གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ།

0
1915
པར། ཁྱུང་རིག་སྨྱུག་གི་སྐད་འཕྲིན་ལས་དྲངས།

མཛད་པ་པོ། དྲན་པ་ནམ་མཁའ།

དྲང་དོན་སྒྲོན་མ་མུན་སེལ་ལས་གཤེན་རབ་ཀྱི་མཛད་པ་མཐར་ཕྱུང་གི་གཟེར་བུ་ཞེས་བྱ་བ་བཞུགས་སོ།།

སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །བོན་གྱི་ཆེ་བ་བརྗོད་པ་གཤེན་རབ་མཛད་པ་མཐར་ཕྱུངས་ཀྱི་གཟེར་བུ་འདི་ལ། དོན་རྣམ་པ་གཉིས་ཏེ། དཀའ་བ་སྣ་ཚོགས་དང་དུ་བླངས་ནས། ཐར་པ་ཐོབ་ཚུལ་བསྟན་པ་དང༌། མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་ཇི་ལྟར་མཐར་ཕྱུངས་ཚུལ་བསྟན་པའོ། །

དེ་ལ་དང་པོ་དཀའ་བ་ནི། སྤྲུལ་པའི་སྐུ་གཤེན་རབ་ཉིད་ཀྱིས། བསྐལ་པ་གོང་མའི་གོང་མ་ནས། སེམས་བསྐྱེད་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ། སྐྱེ་བ་ཡང་སྔ་མ་འོག་ཕྱོགས་འཇིག་རྟེན་གྱི་ཁམས་རྩོད་པ་ཅན་ཙ་མུ་ལ་གྲམ། མཁར་ཏ་ཧ་ལ་རྩེ་བརྒྱད། ཕ་རྒྱལ་པོ་ཀ་འོད་ལ་སློད་ཅན། མ་སྦྱིན་ལ་དགའ་བའི་བཞིན་བཟང་མ། ཡབ་ཡུམ་དེ་གཉིས་ལ་སྲས་བཞི་འཁྲུངས་པ་དང་འོག ཤེས་རབ་ལྡན་ཞེས་བྱ་བ་དེས། དུས་ཀྱི་ཐ་མ་ལ་གཡུང་དྲུང་གི་བོན་བཀའ་རིན་པོ་ཆེ་ཤིན་ཏུ་བསྲུང་དཀའ་བས། བྲག་དཀར་རི་ལ་ཤེལ་གྱི་ཕུག་ཏུ་དགོངས་པ་ཐང་བཅད་ནས་བསྒོམས། དུས་དེ་རུ་དུས་ཀྱི་ཐ་མ་ལ། དྲག་རྩུབ་ཀྱི་བསྐལ་པ་མུ་གེ་ཉིང་ཤ་ཉིང་གིས་ཟ་བ་བྱུང་སྟེ། རྒྱལ་སྲིད་བཤིགས་ནས་སེམས་ཅན་རྣམས་ལ་སྦྱིན་པ་བཏང༌། འབུམ་སྡེ་མང་པོའི་སྲོག་ཀྱང་ཐོན་པར་བྱས། སྦྱིན་པ་བླངས་ནས་མི་རྣམས་གྱེས་ཁར་སྡོམ་པ་ཕོགས། དེས་ན་ཡང་སྦྱིན་པའི་མཐའ་ནི་མཐར་ཕྱིན་ཆགས་མེད་ཡིན་ཞེས་བྱས་ཏེ། ལུས་ལ་ཤ་བརྣགས་ཁྲག་ཕྱུངས་སྤྲང་པོ་བཟའ་དགུ་གསོས། རུས་པ་དཀར་ལ་ཐུག་ནས་སྐྱེ་བ་བརྗེས། མི་བཅད་འཇིག་རྟེན་ཡེ་སངས་བར་ལྷར་སྐྱེས། སྐྱེ་བ་འདིའི་གོང་མ་ལ་སྲིད་པ་ཡེ་སང་གི་ཡུལ་ན་འཆིས་ཙམ་ན། ཡབ་ནི་ཁྲི་འོད་ཡུམ་ནི་ཀུན་ཤེས་ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་འཁྲུངས་པའི་བར་པ། ཁྱེའུ་གསལ་བ་ཞེས་བྱ་སྟེ། གཏོ་འབུམ་ཁྲི་ཀློག་གི་ལྕེ་ཅན་ལ་སྲིད་པ་སྟོང་རྩིས་ཀྱི་བོན་ཉན། ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདྲེན་པའི་བོན་ལུང་མནོས། ཚད་མེད་པ་བཞིའི་ཐུགས་རྗེས་འགྲོ་བ་སེམས་ཅན་གྱི་དོན་བྱས་སོ།། གཉིས་པ་མཛད་པ་ནི་སྤྱི་རུ་དྲུག་ཅུར་བཤད་ཀྱང༌། ད་རེས་འདིར་བཅུ་གཉིས་སུ་བསྟན་ཏེ། སྐྱེ་བཞེས་བསྟན་སྤེལ་འགྲོ་གཉིས་བཏུལ། ཁབ་བཞེས་སྲས་སྤྲུལ་འགྲོ་དོན་མཛད། བདུད་རྣམས་བཏུལ་ནས་བསྟན་པ་བཞག ཁྱིམ་སྤངས་འཁོར་སྤངས་འདས་ཚུལ་བསྟན། ཞེས་གསུངས་པས།    

དེ་ཡང་དང་པོ་བཞེས་པ་ནི། སྤྱིར་འཇིག་རྟེན་གྱི་ཁམས་རྒྱ་ཆེ་ཞིང་གྲངས་མང་ན་ཡང༌། ནུབ་ཕྱོགས་འཇིག་རྟེན་གྱི་ཁམས། ཆུ་བོ་བཞི་འདུས་ཀྱི་འགོ་བོ། གངས་བཟང་པོ་མདུང་རྩེ་འདྲ་བའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། ས་པད་མ་འདབ་བརྒྱད་ཀྱི་སྟེང༌། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག ཤིང་གཞའ་ཚོན་འོད་འབར་གྱི་གསེབ། རྩྭ་མེ་ཏོག་སྣ་ཚོགས་ཀྱི་གནས། གསོས་བདུད་རྩི་སྨན་གྱི་ནགས་ཚལ། གནས་རིན་པོ་ཆེའི་མཁར། ཡུལ་འོལ་མོ་ལུང་རིང༌། མཁར་བར་པོ་སོ་བརྒྱད། གསས་མཁར་ཤམ་པོ་ལྷ་རྩེ། ཡུལ་དེ་ན་རྗེའུ་རིགས་དང༌། རྒྱལ་རིགས་དང༌། རྨངས་རིགས་དང༌། བྲམ་ཟེའི་རིགས་དང༌། ཀུན་གནས་ཀྱང་མཁར་དེའི་རྩེ་རྗེ་ནི། རུས་ནི་དམུའོ། །རིགས་ནི་རྒྱལ་རིགས་སོ། །ཡབ་ནི་མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར། ཡུམ་ནི་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་གཉིས་ཀྱི་སྲས་སུ་འཁྲུངས་སོ། །དེ་ཡང་དོན་དུ་གཤེན་རབ་ཉིད་ལ་སྐྱེ་བ་མི་མངའ་ཡང༌། འགྲོ་བའི་དོན་དུ་དེ་ལྟར་བསྟན། ཡབ་ཡུམ་ལས་སོགས་ཏེ་དེར་ཚོགས་པ་ཐམས་ཅད་ཡིད་སྤྲོ་ལ་སེམས་དགའ་སྟེ། རྒྱལ་བུ་དེ་མ་མ་དགུ་ཕྲུག་གིས་ཁྲུས་དང་གཙང་སྦྲ་དང༌། རྒྱན་དང་ཚངས་པར་བྱས། བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་མཚན་བརྟགས་པས་ཀྱང་མཚན་བཟང་སྟེ། རིན་པོ་ཆེའི་མི་ལ་འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཡིག་འབྲུ་སུམ་བརྒྱ་དྲུག་ཅུས་སྐུ་ལ་བརྒྱན་པ། ཐུགས་ལ་ཉི་ཟླ་ཕྲུག་གཅིག་ཤར་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། མིང་དང་མཚན་ཡང་སྟོན་པ་གཤེན་རབ་མི་བོར་བཏགས་སོ། །དེ་ཡང་ལོའི་དང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་དང་པོ་ཚེས་བཅོ་ལྔ། སྐར་མའི་དང་པོ་རྒྱལ་གྱི་རུ་གོང༌། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་པ་སྟེ། འཁོར་རྣམ་པ་གསུམ་དང་སྤྲུལ་པ་རྣམ་པ་གཉིས་སྤྲུལ་ཏེ། སྔར་འདས་པའི་བསྟན་པ་བརྗེས། ཡབ་ཡུམ་ལས་སོགས་པ་འཁོར་དུ་འཁོད་པ་ཐམས་ཅད་སངས་རྒྱས་པར་མཛད་པའོ། །

གཉིས་པ་བསྟན་པ་སྤེལ་བ་ནི། དབང་པོ་རབ་འབྲིང་ཐ་མའི་སློབ་བུ་འབུམ་ཕྲག་མཐའ་ཡས་པ་ལ། བོན་གྱི་སྒོ་མོ་རྒྱས་པར་དཀྲོལ་ཏེ། དང་པོ་ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་རྣམས་ལ་མན་ངག་ལུང་གི་བོན་བསྟན་ནས། ཤམ་པོ་ལྷ་རྩེ་བདག་ཏུ་བསྐོས་ནས། འགྲོ་དོན་རྒྱས་པར་མཛད་དོ། །གཉིས་པ་བར་སྣང་ཁམས་ཀྱི་སྲིད་གཤེན། ཡར་གཡེན་བར་གཡེན་ས་གཡེན་ལས་སོགས་པ་ལ། སྲིད་པ་དང་པོའི་ལོ་རྒྱུས་ཀྱི་བོན་བསྟན་ནས། འགྲོ་དོན་རྒྱས་པར་མཛད་དོ།། དཔལ་གྱི་ལྷ་ཚངས་པ་དང་བརྒྱ་བྱིན་དང༌། གཡུང་དྲུང་གི་ལྷ་ཆེན་མོ་ཆེ་བཞི་དང༌། སྲིད་པའི་རྒྱལ་པོ་ཆེན་པོ་བཞི་དང༌། རྫུ་འཕྲུལ་གྱི་ལྷ་ལྷེའུ་རྗེ་མཆེད་བདུན་དང༌། རོལ་མཚོ་དག་གི་ཀླུ་ལས་སོགས་པ་ལ་ནག་པོ་སྔགས་ཀྱི་བོན་བསྟན་ནས། ལྷ་རྩེ་གོང་རྣམ་བདག་ཏུ་བསྐོས་ཏེ། བར་ཆོད་བྱེད་པའི་བདུད་བཏུལ་ལོ། །གསུམ་པ་འབྱུང་བའི་གཤེན་ཆེན་པོ་བཞི་ལ་འོད་ཟེར་འཕྲོས་པའི་བོན་ཞེས་བྱ་སྟེ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང༌། རྒྱས་པ་འབུམ་གྱི་དོན་བསྟན་ནས། གྲོང་ཁྱེར་ལང་ལིང་གི་བདག་ཏུ་བསྐོས་ཏེ། འཁོར་བའི་སེམས་ཅན་མང་པོ་ལ། རྒྱས་པ་འབུམ་གྱི་དོན་བསྟན་ནས་བསྟན་པ་སྤེལ་ལོ། །འགྲོ་བ་འདྲེན་ནོ། །ཁ་ལོ་བསྒྱུར་རོ། །དེ་ལྟར་གཤེན་རབ་ཀྱིས་ཞབས་ཀྱིས་བཅགས་ཤིང་ཞལ་མཐོང་བས། རྒྱལ་པོ་ས་ལ་ལས་སོགས་གྲོོང་ཁྱེར་ལང་ལིང་གི་སེམས་ཅན་ཐམས་ཅད་སངས་རྒྱས་སོ། །དེ་ཡང་རྒྱལ་པོ་ས་ལ་ལ་ཞེས་ས་འབུལ་བ་དང༌། མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་དུ་སྐུ་ཁྲུས་ལ་བྱོན་ནས། ཉ་དང་དབུས་ཐ་གསུམ་ལ་ལྷ་ཀླུ་མི་གསུམ་གྱིས་སྐུ་ཁྲུས་གསོལ་ལོ། །ལྷ་ཀླུ་མི་གསུམ་གྱི་སློབ་བུ་མང་པོ་ལ་པེའུ་རྩེ་རྣམ་པ་གསུམ་གྱི་བོན་བསྟན། འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་རང་རང་མཐུན་པའི་བོན་བསྟན་ནས། སྡུག་བསྔལ་ཞི་བར་མཛད། དེ་ནས་ཡུལ་འོལ་མོ་ལུང་རིང་དུ་བྱོན་ནས། གཡུང་དྲུང་བོན་གྱི་བསྟན་པ་ལ་བསྙེན་པ་བྱེ་མའི་ལ་ཙམ་ལ། པེའུ་རྩེ་རྣམ་པ་གསུམ་གྱི་བོན་བསྟན་ནས། བསྟན་པ་དར་ཞིང་ཤིན་ཏུ་རྒྱས་པར་མཛད་དོ། །

 གསུམ་པ་གཏོ་བུ་དོད་དེ་བཏུལ་བ་ནི། བྱང་ཕྱོགས་འཇིག་རྟེན་གྱི་ཁམས་ན་ཡུལ་འོ་མ་འབྱམས་སྐྱ། མཁར་དངས་པ་རྫོངས་ཕུག ཕ་གཏོ་ཁྲི་རྗེ་ཐང་པོ། །མ་དཔྱད་ཟ་གུང་བཙུན་ཁྲི་མ། གཏོ་དཔྱད་དེ་གཉིས་ཀྱི་བུ། གཏོ་བུ་དོད་དེ་ཞེས་བྱ་བ། རིགས་རྗེ་རིགས་ཡིན་ཀྱང༌། མཚམས་མེད་པ་ལྔའི་ལས་བྱས་པ་དེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་བཏུལ་ཏེ། ཐུགས་ནི་ཞི་བའི་ངང་ལས་མ་གཡོས་ཀྱང༌། སྐུ་ཁྲོ་བོའི་ཆ་ལུགས་སུ་སྤྲུལ་ནས་བཏུལ་བས། མངོན་པའི་ང་རྒྱལ་དང་མཐོང་བའི་སྡིག་པ་སྤངས་པ་ཙམ་ལས་མ་ཐུལ་བར་མཛད་དེ། མཚམས་མེད་པ་ལྔའི་ལས་བྱས་པས། ཤི་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་སྣང་བ་ཤར་ནས། དེ་དག་ཐམས་ཅད་ཞི་བར་མཛད་ནས། ཞག་བདུན་བདུན་ནས་ཡར་འགྲོ་བར་མཛད་ནས། དེ་དག་ཀུན་རྒྱུན་བཅད། སྡིག་ཅན་གཏོ་བུ་ལས་སོགས་ཡུལ་འོ་མ་འབྱམས་སྐྱར་འདུས་པ་ཐམས་ཅད་སངས་རྒྱས་པར་མཛད་པའོ། །

བཞི་པ་འགུ་ལིང་མ་ཏི་ཐར་པར་དྲངས་པ་ནི། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ན། ཡུལ་ཧོས་མོ་གླིང་དྲུག མཁར་འབར་བ་རྩེ་དགུ གྲོང་ཁྱེར་བདལ་ཁྱབ་ཀུན་འཕྲོ། མཚོ་གཡུང་དྲུང་མིག་དགུ །དེ་ན་རྩྭ་སྣ་ཚོགས་འཁྲུངས་ཤིང༌། སེམས་ཅན་སྣ་ཚོགས་གནས་ཏེ། ཡུལ་དེའི་རྩེ་རྗེ་ནི། རྒྱལ་པོ་ཧོས་གྱི་རིགས། ཧོས་དྭངས་བ་ཡིད་རིང་ཞེས་བྱ་བ་དེས། གསོན་གྱི་ལོངས་སྤྱོད་ལས་སོགས་པ་ཀུན་དང་ལྡན་ཡང༌། སྐྱེ་ཤི་དང་འདུ་འབྲལ་ལ་གནས་པས། མཐོ་རིས་སུ་འདྲེན་པ་དང༌། ཐར་ལམ་སྟོན་པའི་སློབ་དཔོན་མ་མཆིས་པས། སྟོན་པ་གཤེན་རབ་མཆོད་གནས་སུ་སྤྱན་དྲངས་ནས། འབྱུང་བའི་གཤེན་ཆེན་པོ་ལྔ་ལ་བོན་སྒོ་བཞི་མཛོད་དང་ལྔ་འཆད་པའི་ཐུན་བཅད་དུ་མི་རུང་བས། སྲིད་པ་སངས་པོ་འབུམ་ཁྲིའི་སྤྲུལ་པ་ཡིད་ཀྱི་ཁྱེའུ་ཆུང་བཏང་ནས། རྒྱལ་པོས་གཡུང་དྲུང་གཙུག་གཤེན་རྒྱལ་བ་ཞེས་མིང་མཚན་དུ་བཏགས་ཏེ། ཤེལ་གྱི་བྲག་འཕྲ་སྐས་པད་མ་ཅན་གྱི་ཕུག་ཏུ་དགོངས་པ་མཛད་པས་གནས་ཁྱད་པར་ཅན་དེ་ན་བདུད་དང༌། སྲིན་པོ་གཤིན་རྗེ་གནོད་སྦྱིན་དང༌། ལོ་སྐོར་རྒྱུན་སྐར་གཉན་ཁམས་དང༌། སྲིད་བསྐོས་ཕྱྭ་དང་ལྷ་ཀླུ་ཐམས་ཅད། སྲོད་གུང་ཐོ་རངས་ཞལ་ལྟ་མཆོད་པ་འབུལ། སེམས་ཅན་ཀུན་གྱི་སྔུན་བསུ་གསོལ་ཟས་དྲངས། སྨོན་ལམ་བཏབ་ནས་ལོ་གསུམ་དུ་མཆོད་གནས་སུ་བཞུགས། དེ་ལྟར་བསྟན་པ་དར་ཞིང་ཤིན་ཏུ་རྒྱས་པ་ལ། བཙུན་མོས་ལྟོ་སྐུར་བཏབ་པས་བཀའ་ཆད་མཛེས་བཏབ། སྟོན་པ་གཤེན་རབ་དང་སློབ་དཔོན་གཉིས་སྤྱན་དྲངས་ནས། དྲང་པོས་འགྱོད་ཚངས་མཐོལ་བཤགས་བྱས་པས་ནད་ངན་སོས། བསྟན་པ་རྒྱས་ཤིང་དྲིན་ལན་ཧོས་ཟ་རྒྱལ་མེད་ཁབ་ཏུ་ཕུལ། རྒྱལ་པོ་ཡབ་ཡུམ་སྲས་འཁོར་སེམས་ཅན་ཀུན། ལྷ་མོ་སུམ་བརྒྱའི་ཞལ་མཐོང་ཞིང་ཚེ་སྔ་ཕྱི་ད་ལྟར་གསུམ་གྱིས་སྒྲིབ་པ་བྱང་ནས་སངས་རྒྱས་པར་མཛད་དོ། །

ལྔ་པ་ཁབ་བཞེས་པ་ནི། སེམས་ཅན་རྣམས་དང་མཐུན་པར་བྱ་བ་དང༌། རབས་ཆད་དང་མ་ནིང་བྱ་བའི་ངག་བཅག་པའི་ཕྱིར། ཡུལ་ཧོས་མོ་གླིང་དྲུག་ནས། ཧོས་དྭངས་བ་ཡིད་རིང་གི་བུ་མོོ་ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས་ཏེ། ཡུལ་འོལ་མོ་ལུང་རིང་གི་མི་རྣམས་ཀྱིས་གཡང་ཆ་སྣ་ཚོགས་ཀྱིས་མདུན་བསུས་ནས། དེ་ནས་བྲམ་ཟེའི་རིགས་དང༌། རྗེའུ་རིགས་དང༌། རྨང་གི་ཁྱེའུ་གཙང་མ་དང༌། བུ་མོ་གཙང་མ་ཐམས་ཅད་ཀྱིས། དར་དཀར་གྱི་གཡབ་མོ་དང༌། སྤོས་དང་མཚལ་གྱི་དུ་བ་དང༌། སྐུ་ཁྲུས་གཙང་ཚན་གྱིས་ས་སྐས་གཅིག་དང་གཉིས་དང་གསུམ་གྱི་ཁ་ནས་བསུའོ། །དེ་ནས་བྲམ་ཟེའི་བུ་འགྱུར་བ་བློ་གསལ་གྱིས། ཕྱིའི་ཡུལ་བཞི་དང་ནང་གི་རྣམ་ཤེས་ཚོགས་བརྒྱད་ལ་བཟང་ངན་གྱིི་མཚན་བརྟགས། སྲིད་པའི་སྣ་བོན་པོས་བླན། བདུད་མཆོད། སྲི་མནན། བྱུར་ཕྱུང་འདྲེ་བཀར། དཔལ་སྐྱབས། གཞན་ཡང་ལྷ་དང་ཕྱྭ་དང་དམུ་དང་ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་སྨོན་ལམ་རྒྱས་པར་བཏབ། དམུ་ཐག་དམུས་བཏགས། ཞལ་དྲོ་ཀླུས་བྱིན། ཕྱྭ་གཡང་ཕྱྭས་བླན། སྤྱི་བདུད་ལྷས་བོར། སྨོན་ལམ་ཡོས་བཏབ། དེ་ལྟར་སྟང་དང་དབྱལ་དུ་འཚོགས་སོ། །སེམས་ཅན་གནས་ལ་ཆགས་ཤིང་ཁྱིམ་ལ་དགའ་བ་རྣམས་ལ་བསྒྲལ་བ་དང༌། སུན་འབྱུང་བའི་ཕྱིར་མཛད་པའོ། །

དྲུག་པ་སྲས་སྤྲུལ་པ་ནི། ཕྱིའི་ཡུལ་བཟང་ནང་གི་སེམས་དགེ་བའི། ཧོས་ཟ་རྒྱལ་མེད་བག་དང་ལྡན་པ་ལ། སྟོན་པ་གཤེན་རབ་ཐུགས་རྗེས་སྤྲུལ་པ་དང༌། ལྷ་དང་ཕྱྭ་དང་དམུ་ཡི་སྨོན་ལམ་དང༌། སེམས་ཅན་སྤྱི་མཐུན་ལས་ཀྱི་བསོད་ནམས་ཀྱིས། ཕྱིའི་དེའི་ལོའི་དུས་སུ་སྐུ་ལ་སྲས་ཤིག་འཁྲུངས། འཁྲུངས་པ་དེའི་དུས་དེར་ཀུན་ཀྱང་སྤྲ་ོབ་སྐྱེས། གནམ་གྱི་ལྷ་དང་ས་ཡི་ཀླུ་ཡང་འདུས། ལྷ་ཚངས་པས་བདུད་རྩིས་ཁྲུས་བྱས། བརྒྱ་བྱིན་གྱིས་ཡིད་བཞིན་ནོར་བུ་རིན་པོ་ཆེས་དབང་བསྐུར། ཀླུ་འཇོག་པོས་ཨུ་དུ་འབར་བའི་མེ་ཏོག་གིས་ལྟེ་བ་བྱས། ཀླུ་དགའ་བོས་དགའ་ལྡན་ཚངས་བུར་བཅུག ཀླུ་མ་དྲོས་ཀྱིས་སྨོན་ལམ་གྱི་ཉག་ཐག་གི་ཚངས་ཐག་བྱས། ཕྱྭའི་རྒྱལ་པོས་ཕྱྭ་གཡང་བླན། དམུའི་རྒྱལ་པོས་དམུ་ཐག་བཏགས། གཙུག་ཕུད་ཅན་གྱི་གཤེན་གྱིས་འགྱུར་མེད་ཀྱི་གཙུག་ཕུད་བཅས། ལྷ་དབང་བརྒྱ་བྱིན་གྱིས་གཤེན་ཚེ་རིང་གི་ལན་ཕྲན་སླས། དེ་ཡང་ལྷ་སྲིན་སྡེ་བརྒྱད་ལ་བཀའ་བཙན་པ། སྐྱེ་འགྲོ་སེམས་ཅན་གྱི་དོན་ནུས་པ། ཡབ་དང་མཐུན་པ་རིན་པོ་ཆེ་དར་དཀར་གྱིས་དྲིལ་བ་འདྲ་བ། ཕྱི་དཀར་ལ་འཇམ་པ། ནང་བཀྲ་ལ་གསལ་བ། ནང་གི་སེམས་བརྟགས་པས། གཏོ་འབུམ་སྡེ་ཐུགས་ལ་གསལ་གྱིན། སྨྲ་རྒྱུད་བདུད་རྩི་སྤེལ་ནུས་པ་ཞིག་བྱུང་སྟེ། ཐབས་དང་ཤེས་རབ་ལས་སྤྲུལ་བའི་སྲས་ཡིན་པས། དགུང་ལོ་གཅིག་ནས་ཤེས་རབ་ཀྱི་ཚད་དུ་ཕྱིན། གཉིས་ནས་རྙིང་རྗེའི་སེམས་དང་ལྡན། གསུམ་ནས་ཡབ་ལ་ཐེ་ཚོམ་ཕེར་རོ། །ཡབ་ཀྱི་བསྟན་པ་ཙམ་གྱིས་སྲས་ཀྱིས་རྟོགས་ཏེ། མ་ནོར་ངེས་པར་རྟོགས་པ། མི་འབྱེད་མཉམ་པར་སྙོམས་པ། བོན་ལ་འབུམ་སྡེ་མཁྱེན་པ། འཁོར་བའི་སྡུག་བསྔལ་སངས་ནུས་པ་ཞིག་བྱུང་སྟེ། འཁོར་ལ་ངོ་མཚར་ཆེ་ཞིང་ཤེས་རབ་གསལ་བ་བྲམ་ཟེའི་བུས། མཚན་ཡང་གཏོ་བུ་འབུམ་སངས་སུ་བཏགས་སོ། །བོན་སྒོ་མཐའ་དག་མ་རྨོངས་ཡབ་བཞིན་མཁྱེན། དེ་ནས་ཡང་ཕྱི་དེའི་ལོ་དུས་སུ་སྐུ་ལས་སྲས་ཤིག་འཁྲུངས། ལྷ་ཀླུ་ཕྱྭ་དང་དམུ་ལས་སོགས་པ་ཀུན་གྱིས་གོང་བཞིན་རིམ་གྲོ་བཀུར་བསྟི་བྱས། དེ་ཡང་ལྷ་སྲིན་ལ་བཀའ་བཙན། སྐྱེ་འགྲོའི་དོན་ནུས། ཕྱིའི་ཡུལ་ཡབ་དང་མཚུངས་པ། དཔྱད་ལ་ཁྲི་སྡེ་གསལ་བ། དཔྱད་རྒྱུད་བདུད་རྩི་སྦྱོར་ནུས་པ་ཞིག དེ་ཡང་གོང་དང་མཚུངས་པར། དགུང་ལོ་གཅིག་ནས་ཤེས་རབ་ཚད་དུ་ཕྱིན། གཉིས་ནས་སྙིང་རྗེའི་སེམས་དང་ལྡན། གསུམ་ནས་ཡབ་ལ་ཐེ་ཚོམ་ཕེར་རོ། །ཡབ་ཀྱིས་བསྟན་པ་ཙམ་གྱིས་སྲས་ཀྱིས་རྟོགས་ཏེ། དེ་ཡང་རིག་པའི་དཔྱད་ལམ་རྣོ་བ། སེམས་ཅན་ཡོངས་ལ་བྱམས་པ། དཔྱད་ལ་ཁྲི་སྡེ་མཁྱེན་པ། མ་ནོར་དོན་རྣམས་ཤེས་པ་ཞིག་བྱུང་སྟེ། བྲམ་ཟེའི་བུས་དཔྱད་བུ་ཁྲི་ཤེས་སུ་བཏགས་སོ། །དཔྱད་རྒྱུད་མཐའ་དག་མ་རྨོངས་ཡབ་བཞིན་མཁྱེན། བགེགས་ལ་གཏོས་ཕན་པ་དང༌། ནད་ལ་དཔྱད་ཕན་པ་དང༌། མ་རིག་པ་གསལ་བའི་ཕྱིར་མཛད་པའོ། །

བདུན་པ་རྒྱས་པ་སྤྱི་དྲངས་པ་ནི། ཡུལ་ཁྲི་ཐང་འབྱམས་པ་དང༌། མཁར་ཤོད་མ་བརྩེགས་པ་དང༌། གྲོང་ཁྱེར་ལྷུན་གྲུབ་འདུས་པ། ཡུལ་དེའི་རྩེ་རྗེ་ནི། རྒྱལ་པོ་དཔོའི་རིགས། དཔོ་འབར་བའི་སྒྲོན་མ་ཅན་ཞེས་བྱ་བའི་མངའ་རིས་ཏེ། ཤིན་ཏུ་ཡུལ་བཀྲ་ཤིས་པ། མཁར་ཤིན་ཏུ་ཉམས་དགའ་བ། གྲོང་ཁྱེར་དེ་ན་འདོད་པ་ཀུན་ཚང་བ། ཐམས་ཅད་ཀུན་ལས་བཟང་བ། དད་པ་ཆེ་བ། སྡིག་པ་མི་བྱེད་པ་དགེ་བ་དང་དུ་ལེན་པ་ཞིག་ཡིན་པ་ལ། ཡུལ་དེའི་ནུབ་ཕྱོགས་ཀྱི་གླིང་ན། རྒྱལ་ཕྲན་ཁྲི་འོད་ཞེས་བྱ་བ་ཞིག་ལ། རྒྱལ་བུ་ཁྲི་ཤང་བྱ་བ་ཞིག་འཁྲུངས། དེ་ཤི་བའི་ནད་ཀྱིས་བཏབ་པ་ལ། མོ་བོན་ཐོ་ཅོ་མཁན་གཉིས་ཀྱིས། ཟ་འདོད་པའི་དབང་གིས། མ་མཐོང་པར་མཐོང་བྱས་པ་དང༌། མི་ཤེས་པར་ཤེས་བྱས་པས། ཕན་དུ་རེ་ནས་མི་སྙིང་བཏོན་པའི་སྡིག་པ་དང༌། སྤྱོད་པ་ངན་པ་བྱས་པས། དེའི་ལེ་ལེན་སྐྱེ་མཆེད་ཀྱི་ཤི་བསད་ལྕེབ་དགུ་བྱུང་སྟེ། དེ་རྣམས་ལས་དང་བསམ་པ་བཟང་ངན་གྱིས། ངན་སོང་གསུམ་གྱི་སྣང་བ་ཤར་ནས། གནས་མཐོ་དམན་དུ་སྐྱིད་སྡུག་ཏུ་སྐྱེས་ནས་སྦྱངས་པ་ལ། རྒྱལ་པོ་འབར་བའི་སྒྲོན་མ་ཅན་གྱིས། གཤེན་རབ་སྤྱན་དྲངས་ནས། སྡིག་བཤགས་སྟོན་པའི་སྐུ་ལ་བྱས་པས། སྟོན་པ་གཤེན་རབ་ཀྱིས་སེམས་ཅན་སྡིག་ཅན་དྲངས་པའི་ཕྱིར། ནམ་མཁའ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྤྲུལ་ནས། འགྲོ་བ་འདྲེན་པའི་འོད་ཟེར་གྱི་སྤྲོ་བསྡུ་སྣ་ཚོགས་མཛད་དོ། །འཁོར་ཡིད་ཀྱི་ཁྱེའུ་ཆུང་ལས་སོགས་ཀྱིས། བདེར་གཤེགས་སྟོང་གི་མཚན་བརྗོད་ནས། ཡར་མཆོད་པ་ཕུལ་མར་སྦྱིན་པ་བཏང༌། ཞལ་ནས་སྨོན་ལམ་སྔགས་བརྗོད་པས། རྒྱལ་པོ་དམག་མི་སུམ་སྟོང་ཤི་བསད་ལྕེབ་དགུ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་སངས་རྒྱས་སོ། །སླད་མ་རྒྱལ་བུ་ལྕམ་དྲལ་གཉིས་མ་རྒྱས་ལུས་ཏེ། དྲལ་པོས་ཡུལ་དུ་རྒྱལ་སྲིད་བཟུང་ནས་དགེ་བ་སྤྱོད། ལྕམ་མོ་ལས་ཀྱི་ཤུགས་ཀྱིས་ཁབ་ཏུ་བཞེས། སྟོན་པ་གཤེན་རབ་འཁོར་རྣམས་འགྲོ་དོན་མཐར་ཕྱིན་འོལ་མོ་ལུང་རིང་དུ་བྱོན། ཀུན་གྱི་མདུན་བསུས་སྔར་བཞིན་ཕྱྭ་གཡང་བླན། བྲམ་ཟེའི་དཔོ་ཟ་ཐང་མོར་མཚན་བརྟགས་ཀུན་གཞི་ལ། སྐྱོན་གྱི་རྣམ་པ་དུམ་འགའ་ལུས། སླད་མའི་མཚན་བརྟགས་བཟང་བར་བཅད། སྐྱོན་དང་ཡེ་ཤེས་ནུས་མཐུས་མཛད། སྔོན་གྱི་སྨོན་ལམ་མེ་ཏོག་མཐུས། བུ་མོ་གཤེན་ཟ་ནེའུ་ཆུང་འཁྲུངས། དེ་ཡང་མཚན་བརྟགས་ཡུམ་བཞིན་བཅད། དེ་ལྟར་འགྲོ་དོན་རྒྱ་ལགས་ཕྱེད་པར་མཛད་པའོ། །

བརྒྱད་པ་བདུད་བཏུལ་བ་ནི། གཟུགས་ཁམས་ལྷ་རིགས་ཀྱི་མ་ཐ། ཚངས་རིས་ཀྱི་ཐད་ཀའི་བྱང་ཕྱོགས་སུ། དཔག་ཚད་བརྒྱ་དང་བརྒྱད་ཀྱི་ཐད་ཀ་ན། མུན་པ་གཡུང་དྲུང་ཟེར་ལྡན་གྱི་རྒྱལ་ཁམས། མུན་པ་སྨག་ནག་འཁོར་ལོའི་ནང་ན། སྔོན་གྱི་དམོད་པའི་དབང་གིས་བདུད་རྒྱ་ལགས་ཐོད་རྗེའི་བུ། བདུད་ཁྱབ་པ་ལག་རིང་ཞེས་བྱ་བ་དེ། སྟོན་པ་གཤེན་རབ་མི་བོས། ཁོའི་ཞིང་ཁམས་སྟོང་དུ་འཇུག་པར་མཐོང་ནས། ཉོན་མོངས་པའི་དབང་གིས་ཤིན་ཏུ་མི་དགའ་བའི་སེམས་སྐྱེས་ནས། བདུད་ཀྱི་གཡོག་འཁོར་བསམ་དུ་མེད་པ་བསྡུས་ནས་ངུས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་འདར་བ་དང། འགུལ་བ་དང༌། མེར་བ་དང༌། རླུང་དམར་ དང༌། ཁ་བ་དང༌། སེར་བ་དང༌། མི་ནད་དང༌། ཕྱུགས་ནད་དང། མི་དགེ་བ་སྣ་ཚོགས་བྱུང་ནས། སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པ་ལས། སྟོན་པའི་ཞལ་ནས་དགེ་བ་ཡོད་ན་སྡིག་པ་ཡོད། དཀར་པོ་ཡོད་ན་ནག་པོ་ཡོད། ཉི་མ་ཡོད་ན་མུན་པ་ཡོད། སྟོན་པ་ཡོད་ན་དོས་འཛུག་ཡོད། དེ་ལ་འཇིགས་ཤིང་མ་སྐྲག་པར། དགེ་བའི་ལས་རྣམས་རྒྱུན་དུ་སྲོངས་གསུངས་ཏེ། བར་ཆད་བཟློག་པའི་སྔགས་དང་ངན་སོང་དོང་སྤྲུགས་བཟླས། ཡས་སྟག་བཤམས་པ་ཕྱོགས་བཞིར་གཏོར་བས། བདུད་ཡུལ་འདོད་པ་ལྔས་གང་ཞིང་འཇིག་རྟེན་ཁམས་ལན་གཅིག་ཞི་བ་དང༌། བདེ་བར་གྱུར་ཏོ། །དེ་ནས་ཡང་གཤེན་རབ་ལ་བདུད་གྱི་ཆོ་འཕྲུལ་སྣ་དགུ་བསྟན་ཏེ། ལྷ་དང་སློབ་དཔོན་ཕ་དང་མ། སྐྱེས་ཕྲན་ན་ཆུང་སྤུན་དང་བུ་ལས་སོགས་པ་ཞི་བས་བསླུས་པས། གཤེན་རབ་རྣམ་པ་ཐམས་ཅད་མཁྱེན་པ་ཡིས། བདུད་ཀྱིས་བསླུས་པར་རིགས་ནས། སུན་ཕྱུང་ཐབས་ཀྱིས་བཏུལ་བས། རྣམ་སྨིན་རང་རྒྱལ་ཁ་རལ་འཚངས་ལ་ཕོགས། སྣ་དགུའི་ཐ་མ་དྲག་པོའི་བདུད་ཀྱིས་དམག་དྲངས་གཤེན་ལ་མདའ་མཚོན་ཆར་ལྟར་ཕབས་ཏེ། གཤེན་རབ་ཀྱིས་བདུད་ཁམས་དབང་དུ་བསྡུས་པའི་སྤྲུལ་པ་མཛད་པས། བདུད་ལ་འཇིགས་པའི་སེམས་ཅན་རྣམས། མི་འཇིགས་པའི་སེམས་དང་ལྡན། བདུད་རྗེ་ཁྱབ་པས་དབང་དུ་མ་འདུས། མུན་པས་གཡོགས་སུ་མ་གཡོགས། མཚོན་གྱིས་སོད་དུ་མ་སོད། མུན་པས་གཏིབས་ཤིང་མཚོན་ཆའི་ཆར་ཕབས་པ་ཐམས་ཅད། ཐུགས་རྗེ་ཉི་ཟེར་དང་མེ་ཏོག་པད་མའི་ཆར་དུ་སོང་ངོ༌། །དེ་ནས་ཡང་བདུད་ཀྱི་འཁོར་ལ་ཆོ་འཕྲུལ་བསྟན་ཏེ། བདུད་ཀྱི་མ་སྲིང་མང་པོ་འདུས་ནས། མས་བུ་ལ་གདམས་ངག་བསྟན་ཏེ། ཡུལ་མཁར་དང་བུ་དང་ཆུང་མ་དང་བུ་མོ་ལས་སོགས་ལ་ཆོ་འཕྲུལ་བསྟན་པས། སྟོན་པའི་བྱིན་རླབས་ཀྱིས་དགེ་བའི་ཕྱོགས་སུ་ཐང་ཆོད་པས། གཞན་མ་རྣམས་ལ་མ་ཚུགས་གཤེན་ཟ་ནེའུ་ཆུང་མེ་ཏོག་གི་གླིང་ནས་བདུད་ཕྱིར་འབྲེང་པས། འ་ཞས་གཤེན་རབ་ཕྱའི་སྐུ་འཚོ་རུ་གཤེགས་པ་སྤྱན་དྲངས་ནས། འཁོར་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་བྱོན་ཏེ། གཤེན་ཟ་ནེའུ་ཆུང་བདུད་ལས་བཀུགས། ནུ་མ་བཅད་ནས་བུ་ལ་སྦྱིན་པར་བཏང་ནས་སྨོན་ལམ་བཏབ་པ། ལམ་དུ་སྡུག་བསྔལ་སྲིད་གནས་བསྟན། དེའི་ཡུལ་ནས་འ་ཞས་དྲངས། འགྱོད་བཤགས་མཆོད་པ་རྣམ་ལྔ་ཕུལ། བདུད་ཀྱི་བུ་གཉིས་བརྐུས་ནས་ཐར་པའི་ལམ་ལ་བཅུག་གོ །དེ་ནས་བདུད་ཀྱིས་ནོར་ལ་ཆོ་འཕྲུལ་བསྟན་ཏེ། བདུད་ཕྲུག་ཤོར་བ་སྐྱ་བདུན་གྱིས། གཤེན་གྱི་རྟ་བདུན་བརྐུས་ནས་རྐོང་པོ་ཡུལ་དུ་ཁྱེར་ཏེ། སྟོན་པ་གཤེན་རབ་ནི་སྣང་སྲིད་མེ་ལོང་གཡའ་དག་པ་བཞིན་དུ་གསལ་བས། བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་དྲེགས་པ་ཅན་འཁོར་དུ་བསྡུ་བར་དགོངས་ནས་རྟའི་རྗེས་སུ་བྱོན་པ་ལ། བདུད་རྣམས་ཀྱིས་སྤྲུལ་པ་སྣ་ཚོགས་བསྟན་ཏེ། རི་ལུང་མེས་བཀང་བ་དང༌། ཆུའི་རྒྱ་མཚོ་བསྐྱིལ་བ་དང༌། རླུང་གི་རྒྱ་མཚོ་དང༌། སའི་ཁ་བ་དང༌། བདུད་རི་ནག་པོས་ལམ་བཀག་པ་དང༌། ཐམས་ཅད་ཐུགས་རྗེ་ཆེན་པོོས་ཞི་བར་མཛད། དེ་ནས་ཡང་རྟའི་རྗེས་སུ་བྱོན་པ་ལ། བདུད་རྣམས་ཀྱིས་དམག་དྲངས། ཤག་འགྲན། མཚོན་གྱིས་ཆར་ཕབས། དུག་བླུད། ཆོ་ངེས་དང་ངུས་མོ་བཏབ་པས། གཤེན་རབ་ཐུགས་རྗེ་ཆེ་ལ་ཐབས་ལ་མཁས་པས། བདུད་ཀྱི་དམག་རེ་རེ་ལ་ནམ་མཁའི་ཁམས་ནས་ལྷའི་དམག་བརྒྱ་བརྒྱ་སྤྲུལ། རྩལ་གྱིས་ཚད་བཞག མཚོན་དང་དུག་རྣམས་མེ་ཏོག་ཏུ་བསྒྱུར། ངུས་མོ་འཕར་པོ་འཕར་ཆུང་དུང་གིས་རྒྱུན་བཅད། བདུད་ཀྱི་དམག་བཅོམ། གཤེན་གྱི་ཚོགས་བཅད། ཁྱབ་པའི་ཡབ་རྒན་ཡུམ་རྒན་དང༌། གོང་རྗེ་དཀར་པོ་ལས་སོགས་དད་པ་ལྷང་གིས་སྐྱེས། གནོང་འགྱོད་འཚལ་ཞིང་རྟ་བདུན་ཆལ་དང་བཅས་ནས་ཕུལ་བས། དམ་པའི་གནས་སུ་སངས་རྒྱས་སོ། །ཁྱབ་པ་བུ་འདོད་བསླུ་བ་བྱེད་པ་མ་རྒྱས་ལུས། དེ་ནས་ཡང་བདུད་ཁྱབ་པས། བུ་སྨད་དང༌། རིན་པོ་ཆེའི་གཏེར་དང༌། པད་མའི་སྡོང་པོ་དང༌། སྨན་དང་འབྲུའི་ཚལ་ལ་ཆོ་འཕྲུལ་བསྟན་པ་ཐམས་ཅད་ཞི་བར་མཛད། དབྱེན་དང་ཕྲ་མའི་གཏོ་སྒྲོམ་ཞུགས་ལ་བསྲེགས་པ་ལ་ཡང༌། བདུད་ཀྱི་ལན་ཆགས་ཁེར་ནས། སྟོན་པའི་ཐུགས་རྗེའི་སྨོན་ལམ་གྱིས། དུད་པ་མེ་ལྕེ་འདག་མ་ལས། གནམ་བོན་བར་བོན་ས་བོན་འབུམ་ཕྲག་མཐའ་ཡས་པ་བྱུང་ནས་སེམས་ཅན་གྱི་དོན་བྱེད་དོ། །ཤེས་རབ་བློ་དང་ལྡན་པའི་བློ་གསལ་གྱིས། ཀོང་ཟའི་མཚན་བརྟགས་ཡོངས་སུ་སྨོན་ལམ་བཏབ། ཁྲི་ལྕམ་ཁབ་ཏུ་བཞེས་ནས་གསལ་བའི་མདོག་ཅན་འཁྲུངས། གཏོ་བུ་དཔྱད་བུ་བཞིན་དུ་ཀུན་གྱིས་རིམ་གྲོ་བཀུར་བསྟི་བྱས། ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས། ཆོ་འཕྲུལ་གྱིས་ཡི་གེ་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་གྱེས་ནས་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །

དགུ་པ་བསྟན་པ་རྗེས་བཞག་ནི། ཡུལ་རྒྱ་ལག་འོད་མ་གླིང༌། མཁར་ཁྲི་སྒོ་རྩེ་བརྒྱ། གླིང་གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པའི་ཚོགས། ཕ་རྒྱལ་པོ་ཀ་དྷ་ལ་གསེར་གྱི་མདོག་ཅན། བཙུན་མོ་མུ་ཁྲི་ལ་གསལ་འོད་མ་ཞེས་བྱ་སྟེ། དཀར་པོོ་མིར་གྱུར་པ་ལས་ཆེ། དུས་དེར་རྒྱལ་པོ་གསལ་མཆོག་དམ་པ་ཚེ་འཕོས་ནས། ཡབ་ཡུམ་དེ་གཉིས་ཀྱི་སྲས་སུ་འཁྲུངས་སོ། །ལྟས་མཁན་ཐམས་ཅད་ཀྱིས་མཚན་བལྟས་པས་དེ་ཤིན་ཏུ་བཟང་སྟེ། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོར་བཏགས་སོ།། རྒྱལ་བུ་དེ་དགུང་ལོ་ངོ་དགུ་ལོན་ནས། དཔྱིད་ཟླ་ར་བའི་ཉ་ལ་བདེ་བར་གཤེགས་པ་གཙོ་བོ་བཞི་ལ་ཕྱག་འཚལ་སྨོན་ལམ་བཏབ་པས། ཉི་ཤུ་ལྔའི་དུས་སུ་བསམ་པ་ཁྲིག་གིས་གྲུབ་བོ། །འགྲུབ་པའི་རྟིང་ལ་འཆི་རྒྱགས་ཀྱི་གསས་ཁང་ཆེན་པོ་ཞིག་མུ་ཁྱུད་བདལ་པའི་མཚོ་ལ་བརྩིགས་པར་དགོངས་ནས། མིས་མཁར་ལས་བྱས་རུང་མཚོ་ནང་དུ་འཆི་བས། ཡུལ་མུ་ཧ་ལ་མུན་པའི་གླིང་དུ་སྲིན་པོ་བསྒྲུབས་པས། སྲིན་གྱི་རྒྱལ་པོ་གྲུབ་ནས་མནའ་བསྐྱལ་ཆེད་བསྒོས། སྲིན་བརྒྱ་བཏུལ་ནས་རྩིགས་བསྒོས་ཞག་བཅོ་ལྔ་ལོན་ནས་མཚོ་ཁ་རུ་གཞི་མ་གྲུབ་ནས་ཐོན། དེ་བར་ཡབ་ཡུམ་བློ་བསྲོས་གསང་ཚིག་མ་ཐུབ་པས། བཙུན་མོས་དགེ་སྡོང་བྱས་པས་སྲིན་བརྒྱ་བྲོས་ནས་མེད། མཛོ་དྲེའུ་སླར་ལོག་སྲིན་པོས་ཐོ་ལེ་བཏབ་ནས་བྲོས། དེར་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ། དགེ་བ་ལམ་དུ་ལུས་པས་ཡབ་ཡུམ་བུ་སྨད་ལ་ཡིད་ཆད་ནས་འཁྱམས་ཏེ། རྒྱའི་ཤིང་རྟ་ལ་ཞོན་ནས། འཁོར་མང་པོ་དང་ཁ་བྱང་ཤར་དུ་བལྟས་ཏེ། རྒྱལ་པོ་བཞིའི་རུ་མཚམས་སུ་སླེབས་པས་དགེ་བ་ལ་སེམས་མ་འགྱུར་བ་དང༌། སྔོན་གྱི་སྨོན་ལམ་གྱི་ཕྱྭ་ཀེང་ཙེ་ལན་མེད་དང་འཕྲད་དེ། དང་པོ་དྲི་རྨེད་བྱས། དེ་ནས་ཐེ་ཚོམ་བཙུགས། ཐ་མར་གཡུང་དྲུང་སེམས་དཔར་ཤེས་ནས། འགྱོད་བཤགས་གུས་པ་བཏུད་པས། ཕྱྭ་ཡིས་དགེ་བའི་སྡོང་མཛད། སྐོས་མཁན་ཕྱྭས་བྱས་པས། ལྷ་ཀླུ་མི་ལས་སོགས་པས་དགེ་བ་ལ་ཕྱོགས་པ་ཙམ་ཚོགས་ནས་ཟླ་བ་གཅིག་ནས་གསས་ཁང་རྟེན་དང་བཅས་པ་མཐར་ཕྱིན། མཚན་ཡང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་དུ་བཏགས། དེ་ནས་ལྷ་སྲིན་བདུད་ལས་སོགས་པས་གསས་ཁང་ལ་བར་ཆོད་བྱེད་པ་ཐམས་ཅད་གཤེན་རབ་འཁོར་གཡུང་དྲུང་སེམས་དཔའ་ལྔ་སྟོང་ལྔ་བརྒྱ་དང་ཆས་ནས་བདུད་སྲིན་སྤྲུལ་པ་ཞི་བར་མཛད་ནས། སྐུའི་བསྟན་པ་བཞག དེ་ནས་ཡང་གཤེན་ལོ་ཉི་ཤུ་རྩ་ལྔ་མི་ལོ་ཉིས་སྟོང་ལྔ་བརྒྱ་ན་བོན་སྒོ་བཞི་མཛོད་དང་ལྔ་ཕྱེས་ནས་གསུང་གི་བསྟན་པ་བཞག་པས་ཅུང་ཙམ་དབྱེ་ཤགས་ཞེན་ནས། སྲིད་པ་སངས་པོ་འབུམ་ཁྲི་དང་ཆས་ནས་བོན་སྒོ་བཞི་མཛོད་དང་ལྔར་རྒྱས་པར་དཀྲོལ་ཏེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས་དང་པོ་མཚམས་བཅད། ཡིག་མཁན་དང་ཡོན་བདག་ལ་དབང་བསྐུར། སྨོན་ལམ་བཏབ་ནས་ཡི་གེའི་དབུ་བཙུགས། གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས་ནས་བསྟན་པའི་རྗེས་སུ་བཞག དེ་ནས་ཡང་སྟོན་པ་གཤེན་རབ་ཀྱི་བསྟན་པ་རྗེས་སུ་བཞག་པ་ལ། མངའ་དབུལ་ཞལ་བསྲོ་སྤྱན་དབྱེ་རྒྱས་པར་མཛད་དེ། ཕྲིན་ལས་བཅོ་བརྒྱད་གོ་རིམ་མ་ནོར་བར། གསུང་རབ་འབུམ་སྡེ་བོན་གྱི་སྐུ་དང་སྦྱར། སྐུ་གདུང་མཆོད་རྟེན་རྫོགས་པའི་སྐུ་དང་སྦྱར། སྐུ་གཟུགས་སྤྱན་ཅན་སྤྲུལ་པའི་སྐུ་དང་སྦྱར། རྣམ་པ་ཐམས་ཅད་མཁྱེན་པའི་གཤེན་རབ་ཀྱིས། སེམས་ཅན་དཀྲིད་དྲང་གི་དོན་དང་དཔེ་དང་ཐབས་བསྟན་པའི་ཕྱིར་མཛད་པའོ། །

བཅུ་པ་ཁྱིམ་སྤངས་རབ་ཏུ་བྱུང་བ་ནི། སྟོན་པ་གཤེན་རབ་མི་བོས་མི་ལོ་སུམ་སྟོང་གཅིག་བརྒྱ། གཤེན་ལོ་སུམ་ཅུ་སོ་གཅིག་ན་ཕྲིན་ལས་དམ་པ་དོན་དུ་བཞེས་ནས། ཁྱིམ་པ་ལས་རབ་ཏུ་བྱུང་ནས་སེམས་ཅན་བློའི་རང་བཞིན་ཐ་དད་པས་དགའ་དང་མི་དགའ་སོ་སོ་མང་པོ་བྱུང༌། འདུས་པའི་འཁོར་རྣམས་སྡེ་རིགས་གཉིས་སུ་ཆད། སྟོན་པའི་འཁོར་ཡིད་ཀྱི་ཁྱེའུ་ཆུང་ལས་སོགས་པའི་སྦྱངས་པའི་འཕྲོ་ཅན་རྣམས་དད་པ་སྐྱེས་ནས་ཤིན་ཏུ་དགའ་འོ། །བུད་མེད་ཞེན་པ་རགས་པས་ཁབ་རྣམས་ངུ་སྒྲ་འབྱིན། བདུད་རྗེ་ཁྱབ་པ་ལས་སོགས་དགའ་དད་སྐྱེས་ནས་ལྟ་ཉན་བྱེད། དོན་ཆེད་དེས་ཕྱི་ནས་ཀྱང་གཞན་དག་དྲེགས་པའི་བདུད་བཅོམ་ནས། བདག་ཉིད་ཕུང་པོ་གཞོམ་པར་དགོངས། ཉི་མ་ཤར་བའི་ཟེར་ཁ་ལ། སྤྲིན་ལྟར་གཏིབས་པའི་འཁོར་ནང་དུ། འཁོར་བའི་རྒྱུན་ཐག་བཅད་པའི་ཕྱིར། སྟོན་པས་ཁྱིམ་སྤངས་རབ་ཏུ་བྱུང༌། དང་ལ་ཕྱིའི་རྒྱན་བཅོམ་སྟེ། རྒྱན་དང་ན་བཟའ་དབུ་སྐྲ་ལས་སོགས་པ་བཞར་ནས་སྦྱིན་པ་བཏང༌། བླང་པའི་རྫས་བླངས་ཁྲུས་དང་གཙང་སྦྲའི་སྒོར་ཞུགས། འཁོར་དང་རྒྱལ་སྲིད་ཕྱིར་ལ་བོར་ནས་མེ་ཏོག་གླིང་ལ་དཀའ་ཐུབ་མཛད་དུ་གཤེགས། གཤེན་བུ་རྐོང་ཚ་ལས་སོགས་མ་དད་པའི་འཁོར་རྣམས་ཀྱིས་དད་པའི་འཁོར་རྣམས་ཁྱིམ་སྤངས་བྱ་དབང་མེད་པར་ནན་གྱིས་མནན་ནས་ཁྲིམས་སྒོར་བཅུག སྟོན་པར་ཀུན་གྱིས་འཇུས་ནས་མི་གཤེགས་པར་ཞུ་བ་བྱས་པས་མ་གནང༌། དེ་ནས་མཁར་གྱི་རྩེ་ལ་བཞུགས་པར་ཞུས་སྟེ། ཉི་རྒས་དགོང་གི་དྲོ་ལ་བབ་ནས་གསེར་ཕོར་དངུལ་ཕོར་དུ་གསོལ་ཟས་སྣ་ཚོགས་དྲངས་པས་གསོལ་དུ་མ་བཞེད་པར་ཡུལ་མཁར་ཡོ་བྱད་བཙུན་མོ་སྲས་དང་སློབ་འབངས་ཐམས་ཅད་སྤངས་ནས་གཅིག་པུར་པད་ཤུན་གདིང་བ་གཏིང་ནས་བཀད་སའི་ཐང་ལ་གཟིམས། ནང་པར་སྐར་ཆེན་ཤར་ནས་བདེར་གཤེགས་སྟོང་མཚན་བཏོན། ནམ་ལངས་ཤམ་པོ་ལྷ་རྩེ་བསྐོར་ནས་ལྷ་གཤེན་མཚན་བརྒྱ་བཏོན། ཉི་ཤར་ཁྲུས་དང་གཙང་སྦྲ་བྱས་ནས་སྙིང་པོ་རྣམ་གསུམ་བརྗོད། དེ་ནས་གསོལ་ཟས་ལ་སྤངས་བླང་མཛད་ནས། དཀར་ཟས་རྣམ་གསུམ་བླངས་ནས། ཤ་སྒོག་ཆང་ལས་སོགས་པ་གཏན་དུ་མ་གནང་ངོ༌། །དེ་ནས་ངོ་མཚར་རྨད་དུ་བྱུང་བའི་རྨད་གོས་ལས་སོགས་སྐུ་ལ་གསོལ་ནས། སྐུ་ལུས་ཕྲུག་ཕྲུག་སྤྲུགས་པས་མི་ལ་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དུ་གྱུར་ཏེ། ལོག་འཁོར་སྡེས་མ་ཐུབ་པར་བར་སྣང་སྟོང་པར་འཕུར་ཏེ་སོང་ངོ༌། །དེ་ནས་སུམ་ཅུ་རྩ་གསུམ་དུ་བབས་ཏེ་བྱའི་དཀའ་ཐུབ་ལོ་གཅིག་མཛད། རྩ་གསུམ་ལྷ་ལ་བོན་འཁོར་བསྐོར། དེ་ནས་རྒྱལ་ཆེན་རིགས་བཞིའི་གནས་སུ་སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད། རྒྱལ་ཆེན་བཞི་ལ་བོན་འཁོར་བསྐོར། དེ་ནས་འོལ་མོ་ལུང་རིང་ཟད་མཚམས་མེ་ཏོག་གི་གླིང་ལ་ཉིན་མོའི་བྱའི་ཆ་བྱད། ནུབ་མོ་མིའི་ཆ་བྱད་དུ་བཞུགས་ནས་མིའི་དཀའ་ཐུབ་ལོ་གཅིག་མཛད། བདུད་རྗེ་ཁྱབ་པ་ལས་སོགས་དད་པ་སྐྱེས་ནས་དྲེགས་པའི་བདུད་ལ་བོན་འཁོར་བསྐོར། དཀའ་ཐུབ་ལོ་གསུམ་མཛད་ནས་མི་ཡེངས་དོན་ལ་འཕྲེང་བའི་ཕྲེང་བ་བགྲངས་བས་ཉོན་མོངས་རྒྱུ་འབྲས་གཉིས་ཀྱི་གདར་ཐག་ཆོད། དེ་ནས་འཁོར་ཐམས་ཅད་ཀྱང་སྡེ་རིགས་གཉིས་སུ་མེད་པར་ཡིད་ཀྱི་ཁྱེའུ་ཆུང་གིས་སྣ་དྲངས་ནས། བདུད་ལས་སོགས་པ་ཀུན་གྱིས་མཆོད་པ་རྒྱས་པར་ཕུལ་ནས་བཤགས་པ་བྱས་པས། སྟོན་པས་འཁོར་འདུས་པ་དེ་རྣམས་ལ་གོ་འབྱེད་བཀྲིད་དྲང་གི་བོན་བསྟན་ཞིང་མ་ནོར་མཆོག་ལ་སེམས་བསྐྱེད། དེ་ནས་བོན་གྱི་འཁོར་ལོ་ཚིག་བཞི་གསུངས་པས། ཐམས་ཅད་དད་པ་སྐྱེས་ནས་རབ་ཏུ་བྱུང་བ་ཁས་བླངས། འཁོར་ལ་སྤྱི་སྡེ་གཉིས་ལ་དགོས་སྡེ་བཞི་རུ་ཕྱེ། ཡིད་ཀྱི་ཁྱེའུ་ཆུང་གིས་མཁན་པོ་བྱས། སྟོན་པས་སློབ་དཔོན་མཛད་ནས་སྡོམ་པ་ཕོག ཕོ་གྲལ་གཡས་དང་མོ་གྲལ་གཡོན་དུ་ཕྱེས། རྒྱན་དང་ན་བཟའ་ལས་སོགས་གོང་བཞིན་སྦྱིན་པར་བཏང༌། ཁྲུས་བྱས་རྨད་གོས་ལས་སོགས་རྫས་རྣམས་བླངས། རྩ་བ་བཞི་ལས་གྱེས་པའི་ཕོ་ཁྲིམས་གཉིས་བརྒྱ་ལྔ་བཅུ། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ། དགེ་བསྙེན་གཏན་ཁྲིམས་སྣ་ལྔ། བསྙེན་གནས་ཡན་ལག་བརྒྱད་པ་ལས་སོགས་སྟེ་རྒྱས་པར་བཀྲོལ། ཕོ་མོ་ཕྱེས་ནས་གནས་རིགས་སོ་སོར་བཟུང༌། བར་དུ་སེང་གེའི་ཁྲི་བརྩིགས། གཤེན་རབ་ཀྱིས་བོན་གྱི་འཁོར་ལོ་བསྐོར་ནས་ཤེས་རབ་ཚད་དུ་ཕྱིན། འཁོར་བའི་སྒོ་བཅད་ཐར་པའི་དོན་མཚོན་པའི་ཕྱིར་མཛད་པའོ། །

བཅུ་གཅིག་པ་འཁོར་སྤངས་དགོན་པ་མཛད་པ་ནི། འགྲོ་དྲུག་ཐུགས་རྗེས་བཟུང་བའི་ཕྱིར། ཅིར་ཡང་སྤྲུལ་ནས་ཐུགས་རྗེས་བཟུང༌། ད་འཁོར་སྤངས་དགོན་པ་མཛད་པ་ཡང༌། སེམས་ཅན་བློ་རབ་ཡོད་པ་རྣམས། ཐར་པར་མྱུར་དུ་སྒོ་དབྱེའི་ཕྱིར། དམ་པས་འཁོར་ཁྱེད་སྤངས་ནས་གཅིག་པུར་དགོན་པར་འགྲོ་གསུངས་ནས། སྟོན་པ་ཡང་རི་གཡུང་དྲུང་དགུ་བརྩེགས་ཀྱི་ནགས་ཚལ་མིས་མི་རྙེད་པའི་ནང་དུ། འཁོར་སྤངས་ནས་དགོན་པ་ལ་གཤེགས་སོ། །དེའི་དུས་སུ་གཏོའུ་ལས་སོགས་ཕོ་རིགས་དང༌། གཤེན་ཟ་ལས་སོགས་མོ་རིགས་ཀྱིས། རིག་པའི་རྩལ་ཤུགས་མཐོ་བའི་འཁོར་རྣམས་བསྡུས་ནས། ནགས་ཚལ་དགོན་པའི་ནང་དུ་གཞན་དང་མཚམས་བཅད་དེ། སྟོན་པའི་སྐུ་ཕྱིར་སྤྲིན་བཞིན་འདུས་ནས། འཁོར་གྱི་ནང་ནས་བཙུན་པ་ཁྱབ་པས་མི་ཐོགས་སྐྱེ་བ་གཅིག་གིས་ཐར་པ་ཐོབ་པའི་གདམས་ངག་ཞུས་པས། བློ་རབ་དོན་དུ་དགོན་པའི་གནས་ནས། ཀུན་གཞི་དང་རྣམ་ཤེས་རྩད་གཅོད་བྱུང་ཚོར། སྒོ་འགེགས་སྤྲོ་སྡུ་བཟང་ངན། སྤངས་བླངས་དཔེ་དང་བཅས་ནས་བསྟན་པས། གཏོ་བུ་ལས་སོགས་པས་སྐྱེས་པ་ལྷའི་ཀུན་གཞིའི་དཀྱིལ་དུ་མི་འཆོར་གཟེར་དུ་ཐེབས། གཤེན་ཟ་ལས་སོགས་སྐྱེ་བ་དམན་པ་རྣམས་ལ་ལྟ་སྤྱོད་ཟུང་དུ་འབྲེལ་བར་བསྟན་ཏེ། ས་རིམ་པ་དགུ་ལས་ཉོན་མོངས་པའི་སྒྲིབ་པ་སྦྱངས་ནས། གནམ་རིམ་པ་བཅུ་གསུམ་ལ་ཤེས་བྱའི་སྒྲིབ་པ་སྦྱངས། དཔེ་ནི་གསལ་བའི་ཉི་ཟླ་གཉིས་ལ་བླངས། སྐྱེས་པ་ལྷའི་རིགས་ལ་ཉི་མ་ཤར་བ་བཞིན་དུ་ངེས་དོན་གཅིག་ཆར་བསྟན་པས། ཤེས་རབ་བློ་རྩལ་རྫོགས། བུད་མེད་སྤྲིན་གྱི་བག་ལ་ཟླ་བ་ཚེས་པ་བཞིན་དུ་མས་ཡར་འཇུག་སྒོ་རིམ་པས་བསྟན། དེ་ནས་ཡང་བློ་དམན་པ་རྣམས་ལ་མདོ་རུ་བསྡུས་ནས། ཚིག་འགའི་གདམས་ངག་བསྟན་ཏེ། དང་པོ་འཛིན་དང་ལོ་རྒྱུས་དང༌། བར་དུ་རྟོགས་པའི་རྒྱུ་དང༌། ཐ་མར་རྟོགས་པའི་འབྲས་བུ་ལས་སོགས་པ་གསུངས་སོ། །དེ་ཡང་ཡུལ་གྱི་འདོད་པ་བཅོམ་ནས། ངེས་དོན་གསལ་བཏབ་སྟེེ། སྐྱེ་བ་གཅིག་གིས་བླ་མེད་འབྲས་བུ་བསྒྲུབ་པའི་ཕྱིར་མཛད་པའོ། །

བཅུ་གཉིས་པ་མི་རྟག་མྱ་ངན་ལས་འདས་པ་ནི། དོན་དུ་གཤེན་རབ་ཉིད་འགྲོངས་པར་མི་མངའ་ཡང༌། མི་རྟག་རྟག་ཏུ་རེ་བ་སུན་དབྱུང་བ་དང༌། སེར་སྣ་ཅན་སྦྱིན་པ་གཏོང་བ་དང༌། ལེ་ལོ་ཅན་བརྩོན་འགྲུས་འབྱུང་བའི་ཕྱིར་དུ། མྱ་ངན་ལས་འདའ་ཚུལ་བསྟན་ཏེ། སྟོན་པའི་ཞལ་ནས་སྒྱུ་མའི་ལུས་བླངས་ན་ཚའི་རྒྱུ། ཕུང་པོ་ལུས་ཀྱི་རྣམ་ཤེས་སེམས་བསྡོམས་པས། སྐྱེ་དང་རྒས་ཀྱི་སྡུག་བསྔལ་རིམ་པས་འབྱུང༌། ད་ལྟར་ན་བའི་སྡུག་བསྔལ་མཚོ་དང་འགྲོགས། སྡུག་བསྔལ་ནད་ཀྱིས་གདུངས་པ་འཆི་བའི་རྟགས། མི་རྟག་བཞི་བསྡུས་བདག་གི་ཕུང་པོ་ལ། འཇིག་པའི་གཉེན་པོ་འདུ་བའི་ནད་དར་བས། རིན་ཆེན་སྲོག་ལ་བབ་ལ་གཏུགས་ཏེ་ན། ཞེས་གསུངས་པས། འཁོར་དང་མཐའ་ཡས་སེམས་ཅན་ཐམས་ཅད་སྐྲག་པར་གྱུར་ཏོ། །དགོན་པའི་གནས་ནས་འཁོར་ལོས་སྐུ་བཏེགས་ནས། ཁྲི་སྨོན་རྒྱལ་བཞེད་ཀྱི་ཡང་ཕུགས་སུ་ན་ནམ་གདན་ལ་བཞུགས་སུ་གསོལ་ནས། གཏོ་བུ་དཔྱད་བུས་གཏོ་དང་དཔྱད་མཛད་པས། བྱིན་གྱིས་རླབས་ཀྱིས་དགུང་གསུམ་བདེ་བར་གྱུར། དེ་ནས་བསྙུང་བ་ཕྱིར་ཐུ་ནས། ཀུན་གྱིས་ཀྱང་མྱ་ངན་གྱི་ངུ་སྒྲ་ཕྱུང་པས། སྟོན་པས་དགེ་སྤྱོད་ལས་སོགས་གདམས་པ་བསྟན། དེ་ནས་ཁྱབ་པ་བྱ་ཁྱུང་དུ་སྤྲུལ་ནས་བདུད་རྣམས་ལ་འཇིགས་སྒོ་བསྟན། ཡིད་ཀྱི་ཁྱེའུ་ཆུང་དང་རྨ་ལོ་ལས་སོགས་པས་མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་པས། འདའ་ཁའི་ཞལ་ཆེམས་སུ་གསུངས་པས། ཀུན་གྱིས་མྱ་ངན་འདའ་འོ། །དེའི་དུས་སུ་དག་པ་དྲང་སྲོང་གི་སྡེ་རྣམས་ཀྱིས་གཟའ་སྐར་ལྟ། ཡིད་ཀྱི་ཁྱེའུ་ཆུང་གི་དབུ་ནས་བཏེགས་ནས། ལྷ་གཤེན་གྱི་མཚན་རྣམས་བརྗོད། གཏོ་བུས་ཐུགས་ཁའི་དྲོད་མྱང་ནས་བདེར་གཤེགས་སྐྱེད་པའི་སྙིང་པོ་བཟླས། རྨ་ལོ་གཡུ་ལོས་ཞབས་གཡས་གཡོན་ནས་འཇུས་ནས་ངན་སོང་དོང་སྤྲུག་སྙིང་པོ་བཟླས། དཔྱད་བུས་རྣམ་པར་ཤེས་པས་རྩ་རྒྱུ་ནུས་མི་ནུས་བལྟས། དེ་ལ་སྟོན་པས་སྐུ་བཞེངས་མི་བསྐྱོད་ཀྱང༌། འཁོར་མྱང་ངན་སྨྲེ་ངག་འདོན་ཅིང་བྲང་ལག་འཐབ་པ་ལ། འདའ་དགའ་འཆི་དྲོད་ཀྱི་གདམས་ངག་ཞལ་ཆེམས་བསྟན། བསྐྱེད་རིམ་རྣམ་གསུམ་མཛད་ནས་སྨོན་ལམ་ཡོངས་སུ་བཏབ། སྲོད་ལ་ཁྲི་སྨོན་རྒྱལ་བཞད་གནས་སུ་བདུད་དམག་དུང་ཕྱུར་བཏུལ། ཐོ་རེངས་རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་ལ་མངོན་པར་རྫོགས་པ་སངས་རྒྱས་སོ། །དགུན་ཟླ་ར་བའི་གནམ་སྟོང་ལ། སྟོན་པ་གཤེན་རབ་མྱང་ངན་འདས། གྲོངས་པའི་པུར་ལ་བཀུར་སྟི་རིམ་གྲོ་བྱེད་པ་ལ། འཁོར་རྣམས་ཐ་དད་ཁ་དུམ་ནས། ཐུགས་དང་འདྲ་བའི་འ་ཞ་ལ་ཐུག་པར་བཅད་ནས། བཙུན་པ་ཁྱབ་པས་སྤྱན་དྲངས། མ་གྲོངས་གསོན་གྱིི་ཚུལ་དུ་ཞལ་མཇལ་ནས་མཆོད་པ་རྒྱ་ཆེར་ཕུལ་ནས་ངུ་མོ་བཏབ། སྟོན་པ་གཤེན་རབ་ཡབ་གྲོངས་ནས། སྐྱེ་འགྲོ་སེམས་ཅན་གདུང་བ་སྐྱེས། ནམ་མཁའི་སྤྲིན་ཚོགས་བཞིན་དུ་ཕུང༌། པུར་ལ་བརྟོད་ན་ཐ་དད་འདོད། ཕན་བཏགས་ཆོ་གའི་རིམ་པ་དང༌། ཕྱི་རབས་རྣམས་ལ་དཔེར་བསྟན་པའི་ཐབས་དང་སྐབས་ནི་མ་རྙེད་དོ། ། དེའི་དུས་སུ་འཁོར་སྡེ་བཞི་ཡ་བརྒྱད་གྲོས་བྱས་ནས། སྔོན་འགྲོ་པུར་དང་པུར་ཁང་ཆས་སུ་བཅུགས། ཀུན་ལ་སྙོམས་པར་བྱ་བའི་ཕྱིར་པུར་ཞུགས་ལ་བཞེན་པའི་ས་བཙལ་མཆོད་པ་སྣ་ཚོགས་རྒྱས་པར་ཕུལ་ནས་དགོངས་པ་མེའི་ཏིང་ངེ་འཛིན་ལ་ཞུགས། ཆོ་ག་འཕྲིན་ལས་བཅོ་བརྒྱད་གཞུང་དང་བསྟུན་ནས་ཐུག་གར་༼ཐུགས་ཁར་༽ཞུགས་འབར། གདུང་བཞུས་པའི་རུས་པས་བཅའ་གཞི་མཛད། གདུང་རྟགས་ལྷ་ཀླུ་མི་གསུམ་གྱིས་བགོས་ནས་དབུའི་མཆོད་གནས་སུ་སྤྱན་དྲངས་སོ། །ས་ས་སོ་སོར་ཡི་གནས་ནས་བོན་གྱི་འཁོར་ལོ་བསྐོར་ཞིང་མཆོད་པ་རྒྱུན་དུ་ཕུལ། སྟོན་པའི་སྐུ་འཁོར་ཐམས་ཅད་ཀྱང༌། སྔོན་ནས་དགེ་བ་སྤྱོད་ཅིང་སྟོན་པའི་ཞལ་མཐོང་གསུང་ཐོས། སྒོས་འཕྲིན་ལས་བཅོ་བརྒྱད་ཀྱི་དོན་གྱིས་བསྟན་པས། ཐར་པའི་གོ་འཕང་རིམ་པས་ཐོབ་བོ། །དེ་ནས་སྟོན་པ་ཡང་མྱང་ངན་ལས་འདས། དུས་ཀྱི་ཐ་མ་ལ་ཡང་ཇེ་ཉེ་ཇེ་ཉེར་སོང༌། སྟོན་པའི་ཞལ་མཐོང་གསུང་ཐོས་ནས། དགེ་བ་སྤྱོད་པ་དང་ཤེས་རབ་ལྡན་པ་ནི་ཇེ་ཉུང་ཇེ་ཉུང་ལ་སོང༌། དེའི་རང་བཞིན་གྱིས་བདུད་སྲིན་ལས་སོགས་སྡིག་ལས་སྤྱོད་པ་ནི་རབ་ཏུ་དཔུང་ཆེ་བར་གྱུར་ནས། སློབ་འབངས་ཚེའི་དངོས་གྲུབ་ཐོབ་པ་རྣམས་ཀྱིས་རང་བྱུང་མཆོད་རྟེན་ཆེན་པོ་བཞིའི་རྩ་རུ་སྒྲ་སྣ་ཚོགས་ཕྱུང༌། མཆོད་པ་རྒྱས་པར་ཕུལ། གདུང་བའི་དབྱངས་བླངས་ནས་ཞུས་པས། སྟོན་པས་འོག་མིན་གྱི་གནས་ནས་སྲིད་པའི་བོན་པོ་མུ་ཆོ་ལྡེམ་དྲུག་གདུང་སོབ་ལ་བཏང༌། དེ་རང་འབྱུང་མཆོད་རྟེན་བཞིའི་རྩ་བ་རུ་སྟོན་ཟླ་ཐ་ཆུང་གི་ཉ་ལ་ལྷ་བརྒྱའི་འཁོར་དང་བཅས་བྱོན་ཏེ། དེ་ལ་མཆོད་པ་རྒྱ་ཆེན་པོ་ཡོངས་སུ་ཕུལ་ཏེ་བསྟོད། སློབ་དཔོན་མུ་ཆོས་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་བ་ལས་སོགས་པ། བདེར་གཤེགས་བཞུགས་གནས་གསུམ་དུ་བོན་གྱི་འཁོར་ལོ་གསུམ་བསྐོར་བས། ཤེས་པའི་རྒྱུད་སྦྱངས་པའི་མཁས་པ་མང་པོ་རིམ་པར་བྱུང་ནས། བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །

  གཟིགས་ཚད་བཞི་དང་ཞེས་པ། འོལ་མོ་ལུང་རིང་ལ་གཟིགས། མཁར་བར་པོ་སོ་བརྒྱད་ལ་གཟིགས། ཡབ་རྒྱལ་བོན་ཐོད་དཀར་ལ་གཟིགས། ཡུམ་ཡོ་ཕྱི་རྒྱལ་བཞེད་ལ་གཟིགས། དགོངས་ཚད་དྲུག་ཅེས་པ་གླིང་ནི་ལྷོའི་གླིང་ལ་དགོངས། སྐྱེ་བ་མི་ལ་དགོངས། རིགས་རྒྱལ་རིགས་ལ་དགོངས། ནོར་རིན་པོ་ཆེའི་གཏེར་ལ་དགོངས། བསྟན་པ་སྤེལ་བར་དགོངས། འགྲོ་བ་འདུལ་བར་དགོངས་ཏེ། བྱམས་པ་ཆེན་པོ་ཞེས་པ། དཀའ་བ་སྣ་ཚོགས་དང་དུ་བླངས་ནས་མཛད་པ་སྣ་ཚོགས་མཐའ་རུ་ཕྱིན་པ་ཁོ་ནའོ། །འཁོར་བ་སྒྲོལ་མཛད་ཅེས་པ། སྔར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་མཐོང་གསུང་ཐོས་པས་སངས་རྒྱས་ལ་ད་ལྟ་ཡང་བཀའ་སྡེ་སྣོད་རིན་པོ་ཆེ་ལ་བློ་སྦྱངས་པས། དོན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་སངས་རྒྱས་སོ། །བོན་གྱི་ཆེ་བ་བརྗོད་པ། གཤེན་རབ་མཛད་པ་མཐར་དབྱུང་གི་གཟེར་བུ་ཞེས་བྱ་བ་རྫོགས་སོ།། །།

ཁྱུང་ཁྲི་ལྡེས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།