རིག་པའི་ལྷ་ལ་ཕུལ་བའི་མེ་ཏོག་ཆུན་པོ།

0
2131

རྩོམ་པ་པོ་ཁྲིརིག་པའི་མདའ།

བཅུ་ཕྲག་གསུམ་གྱི་མཚན་བཟང་འཆང་ལ་གུར་གུམ་མདོག་གི་ཁ་དོག་སྒེག།
ཚངས་དབྱངས་དྲུག་ཅུའི་ངག་སྒོ་ནེམ་ལ་བརྒྱད་ཁྲི་བཞི་སྟོང་གྱེར་སྒོ་བཙན།།
ཡེ་ཤེས་བརྒྱད་ཅུའི་ཁྲི་གདུགས་ཉི་མས་འགྲོ་ཁམས་རྨོངས་བླུན་མཐའ་ནས་གཞོབ།།
ཚེ་རབས་ལས་ལྷ་སྨྲ་བའི་སེང་གེར་དད་པའི་སོར་མོ་སྤྱི་བོར་ཟླུམ།།

པོད་ཏི་སྔོན་པོས་མཐའ་ཡས་འགྲོ་དང་སྐལ་ལྡན་ཅོག་གིས་ལྐུགས་ཁ་ཕྱེས།།

ཤེས་རབ་རལ་གྲིས་འཁྲུལ་རྟོག་སྟོང་དང་བདག་འཛིན་ཞགས་པའི་མདུད་པ་བཅད།།
ཐབས་ཤེས་ཟུང་གི་ཉི་ཟླའི་གདན་ལ་གཟི་བརྗིད་མེ་ཟླུམ་འབུམ་གྱིས་འཁྱུད།།
དཔེ་བྱད་བརྒྱད་ཅུའི་རབ་ཏུ་འཕྱང་པའི་ལྷ་ཡི་བླ་མ་གྲོགས་ལ་བྱོན།།

ཤེས་བྱའི་གནས་ལུགས་རྒྱུ་སྐར་ལམ་ལ་མཁྱེན་པའི་ཟླ་གཞོན་མཁའ་ནས་རྩེན།།
རབ་འབྱམས་ལུང་རྟོགས་ཨུདྤལ་གཞོན་ལ་ལེགས་བྱས་དཀར་པོའི་ཟེའུ་འབྲུ་རྒོད།།
དགོངས་པ་མུ་མེད་ལྷ་ལམ་ཡོངས་འདུས་མཐའ་ཀླས་ལུས་ཅན་གསལ་མཛད་པའི།
རིགས་བརྒྱའི་ཁྱབ་བདག་རིག་པའི་ལྷ་ཡིས་འདི་ཕྱི་ཀུན་གྱི་གཟིགས་རྟོགས་མཛོད།།

དམར་སེར་ཞོགས་སྤྲིན་མདངས་ཀྱིས་མཛེས་ལ་བསླབ་གསུམ་ཆུ་སྐྱེས་གསར་པའི་དྲི།།
བཀྲ་གསལ་རྣམ་དཔྱོད་ཤེས་རབ་མདའ་ལ་ཚད་མ་གསུམ་གྱི་ངར་རྒོད་མཆེད།།
དགག་སྒྲུབ་རྫིང་རིང་ལྷ་ཡི་ངོགས་ལ་འཆད་རྩོད་རྩོམ་གྱིས་མེ་ཆར་གཡོས།།
རབ་མང་གྲུབ་མཐའི་གཙུག་ན་ལྡིང་བའི་རིག་པའི་ཁྱུང་ཆེན་སྲིད་ན་སྤ།།

ཕས་རྒོལ་ལོག་སྡེ་ལྦ་མོའི་སྙིང་ལ་རྩོད་པ་བོན་གྱི་མདའ་རྩེས་བསྙིལ།།
རང་བསྟན་དྲི་མེད་ཤེལ་དཀར་བུམ་པ་ཐོས་བསམ་སྒོམ་གྱིས་བྱི་དོར་གཟབ།།
སྐྱེས་སྦྱངས་རིགས་སྒྲའི་འབྲུག་སྟོང་ལྡིར་བས་སྐལ་ལྡན་རྨ་བྱ་གར་གྱིས་བྲེལ།།
སྟོང་པའི་ཀློང་ནས་འོད་ཀྱིས་བཞེངས་པའི་ལྷ་ཕྲུག་གང་དེས་འགྲོ་ཁམས་སྟོངས།།

༠༡༦//༡༦///ཐོག་དད་པས་བསྒུལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།