི་ཐེག་པ། རང་རྟོགས་གཤེན་རབ་ཀྱི་ཐེག་པ། ཐུགས་རྗེ་སེམས་དཔའི་ཐེག་པ། གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ཐེག་པ་དང་བཞི་ལ་རྒྱུ་ཡི་ཐེག་པ་ཞེས་བརྗོད་ཅིང༌། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་དང་བཞི་ལ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཞེས་བརྗོད། ཡེ་ནས་རྫོགས་ཆེན་ཡོངས་རྩེ་བླ་མེད་ཀྱི་ཐེག་པ་དང་བཅས་དགུའོ། །བཀའ་འཁོར་བར་པ་སྒོ་བཞི་མཛོད་ལྔར་གསུངས་པས་དེ་ལྔ་ནི། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན། དཔོན་གསས་མན་ངག་ལུང་གི་བོན་དང་ལྔའོ། །བཀའ་འཁོར་ཐ་མར་ཕྱི་ནང་གསང་གསུམ་དུ་གསུངས་པའི་ཕྱི་སྤོང་ལམ་མཚན་ཉིད་ཀྱི་སྡེ་དང༌། ནང་བསྒྱུར་ལམ་སྔགས་ཀྱི་སྡེ་དང༌། གསང་བ་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་དང་གསུམ་མོ། །ལྷོ་གཏེར་ལུགས་ཀྱི་རྒྱུ་ཐེག་བཞི་པོ་འདི་རྣམས་བོན་གྱི་གོམས་གཤིས་དང་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཏུ་ངེས་པས། འདི་ཡི་ཚུལ་ཅུང་ཞིག་གླེང་ན། དང་པོ་ཕྱྭ་གཤེན་ཐེག་པའི་ཁོངས་སུ་མོ་གཏོ་སྨན་དཔྱད་བཞི་རུ་གསུངས་པས། མོ་ལ་བརྟེན་ནས་ཁ་རྗེ་ཚེ་དཔལ་ལ་ཕན་གནོད་ཀྱི་རྒྱུ་རྐྱེན་ངོས་བཟུང༌། གནོད་བྱེད་ཀྱི་གདོན་རིགས་གཏོ་ཡིས་བཅོས། ནད་ཀྱི་རྒྱུ་རྐྱེན་དཔྱད་ཀྱིས་རྟོགས། དེ་དག་ཕན་པར་སྨན་གྱིས་འཚོ། སྣང་གཤེན་གྱི་བོན་དུ་ཕུགས་སུ་མགོན་བྱེད་ཀྱི་ལྷ་གསོལ། སྒོ་རུ་གནོད་བྱེད་ཀྱི་འདྲེ་བཀར། མི་ཡི་ཚེ་དང་གཡང་འགུག ཚེ་བསྲིང་སྲོག་བསྐྱབ་པ་སོགས་ལ་འཇུག་པའོ། །འཕྲུལ་གཤེན་གྱི་བོན་དུ་བསྟན་དང་འགྲོ་ལ་འཚེ་བའི་བདུད་སྲིན་ལོག་འདྲེན་གྱི་ཚོགས་མནན་བསྲེག་འཕངས་གསུམ་དུ་སྤྱོད་པ་དང་། སྲིད་གཤེན་ཐེག་པའི་བོན་ནི། གཤིན་པོ་བདེ་གནས་སུ་འདྲེན། ཟ་འདྲེ་ཤི་གཤེད་ཕྲལ། གསོན་པོ་བཀྲ་ཤིས་པའི་གཏོ་ཐབས་ལ་བརྩོན་པ་སོགས་སོ། །ཚུལ་འདི་རྣམས་བོད་ཁམས་ཡོངས་ལ་མིང་འགྱུར་ཙམ་ལས་དར་ཁྱབ་ཤིན་ཏུ་ཆེ་ཞིང་བོད་མིའི་གོམས་གཤིས་ཀྱི་ནང་དུ་མེད་ཐབས་མེད་པ་ཞིག་ཡིན་ནོ།། །།

ཁྱུང་ཁྲི་ལྡེ་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།