ཉི་ཟླའི་འོད་ལས་འཁྲུངས་པའི་སྐར་ཆེན་གྱི་ངང་ཉིད་བརྗོད་པ།

0
3350

༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མེ་སྤྲེལ་ལོ་སར་འཚམ་འདྲི་གནང་བ་དྲ་གནས་འདི་ནས་ལྟ་ཐུབ་ཀྱི་ཡོད།

https://www.youtube.com/watch?v=Gja9Y1Hw5X8&feature=youtu.be

རིག་ཁུག

1༧ རྣམ་གསུམ་ངུར་སྨྲིག་ན་བཟས་སྐུ་ལུས་མཛེས།། སྐད་རིགས་སྨྲ་བའི་ལྕེ་གཉིས་གསུང་ལ་མཛེས།། ལུགས་གཉིས་མཁྱེན་དཔྱོད་ཉི་ཟླས་ཐུགས་རྒྱུད་མཛེས།། མཛེས་པ་གསུམ་ལྡན་དྲིན་ཅན་བླ་མར་འདུད།། ༧ ཉི་ཟླ་འདྲ་བའི་བླ་མས་བསྐྱངས་སོ་སྐད།། བླ་རྒན་རྣམ་པས་དབང་བྱིན་སྟེར་རོ་སྐད།། ཉམ་ཆུང་གྲྭ་རྐྱང་ཞིག་གི་ལམ་ཁ་ནས།། འཚོ་བ་དཀའ་ཁག་ཁག་ཅིག་བསྟེན་ཏོ་སྐད།། ༧ ཆུང་ནས་ཕ་མའི་བྱམས་བརྩེས་སྐྱོང་མྱོང་མེད།། ཆུང་ནས་བག་མེད་རྣམ་གཡེང་བྱེད་མྱོང་མེད།། ཆུང་ནས་སྒོ་གསུམ་དགེ་ལ་གཅུན་བཞིན་དུ།། ཆུང་ཆུང་མི་ཚེར་ཆེ་ཆེའི་དོན་ལ་བརྩོན།། ༧ གོས་ཆེན་དར་བཏུམ་ཆོག་པའི་རུས་པ་མེད།། ལྷ་བླས་སྤྲུལ་སྐུར་ཞེས་པའི་ལུང་བསྟན་མེད།། གྲྭ་རྐྱང་དཀྱུས་མ་ཞིག་གི་ལམ་ཁ་ནས།། དཀའ་ཁག་དམྱལ་ལམ་འགྲིམས་པའི་གྲྭ་རྐྱང་ཡིན།། ༧ ཐོབ་གསར་སྨན་རི་ཤེས་རྒྱུད་དཀྲོལ་ས་ནས།། སྡུད་རྟགས་ཚད་གསུམ་རིག་པའི་དབལ་ཁ་བདར།། མདོ་སྔགས་སེམས་སྡེའི་གཞུང་ལུགས་ཡོད་དོ་ཅོག། འཆད་རྩོད་རྩོམ་པའི་ང་རོས་ས་གསུམ་སྒུལ།། ༧ ཁྱེད་ནི་ངེས་དོན་དགེ་བའི་བཤེས་གཉེན་ཏེ།། བུ་སློབ་ཁྲི་འབུམ་དགེ་བའི་ལམ་དུ་ཁྲིད།། ཁྱེད་ནི་ལུང་དང་རིག་པའི་དཔའ་བོ་སྟེ།། ཕས་རྒོལ་སྟོང་གི་ལུང་རིག་དབལ་ཁ་འཐོར།།

ཁྱུང་ཁྲི་ལྡེ།

རུས་གོག་སྐམ་པོའི་རྐང་གསུམ་མ་བཙུགས་ཤིང་།།

སྤྲུལ་ཆེན་རྒྱགས་པའི་མིང་སྐམ་མ་ཁུར་བའི།། 

ལུང་རྟོགས་མཚོ་ལས་བརྡོལ་བའི་བླ་རྒོད་ཁྱེད།། 

ང་དང་ཞྭ་དཀར་བ་ཡི་གསེར་ནག་ཡིན།།

རང་ཤར་རང་གྲོལ།

༧ ཡོངས་འཛིན་བླ་མའི་གདམས་རྒྱུད་འཛིན་མཁན་ཞིག།

གདོང་དམར་ཚང་གི་མེས་རྒྱུད་སྐྱོང་མཁན་ཞིག།

གནའ་དེང་ཤེས་ཡོན་གཉིས་ཀ་ལྡན་མཁན་ཞིག  །

མཁན་པོ་ཁྱེད་ལས་གཞན་ཞིག་སྲིད་ན་དཀོན།།

༧ ཡོངས་འཛིན་སྨྲ་བའི་སེང་གེའི་ཐུགས་སྲས་ཏེ།།

དགོོན་འདིའི་ཁྲི་འཛིན་ཁྱེད་ལ་སེམས་ནས་དད།།

གཞན་དང་མི་འདྲའི་མཛད་པ་རླབས་ཆེ་བས།།

སྐྱེས་ཆེན་ཁྱེད་ཀྱི་སྐུ་ཚེ་བརྟན་པར་སྨོན།།

ཤེས་རབ་གོང་འཕེལ། 

གཞན་དོན་གཉེར་བའི་ལྷ་སེམས་དུང་ཟླ་ལ།།

རང་དོན་བོར་ནུས་བསིལ་བའི་འོད་སྟོང་འཕྲོ།། 

ཐམས་ཅད་གསལ་བའི་སྒྲོན་མ་ཁྱེད་ཉིད་ནི།། 

ཞྭ་དཀར་བསྟན་པའི་རྒྱན་དུ་ལྷག་པར་མཛེས།

འཁྱམས་པོ་དོན་བཟང་།

ངེས་འབྱུང་འོ་མའི་མཚོ་ལས་ལེགས་འཁྲུངས་པའི། །

རྨད་འབྱུང་བསིལ་ཟེར་ཟླ་བའི་འོད་སྣང་ཅན། །

ལེགས་འབྱུང་ཡོན་ཏན་ཀུན་རྫོགས་པཎཌི་ཏ། །

རང་འབྱུང་སེམས་ཀྱི་དབུས་ནས་ཁྱེད་ལ་གུས། །

༧ མི་ཚེའི་རིན་ཐང་འཛམ་བུ་གླིང་ན་གྲགས། །

བྱམས་པའི་ཕྱག་ཟུང་བོན་འབངས་ཡོངས་ལ་གྲོལ། །

ཤེས་རིག་འདབ་བརྒྱ་མཁས་པའི་དབུས་ནས་བཞད། །

ཐ་གྲུའི་སྒྲ་སྐད་ལྷུ་ལག་ཐོགས་མེད་འཁྱུག །

སྐྱ་ཀ་ཁྲ་བོ།

ཕྱི་ཚུལ་གཙང་སྤྱོད་རྣམ་པ་ཞི་ཞིང་དུལ། །

ནང་གི་མཁྱེན་རྟོགས་དགོངས་ཚད་དབལ་དུ་འབར། །

ངེས་པ་དོན་གྱིས་ཕྱུག་པའི་རྒྱལ་སྲས་ཤིག །

ཁྱེད་ནི་ཞྭ་དཀར་བ་ཡི་བསྟན་པའི་སྲོག

སངས་རྒྱས་གཡུང་དྲུང་། 

ཐོས་བསམ་སྒོམ་པས་ཐུགས་རྒྱུད་ཡོངས་བརླན་ཏེ།།

འཆད་རྩོད་རྩོམ་པས་གཞན་རྒྱུད་དགྲོལ་མཁས་པའི།། 

མཉམ་མེད་བླ་མའི་བསྟན་པའི་སྲི་ཞུ་བ།།

རྒྱལ་གཤེན་བསྟན་པའི་ཀ་ཆེན་ཁྱེད་མིན་སུ།

ཏི་སེའི་བུ།

སྨྲ་དབང་ཆེན་མོའི་གསང་གསུམ་གདམས་པའི་མཛོད།།

ཡོངས་རྫོགས་ཐུགས་སུ་ཉར་བའི་སྐྱེས་མཆོག་ཁྱེད།།

གང་འདུལ་ཕྲིན་ལས་མ་ལུས་མཐར་ཕྱིན་ནས།།

ཞབས་ཟུང་གཡོ་མེད་བརྟན་པའི་བཀྲ་ཤིས་ཤོག།

དབལ་ཆུ།

གསང་གསུམ་རིག་པའི་མཛོད་ཆེན་ལུང་རྟོགས་མཁན།།

གཞུང་ལུགས་མཁྱེན་པའི་རབ་འབྱམས་ཉི་རིའི་ཟེར།།

འོད་རླབས་ཤུགས་གཅོད་སློབ་དཔོན་རྒྱལ་ཚབ་པས།།

བདེན་པའི་དབལ་སོ་གངས་རིའི་མཐའ་ནས་བདར།།

གསང་མིག

ལུང་࿆དང་རིག་པའི་མན་ངག་གིས།།

རྟོགས࿆་ཚད་གཞན་ལ་ཟླ་མེད་པའི།།

བསྟན་࿆པ་འཛིན་པའི་སྐྱེས་བུ་ཁྱེད།།

གཡུང་࿆དྲུང་བོན་གྱི་རྒྱལ་མཚན་ཡིན།།

ཨ་ཁུ་དྲང་ཉི།

སྙན་པ་འབྲུག་གིས་མ་དཀྲོལ་ལ། །

གྲགས་པ་རླུང་ལ་མ་བསྐུར་ཡང་། །

ནུབ་ནས་ཤར་ལ་རབ་འཚེར་བའི། །

སྐར་རྒྱན་ཉིད་ལ་གུས་ཕྱག་འཚལ། །

ལི་བློ་གསལ། 

གནའ་དེང་ཤེས་བྱ་ཡི་སྒོ་མོ།།

འབྱེད་མཁས་ཟླ་བྲལ་གྱི་ལྡེ་མིག །

བཀའ་དྲིན་རྒྱལ་བ་དང་མཚུངས་པའི།།

སུམ་ལྡན་བླ་མ་དེ་མཁྱེན་ནོ།།

ཟིལ་ཐིགས།

ཉི་ཟླ་རྣ་ཆ་བྱས་པའི་སྐྱེས་ཆེན་ཞིག།

རྒྱ་མཚོ་གྱེན་དུ་སློང་བའི་སྟོབས་ཆེན་ཞིག།

རིགས་པས་དབུ་འཁྱུད་བརྩམས་པའི་བླ་ཆེན་ཏེ།།

གནམ་གྱི་ཀ་བ་ཁྱེད་ལ་སྙིང་ཁུ་འབུལ།།

གཤིས་ཀ་འཚོལ་བ།

༧ ཡོངས་འཛིན་བླ་མ་ཡི་ཐུགས་སྲས་ངོ་མ།།

གནའ་དེང་རིག་པ་ཡི་མཁས་མཆོག་དག་མ།།

གཤེན་བསྟན་ཡིད་བཞིན་གྱི་ནོར་བུའི་བདག་པོ།།

ཁྱེད་ནི་ས་སྟེང་གི་རིན་ཆེན་ཕ་ལམ།།

འཕྲུལ་གྱི་ཡིག་ཚང་།

གཙུག་གཤེན་རྒྱལ་བའི་སྲུང་ཁྲིམས་གཙང་མ་སླར་ཡང་མངོན་པའི་མཁན་པོ་ཞིག།

གསང་བ་འདུས་པའི་རིམ་གཉིས་ཉམས་རྟོགས་ཁོང་དུ་འབར་བའི་སྔགས་འཆང་ཞིག།

ཏ་པི་ཧྲི་རྩའི་ཡེ་རིག་དགོངས་པ་ལྷང་ངེར་གསལ་བའི་རྣལ་འབྱོར་པ།།

 རྒྱུད་གསུམ་ཀུན་འདུས་ཡོངས་འཛིན་བླ་མའི་དགོངས་པ་སྤུངས་པའི་རྒྱལ་ཐེབས་ཤིག།

རིག་པའི་ཁུ་བྱུག

༧ ཁྱེད་ནི་ན་སོ་གཞོན་གཞོན་དུས་སུ་ཡང་།། ན་སོ་རྒན་གཞོན་མང་པོར་སློབ་ཚན་འཁྲིད།། སྐུ་ན་ཆུང་ཆུང་ཆེ་ཆེའི་རིག་གནས་ལ།། མཁྱེན་གཏེར་རྩལ་རྫོགས་སྨྲ་སེང་གཞོན་ནུ་དངོས།། ༧ རྒན་ལ་གུས་བརྩི་མེད་པའི་གོམས་སྲོལ་མེད།། གཞོན་པ་ཐུབ་ཚོད་གཏོང་བའི་ལོ་རྒྱུས་མེད།། མཁས་མདོག་ཆེ་རྫིག་ཤོམ་ར་རྩ་ནས་མེད།། དགོས་རྒྱུ་ལས་རྒྱུ་མང་པོ་དེ་བས་མེད།། ༧ ཡོངས་འཛིན་ཆེན་མོའི་མདུན་ལ་མདོ་སྔགས་གནད།། ཡང་ཡང་དག་ཐེར་མཛད་དེ་དོགས་གཅོད་གནང་།། ཡང་ཡང་ཁྱེད་ཀྱི་མཁྱེན་དཔྱོད་རིག་རྩལ་ལ།། གཟིགས་ཏེ་གདན་སའི་དཔོན་སློབ་ཆེན་མོར་བསྐོས།། ༧ ཆེ་ཆེའི་བླ་མ་ཡིན་ཀྱང་ཆེ་སྣང་མེད།། བསྟན་དོན་ཆུང་ཆུང་ཡིན་ཡང་ཡང་ཡང་གཟིགས།། ཡོངས་འཛིན་དྲིན་ཅན་བླ་མས་མཁན་པོ་རུ།། མངའ་གསོལ་མཛད་ནས་བསྟན་ལ་ཞབས་ཞུ་མཛད།། ༧ ཕྱི་རུ་མི་སྣར་འབྲེལ་བ་ཉིད་ཀྱིས་མཛད།། ནང་དུ་དགེ་འདུན་འདུས་སྡེ་ཉིད་ཀྱིས་སྐྱོངས།། ལྷ་སྡེ་བོན་འབངས་ཡན་ཆོད་ཉིད་ཀྱིས་གཟིགས།། ཉིད་ནི་ང་ཚོ་སྐྱོང་བའི་ཕ་མ་ལགས།། ༧ རྒྱལ་ཁམས་ཁ་ཡི་སུར་པཎ་ཤིན་ཏུ་ཚ།། རྣམ་རྟོག་རྒོད་པའི་དམུ་རྒོད་ཤིན་ཏུ་འུར།། འུར་འུར་ཚ་ཚའི་བོན་པོའི་སྤྱི་ཚོགས་ན།། ཀད་དེར་འགྱིང་པ་དེ་ནི་ཤིན་ཏུ་དཀའ།། ༧ འཇམ་པོའི་ཐུགས་ལ་བྱམས་བརྩེའི་གཤིས་ཀྱིས་ཕྱུག། གཡོ་བའི་ཆོ་འཕྲུལ་སྣང་མཁན་ཡོད་སྲིད་ཀྱང་།། རང་སྣང་དགྲ་རུ་ལངས་པའི་ལྟ་ཚུལ་ལས།། བྱམས་བརྩེའི་གཟིགས་པ་ནམ་ཡང་ལྷོད་པ་མེད།། ༧ ངས་འཇོན་ཁོས་འཇོན་ཟེར་བའི་བླ་སྤྲུལ་དང་།། ང་སྟག་ཁོ་སེང་འདྲ་བའི་དགེ་བཤེས་སོགས།། གང་གིས་ཁྱེད་ཀྱི་ཤེས་འཇོན་འཕྲུལ་རྩལ་ལ།། འགྲན་ནུས་ཨེ་ཡོད་དུས་གསུམ་དཔྱོད་དང་ཤེས།། ༧ མ་ཧ་སངྒའི་ཚོགས་པ་ཉིད་ཀྱིས་བཙུགས།། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཉིད་ཀྱིས་བསྐྲུན།། བསླབ་གསུམ་བསྟན་པའི་བདག་པོ་ཉིད་ཀྱིས་མཛད།། ཉིད་ནི་དུས་བསྟུན་བསྟན་པའི་སྒྲོན་མེ་ཡིན།། ༧ ཁྱེད་ནི་ཉམ་ཉེས་བྱུང་བའི་བོན་པོ་ལ།། མཁོ་ཐོག་ལྷན་པ་ལྟ་བུའི་བླ་མ་སྟེ།། བོན་འབངས་སྤྱི་མཐུན་གྲོས་ཀྱིས་བཏེགས་པས་ན།། ལྷག་བསམ་མཁྱེན་བརྩེ་ནུས་པས་མི་འཇོན་མེད།། ༧ བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དེ།། ཁ་ཞེ་གཉིས་མེད་ཅན་ཞིག་མ་ཡིན་ན།། ནམ་ཞིག་རང་དང་གཞན་ལ་གནོད་པ་ཡི།། བྱ་བར་ཐལ་བའི་རྗེས་སུ་འགྱོད་ཀྱང་འཕྱི།། ༧ ཁ་ཕོ་ཤེས་འཇོན་མཐུ་ནུས་སྟོབས་ཡོད་ཀྱང་།། ཁ་ཞེ་བསྟན་ལ་དཀར་བའི་མི་མིན་ན།། ལྷ་དང་སྲུང་མས་སྡོང་གྲོགས་ཕར་ཞོགས་ཏེ།། རང་ཉིད་ཆོས་པ་ཡིན་མིན་དོགས་པའི་གཞི།། ༧ ཐོག་མའི་བོན་གཤེན་མཐུ་ཡིས་དྲེགས་ཏེ་ཕམ།། བར་དུ་རྒྱལ་པོ་དབང་ཤེད་ཆེ་སྟེ་ཕམ།། ཐ་མ་ཁ་དཔུང་མང་ཉུང་ཐུག་ཏེ་ཕམ།། ཕམ་ཁའི་མཇུག་གི་དབུགས་རིང་ད་རེས་ཡིན།། ༧ ཐོག་མཐའ་བར་གསུམ་བོན་ལ་སྡང་བ་དེ༵།། དེ༵་ཉིད་ཅི་བཞིན་རང་གཤིས་མངོན་པའི་སྡེ༵ར།། སྡེ༵ར་ཚོགས་རྟོག་སད་ཁྱུ་ཅིག་མ་ལགས་ན།། བོན་དང་བདེན་པའི་རྒྱལ་ཁ་ཐོབ་པ་དཀའ།། ༧ ད་ནི་དད་པ་དག་སྣང་མི་གཙོ་ཞིང་།། དོན་དངོས་བདེན་པ་སུ་ཡིན་གཙོ་བས་ན།། ན་ཚོད་གཞོན་གཞོན་ལོ་ཆུང་སུ་ཡིན་ཡང་།། བདེན་རྫུན་སུ་ཡིན་རྩོད་པའི་དུས་རབས་ཡིན།། ༧ དེ་བཞིན་ལམ་སྟོན་མཛད་པའི་བླ་མ་སྟེ།། ཁྱེད་ལ་ཀུན་རྫོབ་དོན་དམ་ཉམས་ལེན་ཀུན།། ཉམས་མེད་གང་ལ་གང་འདུལ་སྟོན་མཁན་གྱི།། རྣམ་མཁྱེན་སྟོན་པ་ལྟ་བུའི་ཐབས་ཇུས་ཡོད།། ༧ ཁྱེད་ཀྱིས་མཛད་པ་འཕྲིན་ལས་གང་མཛད་པ།། མཁན་སློབ་རྣམ་གཉིས་ཐུགས་དང་མ་བསྟུན་མེད།། མེད་ཀྱང་དུས་དང་བསྟུན་པའི་ཕྱག་ལེན་གྱིས།། ཕྱི་ནང་གདན་ས་མང་པོར་ཡི་རང་སྐྱེས།། ༧ ཁྱེད་ཀྱིས་ལྷག་བསམ་ཐུགས་དགོངས་ནམ་མཁའི་མཛོད།། ཁྱེད་ཀྱི་ཚངས་དབྱངས་དབྱར་གྱི་ཆར་སྤྲིན་མཛོད།། ཁྱེད་ཀྱི་གང་འདུལ་འཕྲིན་ལས་མཛད་པའི་མཛོད།། ཡིན་ཀྱང་དགོས་དབང་ཞིག་གིས་ཅུང་ཙམ་སྨྲས།། ༧ ལོག་རྟོག་ཐེ་ཚོམ་ཅན་ལ་ངོ་སྤྲོད་དང་།། གཡམ་རྒྱུགས་བྱ་སྤུ་ཅན་ལ་འདི་ཡིན་ཞེས།། ཚད་བཀག་སྟོན་པའི་ངག་གི་འཁོར་ལོ་འདི།། ཚད་མའི་སྐྱེས་བུ་རྟོགས་པའི་རྒྱུར་གྱུར་ཅིག །ཅེས་<<ཉི་ཟླའི་འོད་ལས་འཁྲུངས་པའི་སྐར་ཆེན་གྱི་ངང་ཉིད་བརྗོད་པ།>>ཞེས་པ་འདི་ཉིད་ཁོ་བོ་རིག་པའི་ཁུ་བྱུག་གི་སྙུག་གྲོགས་ཁྱུ་ཅིག་ནས་ལོ་གསར་གྱི་དུས་ཚིགས་དང་བསྟུན་ཏེ་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་རྣམ་ལ་བསྔགས་པའི་དབྱངས་ཀྱི་ཚོམ་བུ་ཞིག་ཡིན། རྩོམ་ཡིག་སྐུར་སྔ་ཕྱིའི་གོ་རིམ་བཞིན་བཀོད་ཡོད་པས་ཐུགས་དབྱིངས་སུ་འཇག་པར་ཞུ།

རིག་པའི་ཁུ་བྱུག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༨ ཉིན་སྤེལ།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།