གངས་རིའི་བླ་མ་གངས་རིའི་ཚིག་མཛོད་དྲན།

0
1355

རྩོམ་པ་པོ། ཁྱུང་ཐོག་རྒོད།

yongdzin1

ཁྱུང་གཤོག་འུར་འུར་རྒྱངས་པའི་ཞིང་དེ་ན།།

དུས་ཀྱི་སྟོན་པ་ཞིག་གི་གཤེན་ཞལ་འཛུམ།།

ཞབས་ཀྱི་གཡུང་དྲུང་རི་མོ་དབུས་ལ་བཀོད།།

ཉིད་ཀྱི་རྣམ་ཐར་དབུ་ཁྱུད་དེ་ནས་བྲིས།།

ཐོས་བསམ་བརྩི་བཅུད་སྨན་གྱི་རི་ནས་བླངས།།

སྒོམ་སྒྲུབ་ཆུ་བོ་གནམ་མཚོའི་ཀླུང་དུ་བསྐྱིལ།།

ས་ཡི་སྟོན་པ་དབུ་ལོ་དཀར་པོ་ཅན།།

ཡོངས་ཀྱི་བཤེས་གཉེན་སྨྲ་བའི་སེང་གེ་ཡིན།།

སྒོ་མཛོད་བོན་གྱི་གནད་ལ་མངའ་བརྙེས་ཞིང་།།

གཤེན་བསྟན་གདུགས་དཀར་བཏེགས་ལ་ཟླ་མེད་པ།།

མི་ཡི་སྟོན་པ་རྣམ་དཔྱོད་སྤྱན་དཀྱུས་ཅན།།

གངས་རིའི་བླ་མ་གངས་རིའི་ཚིག་མཛོད་དྲན།།

དུས་ཀྱི་རླུང་ནག་འཐུག་པོའི་རྔམ་ཁ་ནས།།

གཤེན་བསྟན་ཉི་ཟླ་བསྣམས་ནས་ལྷོ་ལ་བཞུད།།

དྲུང་མུའི་དམུ་ཐག་འཕགས་པའི་ཡུལ་དུ་མཐུད།།

སྨན་གྱི་རི་ལ་གཤེན་གྱི་ཕ་གཞིས་བཏབས།།

བཤད་སྒྲུབ་ཟུང་གི་འཕེན་ཀ་གཡོ་བ་ཅན།།

གཡུང་དྲུང་རི་མོས་མཚན་པའི་གྱེར་གྱི་བསྟན།།

མི་སྲུན་ཉེར་འཚེའི་འཕྲང་ནས་ཉེར་དྲངས་ཏེ།།

མཚན་གྱི་བ་དན་ལྷོ་ཡི་གླིང་དུ་བཙུག།

ཤར་ནས་ལྷོ་རུ་འཐོར་བའི་བྲོས་པོ་ཁྱུ།།

བསྡུ་བའི་དངོས་པོ་བཞི་ཡིས་མགྲོན་དུ་བོས།།

དཀའ་སྡུག་འཚོ་བའི་མུ་གེ་རྒྱང་དུ་བསྐྲད།།

བོན་གྱི་ཕ་གཞིས་གཉིས་པ་གསར་དུ་བསྐྲུན།།

སྲིད་པ་བོན་གྱི་མདོག་ལོ་མ་འགྱུར་བའི།།

གློ་དང་དོལ་པོའི་ཕུགས་ཀྱི་ནོར་བུ་ཏེ།།

གཤེན་གྱི་ཞལ་རླངས་ཕོག་པའི་གླེགས་རུལ་དག།

འཕྲུལ་གྱིས་བསྐྱར་གསོ་བྱས་པའི་མཛད་པ་བཟང་།།

དམུ་རྒྱལ་གཤེན་གྱི་གདན་སའི་ཆོ་ལོ་ཅན།།

ཁྲི་བརྟན་ནོར་བུའི་སྤུངས་པའི་རྩེ་མོ་དེ།།

ཀླུ་གྲུབ་རི་བོ་འགྱིང་བའི་མགུལ་དུ་བཏབས།།

བཤད་སྒྲུབ་བསྟན་པའི་ཀ་ཆེན་དེ་ནས་བསླངས།།

གཤེན་བསྟན་ཉི་མའི་འོད་ཐིག་མ་ཕོག་པའི།།

བྲག་ཕུག་བྱང་བལྟས་ནུབ་གྱི་གླིང་ཆེན་དུ།།

ཧོས་པོ་གྱེར་གྱི་མཚན་གྱི་བརྡ་ཆད་བཀྲལ།།

གཤེན་བསྟན་སྲིད་པའི་རུ་དར་མཐའ་ལ་བཙུག།

སྔ་རབས་བོན་གྱི་ཐུགས་དམ་རྨད་པོ་ཆེ།།

མཐའ་བརྒྱད་འཆིང་བ་གྲོལ་བའི་ལྟ་བ་དངོས།།

འཆད་ལ་ཐོག་མེད་གཤེན་རབ་གཉིས་པ་སྟེ།།

དབུ་མའི་སྟོན་པ་སྨྲ་བའི་སེང་གེ་དྲན།།

ཟབ་གསང་སྔགས་ཀྱི་བཀའ་འགྲེལ་བཏབས་པ་ཡིས།།

རིམ་གཉིས་ལམ་གྱི་སྒོ་མོ་ཝལ་ལེར་ཕྱེས།།

བསམ་ལེགས་གཤེན་གྱི་གདུང་ཚོབ་ངོ་མ་སྟེ།།

སྔགས་ཀྱི་སྟོན་པ་དྲན་པའི་རྣམ་རོལ་དྲན།།

ཡོངས་རྩེ་བོན་གྱི་མན་ངག་ཨ་སྙན་རྫོགས།།

ཐུགས་དམ་མཐིལ་དུ་དྲིལ་བས་མྱོང་བ་ཟབ།།

སྣང་བཞེར་ལོད་པའི་ཐུགས་སྲས་དག་མ་སྟེ།།

རྫོགས་ཆེན་སྟོན་པ་ཡོངས་འཛིན་བླ་མ་དྲན།།

སྲིད་པའི་མཐའ་འདི་སྟོང་ལ་ཐུག་ཐུག་བར།།

གཤེན་གྱི་བསྟན་པ་ཡུན་དུ་གནས་དགོས་སོ།།

དེས་ན་ཉིད་ཀྱི་མཛད་པ་མི་འཛད་པས།།

མི་ཤིག་གཡུང་དྲུང་ཁྲི་ལ་བརྟན་དགོས་སོ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།