ཁྱེད་གཉིས་སྲིད་པའི་གདུགས་དཀར་ཆ་འགྲིག་ཅིག་ཡིན་འདུག

0
1745
༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཞབས་ལ་སྒོ་གསུམ་གུས་པས་བཏུད་དེ་ཕྱག་འཚལ་ལོ། །

རྩོམ་པ་པོ། དགེ་མེ་ལོང་།

མུན་པའི་ཞལ་ཁེབས་དབྱེ་བའི་སེར་ཆེན་གྱི་ཉི་མ།།

བདུད་རྩིའི་གྲིབ་བསིལ་སྦྱིན་པའི་དཀར་གསལ་གྱི་དུང་ཟླས།།

གླིང་བཞི་འོད་ཀྱིས་བཀང་བའི་མཛད་པ་རེ་མཇལ་དུས།།

ཁྱེད་གཉིས་སྲིད་པའི་གདུགས་དཀར་ཆ་འགྲིག་ཅིག་ཡིན་འདུག།

རླུང་བུས་ཤར་ནུབ་སྒུལ་བའི་གྲང་ངར་གྱི་རེག་བྱས།།

ལུས་སེམས་འཁྱག་ལ་སྦྱར་ཚེ་ཨག་སྐད་རེ་འདོན་དུས།།

མཁའ་མཐའི་འོད་ཀྱི་ཟེགས་མ་མཛའ་བརྩེ་རུ་བཏགས་མཁན།།

དུས་མཐའི་ལྷ་དབང་གཞོན་ནུ་ཉི་མ་དང་ཟླ་བ།།

ཆར་སྤྲིན་གོས་སུ་གྱོན་པའི་ནགས་ཀླུང་གི་ཁྲོད་དུ།།

སྡང་སྨོད་འབྲུག་གི་འུར་སྒྲ་རྣ་བ་རུ་ལྷུང་ཡང་།།

འཕྲུལ་ངག་བོན་ཉིད་དབྱངས་ཀྱིས་ངལ་གསོ་ཡི་བདེ་སྐྱིད།།

ཀུན་ལ་ཕྱོགས་མེད་སྟེར་བ་ཉི་ཟླ་ཡི་འོད་སྣང་།།

ལས་ཉོན་དུད་ཁ་འཐིབ་པའི་དམར་ནག་གི་མཚོ་མོར།།

དུག་ལྔའི་འདབ་ལག་རྒྱས་པའི་མེ་ཏོག་རྣམས་མཚར་ཡང་།།

བསླབ་གསུམ་ཤེལ་དཀར་ཕྲེང་ཐག་སྐུ་གསུམ་ལ་བརྒྱུད་མཁན།།

དུས་ཀྱི་སྒྲོན་མེ་འོད་ཆེན་ཉི་ཟླ་ཡི་རང་མདངས།།

ཁྲི་སྟོང་ལོ་ངོས་སྦས་པའི་ལོ་རྒྱུས་ཀྱི་དར་ཐག།

ལྷག་བསམ་གདུགས་དཀར་ཡུ་བའི་རྩེ་མོ་རུ་བསྒྲེངས་ཤིང་།།

སེམས་ཀྱི་ཞི་བདེའི་ལྷ་བྱ་བོན་བོན་གཞུང་ནས་འདྲེན་མཁན།།

དུས་ཀྱི་མགྲོན་པོ་མགྱོགས་ཅན་ཉི་ཟླ་ཡི་རླབས་རིས།།

གཙང་སྟོན་བཅོ་བརྒྱད་མཁན་རབས་སོ་གཉིས་ཀྱི་ཞལ་སྐྱིན།།

ས་རྡོ་བྲག་ལ་བརྐོས་ཀྱང་དུས་གླང་གིས་བཟས་ན།།

བསླབ་གསུམ་ཀ་བ་བརྩེགས་པའི་བཤད་སྒྲུབ་ཀྱི་དར་ཆེན།།

སླར་ཡང་ཉི་ཟླའི་འཛུམ་གྱིས་མི་ཡུལ་དུ་བསུས་ཡོད།།

མཉམ་མེད་བླ་མའི་ཞབས་སེན་འོད་དཀར་གྱི་ཟླ་བ།།

སྨན་གྱི་རི་བོར་བཞད་པའི་ལེགས་བཤད་ཀྱི་རྒྱལ་མཚན།།

ནུབ་མེད་གླིང་བཞིའི་སྤོ་རུ་ཐུགས་སྟོབས་ཀྱིས་བཏེགས་ཤིང་།།

མི་བཏང་གཟེར་ཆེན་འཛིན་པ་ཉི་ཟླ་ཡི་དགེ་མཚན།།

བསོད་ནམས་རི་བོའི་འཕྲག་པ་སྤྲིན་དཀར་ལ་ཟུག་ཅིང་།།

བཤད་སྒྲུབ་ཡོན་ཏན་ནོར་བུ་མཚོ་གཏིང་ལ་རུམ་ནས།།

སེར་ཆགས་འདུས་སྡེའི་སྐར་ཚོགས་འཛམ་གླིང་དུ་ཁྱབ་པ།།

དུས་ཀྱི་ཉི་ཟླ་གཉིས་པོའི་གཟི་བརྗིད་ཅིག་ཡིན་འདུག།

དེ་ལྟར་རྒྱལ་བ་གཉིས་པའི་འཕྲིན་ལས་ཀྱི་ཆུ་གཏེར།།

ཐུགས་ཀྱི་བུམ་པར་བསྟིམས་ནས་སྐྱེ་འགྲོ་ཡི་གསོས་སུ།།

ཟད་མེད་སྦྱིན་པའི་མངའ་བདག་ཉི་ཟླ་ཡི་མཚན་ཅན།།

ཁྱེད་གཉིས་ཞབས་པད་བརྟན་པའི་སྨོན་པ་དེ་འགྲུབ་ཤོག།

    ཅེས་མེ་ལོང་ཞེས་སུ་འབོད་པ་དེས་རྗེ་གཅིག་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་འཇིག་རྟེན་འདིར་སྐུ་བལྟམས་ནས་ད་བར་བགྲང་བྱ་ ༦༥༨ འཁོར་བའི་དུས་ཆེན་དང་བསྟུན། འདི་ལོའི་ ༢༠༡༤ ཟླ་ ༠༣ ཚེས་ ༠༥ ལ་༧རྒྱལ་བ་མཉམ་མེད་ཆེན་པོའི་འཕྲིན་ལས་ཀྱི་བྱེད་པོ་ཡོངས་རྫོགས་བོན་གྱི་མངའ་བདག་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མཛད་རྣམ་རྗེས་དྲན་དང་ཞབས་བརྟན་སྨོན་ཚིག་གི་དོད་དུ་ཕུལ་བའོ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།