བྱང་གི་གནམ་མཚོ་ཕྱུག་མོའི་ངོ་སྤྲོད་བསྡུས་དོན།

2
1233

ཞང་ཞུང་སྲིད་པའི་བླ་མཚོ་གནམ་མཚོ་ཕྱུག་མོ།

རྩོམ་པ་པོ་ཁྱུང་ཁྲི་ལྡེ།

གནམ་མཚོ་ནི་བོད་ལྗོངས་ལྷ་སའི་བྱང་ཕྱོགས་འདམ་གཞུང་རྫོང་དང་ནག་ཆུའི་ས་ཁུལ་དཔལ་མགོན་རྫོང་གཉིས་ཀྱི་ས་མཚམས་སུ་གནས་ཤིང་། ལྷ་ས་ནས་སྤྱི་ལེ་༢༤༠ཡོད་ལ། གནམ་མཚོ་ནི་ཤར་ནས་ནུབ་ཏུ་རྒྱུག་པའི་ཚུལ་གྱིས་ཤར་ནུབ་ཁ་ཞེང་སྤྱི་ལེ་༧༠དང་ལྷོ་བྱང་གི་ཁ་ཞེང་སྤྱི་ལེ་༣༠དང་མཚོ་ངོས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༩༤༠ཡོད། མཐོ་ཚད་ནི་རྒྱ་མཚོ་ནས་རྨིད་༤༤༤༡དང་འཛམ་གླིང་ཐོག་གི་མཚོ་ཆེ་ཤོས་ཡིན། མཚོ་དེ་ནི་ཡུམ་སྲས་ཀྱི་གནས་རི་ཡིན་ལ་མཚོ་དབྱིབས་ལ་ཡུམ་སྲས་ཀྱི་སྐུ་མདོག་ཕྱག་མཚན་གྱི་མཚོན་དོན་ལྡན་ཡོད་པ་ནི། མཚོ་ཡི་ཁ་དོག་ལྗང་ནག་ཡོད་པས་སྐུ་མདོག་ལྗང་ནག་མཚོན་ཡོད། མཚོ་འགོ་ལ་མཚེའུ་གསུམ་ཡོད་པ་དེས་སྤྱན་གསུམ་དེ་མཚོན་ཡོད། ལྷ་ལྕམ་ཁེན་པ་ནི་ཐོར་གཙུག་གི་ཚུལ་དུ་ཡོད། དྲེལ་ཆུ་དང་ངང་ཆུ་གཉིས་དེས་ཕྱག་གཡས་དྲིལ་ཞགས་སྔོ་དམར་གྱིས་གྱི་གྲན་འཆིང་བ་མཚོན་ཡོད། ཆུ་གཉིས་པོ་དེ་ལྷོ་ནུབ་ནས་གནམ་མཚོའི་ནང་དུ་བབས་པ་དང་། གནམ་མཚོའི་དོའམ་ཀླུ་གདོང་ཕུག་ཟེར་བ་དེས་གཡོན་པས་ཚེ་བུམ་གཤེན་གྱི་ཚེ་སྲོག་བསྲིངས་ཞེས་པ་དེ་མཚོན་ཡོད། དེ་ལ་མ་ཆགས་སེ་མོ་དོ་ཡང་ཟེར། ཧར་པོ་གདོང་གིས་ཆིབས་པ་སོ་བྱ་རོག་མོ་དེ་མཚོན་ཡོད། སྔོན་གྱི་སྣ་འདྲེན་དྲེགས་པ་ལྷ་རྒོད་སྙིང་ཁྲོམ་ནི་བསམ་གཏན་གངས་བཟང་ཡིན། གཡས་ཀྱི་རུ་འདྲེན་ཀླུ་བདུད་ཐང་ལྷ་གཉེན་སྲས་ནི་འདམ་གཞུང་ནས་བལྟས་ཚེ་བྱང་ནུབ་ཕྱོགས་ཀྱི་གངས་རི་བརྗིད་ཉམས་ཅན་གཉེན་ཆེན་ཐང་ལྷ་ཞེས་པ་དེ་ཡིན། གཡོན་གྱི་རུ་འདྲེན་མི་བདུད་འབྱམས་པ་ཁྲག་མགོ་ནི་ཨ་མདོ་བར་ཐའི་ཡུལ་གོ་ར་ནམ་རྫོང་བདུད་ཀྱི་རྫོང་ནམ་ར་ཞེས་པ་དེ་ཡིན། སླད་ཀྱི་རྗེས་འགེབ་པ་བཙན་རྒོད་ཧུར་པ་གསོད་སྐྱེན་ནི་རྐྱང་ཁྲ་ཕོ་བྲང་ཟེར་བའི་བ་ཉལ་སྲང་གི་ནུབ་བྱང་ཁང་ཁྱིམ་ཞལ་དཀར་ཞེས་པ་དེ་ཡིན། སྲིབ་ཀྱི་དོ་ཆེན་བཅོ་རྒྱད་ནང་གི་དོ་རིང་ནི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་སྒྲུབ་གནས་ཡིན། གྱེར་མཚོའི་དོ་ནང་གི་གླང་ཆེན་ཕུག་གམ་བདེ་གསལ་གསང་ཕུག་ཅེས་པ་དེ་ནི་སྒང་རུ་དཔོན་སློབ་བཞུགས་ས་དང་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་སྒང་རུ་དཔོན་སློབ་བླ་མར་བསྟེན་ནས་བཞུགས་ས་དེ་ཡིན། ཀླུ་གདོང་ཕུག་ནི་མ་རྒྱུད་གནས་ཆེན་ཉེར་ལྔའི་ནང་གི་ཀླུ་གདོང་ལྔའི་ནང་ནས་ཟིལ་མངར་མཁའ་འགྲོ་ཞེས་པ་དེ་ཡིན། མཚོ་དེ་ནི་གཡུང་དྲུང་བོན་གྱི་བླ་མཚོ་རྩ་ཆེན་ཞིག་ཡིན་ནོ།། །།

2 དགོངས་ཚུལ་རྣམས།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

  1. གོང་གི་གནས་བཤད་དེའི་དཔེ་ཁུངས་ཡོད་དམ། ཡང་ན་བླ་མ་དང་རྒན་པའི་ཞལ་རྒྱུན་ཡིན་ཞལ་གསལ་ཞིག་གསུང་རོགས།

    • སྐུ་ཉིད་ཀྱིས་དྲི་བ་གནང་བར་བཀའ་དྲིན་ཆེ། ཐང་ལྷའི་གཡས་གཡོན་མདུན་རྒྱབ་ཀྱི་ཡུལ་སའི་མིང་རྣམས་བསང་མཆོད་ལས་གསལ་ཡང་དེ་དང་དེ་ཞེས་ངོས་འཛིན་གནང་ཚུལ་ནི་བགྲེས་པོའི་ངག་རྒྱུན་དང་། བླ་མའི་ཞལ་རྒྱུན་ནས་དྲངས་ཡོད་པའི་ཚོད་དཔག་དང་བཅས། ད་དུང་རྩོམ་པ་པོ་དང་དངོས་སུ་ཁ་བརྡ་བྱུང་རྗེས་ལན་རྗེས་ནས་འབུལ་འདུན་ཡོད་ཞུ། དྲ་བའི་གཙོ་སྒྲུབ་པས།

ལན་སློགས།