དམུ་གཤེན་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་གར་འཆམ་སྐོར།

0
1795
གཤེན་གྱི་གར་འཆམ།

རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་ལྷ་མིའི་ག༵ར། །

ག༵ར་གྱི་ལག་ལེན་གཤེན་བསྟན་གསར་རྙིང་འཆ༵མ། །

འཆ༵མ་གྱི་སྟངས་སྟབས་སྔོན་བྱོན་མཁས་པའི་གསུ༵ང་། །

གསུ༵ང་འབུམ་རྣམས་ལས་ཇི་བཞིན་མདོར་བསྡུས་བཀོད། །

འཆམ།༡   དེ་ཡང་ཀུན་གྱི་ནང་ནས་ཆེས་སྔ་བ་དང་ལོ་རྒྱུས་ཀྱི་ཁུངས་རིང་བའི་རུས་རྒྱུད་ཆེན་པོ་དྲུག་གི་ནང་ཚན་དམུ་རིགས་གཤེན་གྱི་གདུང་འདིར། སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་ཤིང་། ཁོང་ནི་སྤྱིར་འཛམ་གླིང་སྟེང་གི་ཤེས་རིག་གི་སྒྲོན་མེ་ཐོག་མ་སྒྲོན་མཁན་དང་། ལྷག་པར་དམུ་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་འདིར་དོན་སྙིང་ལྡན་པའི་ཤེས་རིག་སྟོན་མཁན་གྱི་མེས་པོ་ཡང་ཡིན་པ་མ་ཟད། རྒྱུད་པ་དེ་དང་ལྡན་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོའི་བླའི་མཆོད་གནས་སུ་གདན་དྲངས་ཏེ་གསང་སྔགས་སེམས་ཕྱོགས་ཀྱི་བོན་སྡེ་མང་པོ་ཉམས་ལེན་མཛད་པ་དང་། རྒྱལ་སྲིད་བོན་ལ་བརྟེན་ནས་བསྐྱངས་ཤིང་། ཞང་ཞུང་ཡུལ་གྱི་མཁས་པ་བརྒྱ་རྩ་བརྒྱད་ལ་སོགས་བྱོན་ཏེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉམས་པ་མེད་པར་འཛམ་གླིང་གོ་ལའི་ཡང་རྩེར་སོན་ཞིང་སྣ་མང་ཤེས་རིག་རྒྱ་མཚོའི་ཁྲོད་ན་ཞུམ་པ་མེད་པ་ཆུ་བོ་གང་གྭའི་རྒྱུན་བཞིན་མཆིས།   དེ་བས་དམུ་རིགས་གཤེན་གྱི་བསྟན་པ་འདི་ནི་མི་ལོ་ཆིག་སྟོང་ཡར་སྔོན་ནས་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགའ་ཞེས་ལྷོ་འབྲིག་མཚམས་ཡུལ་དུ་སྐུ་འཁྲུངས་པ་ནས་བཟུང་རིག་གནས་དང་ཤེས་དཔལ་ལ་སོགས་དར་ཞིང་གནས་ཡོད།འཆམ།༢   དེ་བཞིན་ཕྱིས་མི་ལོ་དགུ་བརྒྱ་ཡས་མས་ནས་བྱོན་པའི་གཤེན་གྱི་སྲས་མཆོག་གཤེན་ཀུན་མཁྱེན་ཡབ་སྲས་ནས་རྒྱུད་པ་ཟམ་མ་ཆད་པ་དམུ་དབང་ཉི་མ་རྒྱལ་མཚན་ལ་སོགས་འདུལ་རྒྱུད་འཛིན་པའི་རྣམ་འདྲེན་མཁན་རབས་རྣམས་ཀྱིས་ཤེས་རིག་སྤེལ་ཏེ་མཛད་པའི་འཕྲིན་ལས་བསྐྱངས་པའི་ལོ་རྒྱུས་ཡོད་པ་རྣམས་ད་ལྟའི་དུས་རབས་འདི་ཡི་བར་རླུང་འཚུབ་ནང་གི་མར་མེ་ལྟར་དུ་གནས་ཤིང་། དེར་བརྟེན་ད་རེས་ཁོང་རྣམས་པས་གསུངས་པའི་རིག་གནས་སམ་དེའི་ནང་གི་གར་གྱི་ལག་ལེན་སྐོར་འདི་མ་ཉམས་རྒྱུད་འཛིན་ཡོང་ཆེད་ངོ་སྤྲོད་ཙམ་ཞིག་ཞུ་རྒྱུ་ཡིན།

འཆམ།༣   གཤེན་ལུགས་ཀྱི་ཁྲོ་འཆམ་སམ་གར་གྱི་ལག་ལེན་སྐོར་ཅུང་ཙམ་ཞིག་བཤད་པ་ལ། སྤྱིར་གར་འཆམ་ཞེས་པ་ནི་འཇིག་རྟེན་པ་ཕོ་མོའི་བདེ་སྐྱིད་ཀྱི་སྣང་བ་མཚོན་པའི་རྩེད་མོའི་རིགས་ཀྱི་གླུ་གར་ལྟ་བུ་ཞིག་མིན་པར། གདུལ་བྱ་འཁོར་བའི་སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་སངས་རྒྱས་སྟོན་པའི་ཞལ་ནས།ཐབས་ལ་མ་བརྟེན་ཐུགས་རྗེ་གང་ལས་འབྱུང་། །ཚུལ་ལ་མ་བརྟེན་འགྲོ་དྲུག་ག་ནས་སྤྲོ། །ཞེས་གསུངས་པ་བཞིན་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་འདུལ་དུ་བོན་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། དེའི་ནང་ནས་འདིར་ཉོན་མོངས་པ་དུག་གསུམ་ལ་ལྟོས་ཏེ་བོན་ཕྱི་ནང་གསང་གསུམ་དུ་གསུངས་པའི་བར་པ་སྟེ། ནང་བསྒྱུར་ལམ་གསང་སྔགས་ཐེག་པ་ཆེན་པོའི་སྒོ་ནས་ས་ལམ་གྱི་རྟོགས་པ་རང་རྒྱུད་ལ་བརྙེས་ནས་ཚེ་གཅིག་ལ་རིག་འཛིན་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་འཐོབ་པའི་ཆ་རྐྱེན་ཞིག་ཡིན་ཞིང་། ངོ་བོ་གསང་སྔགས་ཀྱི་ནང་དོན་དང་མཐུན་པར་རྣམ་པ་ཡི་དམ་ལྷ་དང་སྲུང་མ་སོགས་ཀྱི་གར་དུ་རོལ་ཞིང་། དམིགས་པའང་ལྷ་དང་སྲུང་མའི་ང་རྒྱལ་དང་མ་བྲལ་བར་རང་དང་གཞན་གྱི་ཕྱི་ནང་གསང་བའི་དགྲ་བགེགས་བདུད་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཁྱད་པར་དུ་གཞན་རྒྱུད་ལ་དད་པ་དང་དག་སྣང་འཕེལ་ཞིང་བྱིན་རླབས་འཇུག་པའི་ཐབས་སུ་གྱུར་པའི་ཞི་དྲག་གང་རུང་གི་ལུས་ཀྱི་སྟངས་སྟབས་ཤིག་ཡིན་པ་ནི། ཁྲོ་འཆམ་གྱི་ཕྱག་རྒྱའི་འགྲེལ་ཆུང་གི་རིམ་པ་གསལ་བའི་སྒོ་འབྱེད་ལྟར། རྒྱུན་གཏན་དགོན་འདིའི་གར་འཆམ་ནི་བོད་ཟླ་བཅུ་གཅིག་པའི་ཉི་ཤུ་བརྒྱད་ཉིན་ནང་འཆམ་དང་འབྲེལ་གར་འཆམ་གྱི་སྟ་གོན་ལེགས་པར་བགྱིས་ཏེ། ཉི་ཤུ་དགུ་ཉིན་ཕྱི་འཆམ་སྟེ་དངོས་སུ་རྡོ་བཅལ་ནང་ཉིན་གང་ཙམ་ཞིག་འཆམ་གྱི་ཡོད་། དེའི་ནང་དོན་ནི་རྣམ་པ་བདུན་གྱིས་བསྟན་ཏེ། གནས་གང་དུ་གསུང་པ་དང་གཅིག སྟོན་པ་གང་གིས་གསུང་པ་དང་གཉིས། དོན་བྱེད་ཅིའི་ཕྱིར་གསུང་པ་དང་གསུམ། རྒྱུད་གང་ལས་བཏུས་པ་དང་བཞི། འཁོར་གང་གིས་ཞུས་པ་དང་ལྔ། ལག་ཏུ་ཇི་ལྟར་བྱུང་བ་དང་དྲུག ལས་ལ་ཇི་ལྟར་སྦྱར་བ་དང་བདུན་ནོ། །དེ་ལ་གནས་ནི་འོག་མིན་འདའ་བ་མེད་པའི་ཕོ་བྲང་དུ་གསུངས། སྟོན་པ་ནི་ཐུགས་རྗེ་ཞི་བའི་ངང་ལས་ཅི་མ་གཡོས་ཀྱང་། སྐུ་འབར་བའི་ཆ་ལུགས་སུ་སྤྲུལ་པ་ཡི། ཁྲོ་བོ་མཁའ་འགྱིང་ཁ་དེས་གསུངས། དོན་བྱེད་ནི་བོན་གྱི་བསྟན་པ་བཤིགས་པ། གཤེན་རབ་ཀྱི་དབུ་འཕང་དམད་པ། སྒྲུབ་གཤེན་གྱི་སྐུ་ལ་བསྡོ་བ། ཟབ་མོའི་དམ་ལས་ལྡོག་པ། རྔ་ཐོག་དཀོར་ལ་འབགས་པ། དགེ་བྱེད་ལ་བར་དུ་གཅོད་པ། ཕྱི་མི་དང་མི་མིན་གྱི་བར་ཆོད། ནང་དགྲ་བགེགས་གསང་བ་མ་རིག་པ་རྣམས་འདུལ་བ་དང་། ཁྱད་པར་དུ་རྐྱེན་དྲག་པོ་བཟློག་པ་དང་། གཤེད་དྲག་པོ་སྒྲོལ་བའི་ཕྱིར་དུ་གསུངས་སོ། །རྒྱུད་ནི་དབལ་མོ་ལས་ཀྱི་ཐིག་ལེ་དྲག་པོའི་རྒྱུད་ལས་བཏུས། འཁོར་ནི་ཡེ་གཤེན་གཙུག་ཕུད་དང་། རིགས་ཀྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཞུས། ལག་ཏུ་ཇི་ལྟར་བླང་བ་ནི། གཤེན་པོ་རྣམས་དབལ་ཆས་སུ་བཞུགས། ཕོད་ཁ་བྷན་ཕུར་བསྣམས། རྔ་གཤང་གི་སྒྲ་བཏང་། ཕུད་རྒོད་གནམ་དུ་གཏོར་ཞིང་བསྙེན་པ་དང་། ཉེ་བསྙེན་སྔོན་དུ་སོང་བའི་གཤེན་པོ་དེས། སྐྱབས་འགྲོ་སེམས་བསྐྱེད་ལྡན་པའི་གོ་གོན་ནས། བདག་ཉིད་ལྷ་ཡི་ང་རྒྱལ་དང་མ་བྲལ་བར་བྱས་ཏེ། ཞི་རྒྱས་དབང་དྲག་གི་ལས་གང་བྱེད་དང་སྦྱར། ཁྱད་པར་དྲག་པོའི་ལས་ལ་སྦྱར། མཚམས་བཅད་པའི་དུས་སུ། གསལ་བ་རྣམ་གསུམ་བསྒོམ་ཏེ། བདག་ཉིད་ཡི་དམ་གྱི་ལྷ་རུ་གསལ། བྷན་དྷ་ཕུར་པ་ལས་ཀྱི་ལྷ་རུ་གསལ། ཕོ་ཉ་ལས་ཚོགས་རྣམས་ཀྱིས་དགྲ་བགེགས་གང་ཡིན་པ་དེ། རང་དབང་མེད་པར་བཀུག་ལ་བསྟིམས། དྲག་པོའི་ཐུན་གྱི་མྱོས་ཤིང་འཐིབ་སུ་བཅུག ཕུར་པ་ལིང་གའི་གནས་རྣམས་ལ་རིམ་པར་བཙུགས་ལ་སྒྲོལ། རྣམ་ཤེས་བོན་ཉིད་དབྱིངས་སུ་སྤོར། རང་ཉིད་གཙོ་བོར་བསྒོམ། ཕུང་པོ་ཚོགས་སུ་བསྒྲལ་ཞིང་། ལས་ཀྱི་རྗེས་གཅོད་ཅིང་མནན་བསྲེགས་འཕང་གསུམ་བྱ་ལ་བྲོ་རྡུང་བྱ། རྗེས་སུ་བསྔོ་བ་སྨོན་ལམ་བྱ། མཐར་མི་དམིགས་པའི་ངང་ལ་བཞག་ཞེས་དང་།

   འཆམ།༥དེ་བཞིན་བོད་རབ་བྱུང་དྲུག་པའི་ནང་ཙམ་ལ་བྱུང་བའི་དམུ་གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་ལས། ཐོག་མར་ས་འདུལ་བར་བྱ་བའི་སྔགས་ཀྱི་གར་འཆམ་གྱི་བཀོད་པ་ཀླུ་རྒྱལ་གདེང་ཀའི་ཕྱག་རྒྱ་རྣམ་རོལ་ཡིད་དབང་གཏེར་འཛིན་ཞེས་བྱ་བ་ལས། འདི་ལྟར་གསུངས་ཏེ། །དེ་ཡང་གར་འཆམ་འདི་ཉིད་ཇི་ལྟར་ལ་དགོས་ཤེས་ན། གཙུག་ལག་ཁང་དང་མཆོད་རྟེན་ཆེན་པོ་བཞེངས་པའི་དུས་ཀྱང་སྔ་ཕྱིར་གང་དུའང་ལེགས་ཤིང་། ཁྱད་པར་ཕྱི་ནང་གི་དཀྱིལ་འཁོར་བཞེངས་སུ་གསོལ་བའི་དུས་དགོས་པ་ཡིན་ཏེ། ཐོག་མར་སྟོང་པ་ཉིད་ཀྱི་གསུང་དང་སྒྲ་དང་ཞི་བའི་ས་བདག་བཅོས་པའི་རྗེས་ལ། ས་ཡི་གེགས་དང་དམ་སྲི་ས་སྲི་བསྒྲལ་ཞིང་འདུལ་བ་དང་། ས་བདུད་ས་འདྲེ་གཅར་ལ་གནན་ཅིང་ས་ཡི་དངོས་གྲུབ་ནོད་པར་བྱ་བའི་ཐབས་ཁྱད་པར་དུ་ཆེ་བ་ཞིག་ཡིན་ཞེས་གསུངས་ཤིང་།

 འཆམ།༦དེ་བཞིན་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་པའི་ཉིན་ཡིན་པར་བརྟེན་འཁྲུངས་མཆོད་ལ་གར་གྱི་ལག་ལེན་ལྟར་སེག་གཅོད་ཞེས་པ་དེ་འཆམ་ཞིང་བླ་གྲྭ་ཚང་མ་གླིང་བསྐོར་དུ་སེར་ཕྲེང་ལ་ཕེབས་པ་དང་། དེ་བཞིན་མ་རྒྱུད་སོགས་སྒྲུབ་པ་ཆེ་བ་རྣམས་ཚོགས་སྐབས། མཆོད་དཔོན་གྱིས་འཆམ་གོས་དང་ཞྭ་ནག་གསོལ་ཞིང་ཕྱག་མཚན་རྣམས་བསྣམས་ཏེ་རྔ་རྡུང་གི་ཚིག་བཤད་དང་བསྟུན་ནས་ཚོགས་འཆམ་གྱི་གར་སྟབས་བྱེད་པ་དང་། སྒྲུབ་གཞུང་གི་ཚིག་བཤད་དང་བསྟུན་ནས་མཆོད་པ་འབུལ་ཚུལ་བཅས་བྱེད་ཀྱི་ཡོད། གཞན་ཡང་དགུ་གཏོར་ཟབ་རེབ་དང་སྒྲུབ་ཆེན་སོགས་ཚོགས་སྐབས་འཆམ་རིམ་མི་འདྲ་བ་མང་པོ་ཡོད་དེ་དཔེར་ན།སྲུང་མ་ཆ་ཚང་འཆམ་པ་དང་གཤེན་ཚང་གི་ལྕམ་སྐུ་ངོ་མ་འཆམ་ར་ནང་ཕེབས་ཏེ་ཆང་ཕུད་གསེར་སྐྱེམས་མཆོད་སྲོལ་ཡོད་པ་དང་། སྲིད་རྒྱལ་དུས་དྲུག་དང་། ཡེ་ཤེས་དབལ་གྱི་གཟེ་མའི་གར་འཆམ། སྔོན་མོ་འབྲུག་མགོ་དང་། ལྗང་ནག་སྦྲུལ་མགོ་སོགས་གཅན་སྤྱང་མགོ་བརྙན་སྣ་ཚོགས་ཀྱི་འདྲ་འབག་གསོལ་ཏེ་གཟེ་མའི་རྔ་བརྒྱག་དང་འབྲེལ་བའི་གར་འཆམ།དེ་བཞིན་སྟག་ལྷ་མེ་འབར་གྱི་སྤྲུལ་པ་སྟེ། དབལ་སྟག་ཁྲོ་བོ་ཆེན་པོའི་འཆམ། ཤྭ་བའི་འཆམ།རྩལ་ཆེན་སེང་གེའི་གར་འཆམ། ལྷ་མོའི་གྲིབ་སེལ་ལ་སོགས་འཆམ་སྣ་མང་དག་ཅིག་འཆམ་སྲོལ་ཡོད་པ་ནི་མདོ་རྒྱུད་ལས་ཀྱང་། ལ་ལས་སེང་ཆེན་རྔམ་གར་བྱེད། ལ་ལས་ཁྲོ་རྒྱལ་འཇིགས་གར་བསྒྱུར། ལ་ལས་མཁའ་འགྲོའི་མཛེས་གར་བསྒྱུར། ཞེས་གསུངས་པ་བཞིན་རྩལ་ཆེན་སེང་གེའི་གར་འཆམ་འདི་ལ་ཆེ་བའི་ཡོན་ཏན་མང་པོ་བརྗོད་རྒྱུ་ཡོད་ཅིང་། སྟག་ལ་མེ་འབར་གྱི་སྤྲུལ་པ་སྟེ། འཆམ་ཆེན་དེ་དག་སྤོས་དང་རོལ་མོས་སྣ་དྲངས་ཏེ་འཆམ་རར་སྤྱན་འདྲེན་བྱེད་ཀྱི་ཡོད་པ་དང་། གཏོར་རྒྱག་སོགས་བྱེད་སྐབས་ཡི་དམ་གྱི་བསྐུལ་བ་གསུང་ཞིང་ཡེ་ཤེས་ལྷ་ཡི་གར་སྟབས་དང་འབྲེལ་བའི་ལྷ་བྲོ་བྱིན་ལྡན་ཤ་སྟག་ཡིན་ནོ། །

    གཞན་ཡང་གསང་སྔགས་ཀྱི་གར་འཆམ་འདི་ནི་ཉིན་གཅིག་གཉིས་ཙམ་གྱི་མང་ཚོགས་ཀྱི་བལྟ་་མོ་ཙམ་མ་ཡིན་པར། འདི་ཉིད་མཇལ་བའི་གོ་སྐབས་ཐོབ་པའི་སྐྱེ་བོ་ཕོ་མོ་རྣམས་ཀྱིས་དད་པས་གསོལ་བ་བཏབ་ན་བྱིན་རླབས་དང་དངོས་གྲུབ་འབྱུང་ཞིང་། ཚེ་འདི་ལ་ནད་མེད་ཚེ་རིང་བ་དང་། བསམ་དགུ་འགྲུབ་པ་མ་ཟད། ཕྱི་མར་ཡང་བར་དོའི་གནས་སྐབས་སུ་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ལས་མཁན་དང་དབལ་མོའི་ཚོགས་ཐམས་ཅད་ལྷ་སྲུང་དུ་ངོ་ཤེས་པས། འཇིགས་སྐྲག་སོགས་ལས་གྲོལ་ཏེ་གསང་ཆེན་རིག་འཛིན་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་ཐོབ་པར་བྱེད་པའི་དགོས་པ་སོགས་ཡོད།འོན་ཀྱང་གང་ཟག་རང་རྒྱུད་ལ་དད་གུས་མོས་གསུམ་ཡོད་དགོས་པ་ནི་གལ་ཆེན་ཡིན་ཏེ། ལུང་ལས་ཀྱང་། བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན་ཞེས་གསུངས་པས་སོ། །

ཞེས་གཤེན་བཙུན་ཉི་མ་འོད་ཟེར་པས་འདི་ལོའི་དགུ་གཏོར་ཆེན་མོའི་སྐབས་བྲིས་སོ། །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།