སྒོ་མཛོད་གླེགས་བམ་རིན་པོ་ཆེའི་སྔོན་གླེང་།

0
1627
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།

རྩོམ་པ་པོ། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན།

གསུང་རབ་སྒོ་མཛོད་རིན་པོ་ཆེ།༄༅། །གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་༼༡༽སྲོལ་གཏོད་གནང་བའི་ཐེག་པ་རིམ་དགུ་དང་། རིག་པའི་གནས་ལྔ་བཅས་ཡོངས་སུ་ཚང་ཞིང་། གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་དང་། བདེ་ལེགས་ཆེན་པོ་སྒྲུབ་བྱེད་ཀྱི་མ་ལག་ཡོངས་སུ་འདུས་པའི་རི་བོ་གངས་ཅན་པའི་ཕ་ཆོས་ངོ་མ་དེ་ཆགས་ཡོད་པ་མ་ཟད།  བོད་མི་རྒན་གཞོན་བར་གསུམ་གྱི་ཤ་གསེང་རུས་གསེང་དུ་ཐིམས་པའི་ལུགས་སྲོལ་དང་། ཤེས་རིག་དུ་མའི་འབྱུང་གནས་སུ་གྱུར་ཡོད།ཡིན་ནའང་ལོ་རྒྱུས་ཀྱི་ཆུ་བོ་མུ་མཐུད་བཞུར་བའི་ཁྲོད་དུ་རང་རྐྱེན་དང་། གཞན་རྐྱེན་དུ་མའི་འགལ་རྐྱེན་གྱི་དབང་གིས་མི་ཡི་འདུ་ཤེས་དང་། དད་མོས་ལ་འགྱུར་ལྡོག་སོང་བའི་ཐོགབསྟན་པ་ལ་དར་ནུབ་འབྱུང་བ་ཆོས་ལུགས་དར་རྒུད་ཀྱི་གཤིས་སུ་གྲུབ་པ་ལྟར།བོན་གྱི་བསྟན་པའང་དར་ནུབ་ཀྱི་རིམ་པ་མང་པོ་བརྒྱུད་མྱོང་བ་དང་། གཉན་འཕྲང་ཅན་གྱི་དུས་ཚོད་ཀྱི་སྐབས་སུ་བོན་དང་བོད་ཀྱི་རིག་གནས་ལ་དགའ་ཞིང་དུངས་བའི་རུས་པ་མཁྲེགས་པའི་མེས་པོ་ཚོས།ཞང་བོད་རིག་གནས་ཀྱི་སྙིང་པོ་གཡུང་དྲུང་བོན་གྱི་གསུང་རབ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་། སྲུང་སྐྱོབ་མཛད་པའི་དྲིན་ལས་ད་ལྟ་བོད་ཀྱི་རིག་གནས་ལ་སྲོག་སྙིང་ཡོད་པ་དང་། ཁ་དོག་ཡོད་པ། གླེང་རིན་ཡོད་པ་གྱུར་པས་ཐོག་མར་ཞང་བོད་ཀྱི་ལོ་ཙྭ་བ་རྣམ་པ་གཙོས་པའི། བསྟན་པ་འདིའི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་མྱོང་བའི་སྔོན་གཤེགས་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་དྲན་པའི་ཐོག་ནས་ཚིག་འགའ་གླེང་བར་འདོད།

སྒོ་མཛོད།༠༡དེ་ལ་བསྟན་པའི་སྙིང་པོ་ནི་ལུང་རྟོགས་གཉིས་སུ་འདུས་ཤིང་། ལུང་གི་བསྟན་པ་ཉམས་སུ་བླངས་པ་ལ་བརྟེན་ནས་རྟོགས་པའི་བསྟན་པ་རྒྱུད་ལ་སྐྱེ་དགོས་པ་ཡིན་སྟབས་སྒོ་བཞི་མཛོད་ལྔའི་བོན་ནི་སྐྱེ་འགྲོའི་བདེ་སྐྱིད་ཀྱི་ལམ་ཡིག་ངོ་མ་དེ་ཆགས་ཡོད། དེ་ལྟའི་ལུང་གི་བོན་རྣམས་བསྡུས་ན་མདོ་སྔགས་སེམས་གསུམ་དང་། ཡང་ན་སྒོ་བཞི་མཛོད་ལྔའི་ཁོངས་སུ་འདུས་ཤིང་། འདི་རྣམས་བདག་ཅག་གི་སྟོན་པས་འོལ་མོ་ལུང་རིང་དུ་གསུངས་པ་དང་། དེ་ཡང་སྐབས་བབ་ཀྱི་གདུལ་བྱར་ལྟོས་ནས་གསུངས་པ་འབའ་ཞིག་ཡིན་སྟབས་བོན་ལ་ཐེག་པའི་རྣམ་གྲངས་མང་པོ་བྱུང་བ་རེད། དེའི་ཚུལ་ནི་ལྐོག་གྱུར་གྱི་གནས་ཤེས་ཕྱིར་དུ་མོ་རྩིས་དང་། ནད་པར་ལྟོས་ནས་སྨན་འབུམ་དང་། གདོན་གྱི་གནོད་པ་ཅན་ལ་སྨན་སླད་དུ་གཏོ་ཆོག སྣང་སྲིད་ཞི་བདེའི་ཆེད་དུ་ཕྱི་རིག་པ་དང་མདོས་ཆོག   སངས་རྒྱས་ཀྱི་གོ་འཕང་བསྒྲོད་ཆེད་དུ་འབྲས་ཐེགདེ་ལའང་བློ་རབ་འབྲིང་ཐ་མ་གསུམ་ལ་ལྟོས་ནས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་གསུམ་ལྟ་བུ་གསུངས་པ་མ་གཏོགས་སངས་རྒྱས་རང་འདོད་ཀྱིས་གསུངས་པ་གཅིག་ཀྱང་མེད།

ནང་དོན་གྱི་ཆ་ནས་ལས་འབྲས་དང་སྟོང་ཉིད།ཕར་ཕྱིན་བཅུ།བྱམས་སྙིང་རྗེ། ཐར་འཁོར་གྱི་རྣམ་བཞག་བཅས་ནང་རིག་པའི་སྐོར་དང་། ཁམས་ཆེན་པོ་བརྒྱད་དང་། སྨེ་བ་དགུ། འབྱུང་ལྔའི་འཕྲོད་སྦྱོར་སོགས་ཕྱི་རིག་དང་། ནད་དང་སྨན་གྱི་ལག་ལེན་བཅས་གསོ་རིག་དང་། སྒྲ་ཡི་གནས་བརྒྱད་དང་ཞང་སྐད་སོགས་སྒྲ་རིག་པ་དང་། དཀྱིལ་འཁོར་མཆོད་རྟེན་དང་སྡོད་ཁང་གི་བཀོད་པ་སོགས་བཟོ་རིག་པ་བཅས་རིག་གནས་ལྔ་ཡི་ནང་དོན་ཕུན་སུམ་ཚོགས་ཤིང་། གནའ་བོའི་ཞང་བོད་ཀྱི་གོམས་གཤིས། འདུ་ཤེས། དད་མོས། སྐད་ཡིགརིག་གནས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་དགོས་ན་ཁོར་ཡུག་རྒྱ་ཆེ་ཤོས་དང་། ཕུན་སུམ་ཚོགས་ཤོས་ནི་བོན་གྱི་དཔེ་ཆ་རྣམས་ཡིན་པར་འཛམ་གླིང་གི་བོད་རིག་པའི་མཁས་དབང་རྣམ་པས་ངོས་འཛིན་གནང་བ་ལྟར་དོན་ལ་གནས་ཡོད།

སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་གཡུང་དྲུང་བོན་གྱི་བསྟན་པ་ཞང་ཞུང་སྒོ་ཕུག་བར་གསུམ་ནས་བོད་དང་འཛམ་གླིང་དུ་ཁྱབ་ཅིང་།  བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་༼༢༽དུས་ནས་འབྲས་བུའི་བོན་རྣམས་གངས་རིའི་ལྗོངས་སུ་དར་ཏེ། རྒྱལ་པོ་གཉའ་ཁྲི་བཙན་པོས་ནམ་མཁའ་སྣང་བ་མདོག་ཅན་སྐུ་གཤེན་དུ་བསྟེན་ནས་གསང་སྔགས་ཀྱི་སྤྱི་སྤུངས་ཀྱི་བོན་ལ་ཉམས་ལེན་གནང་བ་དང་།  ལྷག་པར་དུ་མུ་ཁྲི་བཙན་པོས་༼༣༽ཞང་ཞུང་ཡུལ་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་པ་དང་།  མདོ་སྔགས་རིག་གནས་ཀྱི་བོན་སྡེ་མང་པོ་ཞང་སྐད་ལས་བོད་སྐད་དུ་བསྒྱུར། འདུ་གནས་སོ་བདུན་སོགས་སྒྲུབ་སྡེ་མང་པོ་བཙུགས་པ་དང་། རྒྱལ་པོ་རང་ཉིད་ཀྱིས་མདོ་སྔགས་སེམས་གསུམ་གྱི་བོན་ལ་ཉམས་ལེན་གནང་ནས་བསྟན་པའི་བདག་པོ་མཛད་པས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་སྡེའི་རྒྱུད་རིམ་བླ་མའི་ཁྲོད་དུ་བཞུགས་ཡོད། དེ་ནས་བཟུང་བོད་ཀྱི་རྒྱལ་རབས་སོ་གཉིས་ཙམ་གྱི་རིང་ལ་རྒྱལ་པོ་རེ་རེས་ཐར་ལམ་འདྲེན་པའི་སྐུ་གཤེན་རེ་བསྟེན་པ་དང་། བྱས་བཞག་ཐབས་ཀྱི་གསས་ཁང་རེ་བཞེངས་པ་སོགས་ཀྱི་བོན་སྲིད་ལུགས་གཉིས་ཀྱི་དཔལ་ཡོན་བསྐྱངས་ཏེ། བླ་མེད་རྫོགས་པ་ཆེན་པོ་ཉམས་སུ་བཞེས་ནས་གྲུབ་རྟགས་ཚེ་གཅིག་ལ་ཐོན་པ་འཇའ་ལུས་འཕོ་ཆེན་ཉེར་བཞི་དང་། གསང་སྔགས་ཀྱི་བོན་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་མཐུ་ཆེན་མི་དགུ་སོགས་བྱོན་ནས་ཕས་ཀྱི་རྒོལ་བ་སྒྲས་ཚར་བཅད། ནད་ཀྱིས་གདུང་བ་སྨན་གྱིས་གསོས། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོས། རྒས་རྒུད་འཆི་འཕོས་རྩིས་དང་འདུར་གྱིས་བཏུལ་ནས་རྒྱལ་ཁམས་ཀྱང་བོན་གྱིས་བསྐྱངས་སོ། །

དུས་རབས་བརྒྱད་པར་བོད་རྒྱལ་ཁྲི་སྲོང་གིས་གངས་རིའི་ཞིང་དུ་རྒྱལ་ཁབ་གཞན་གྱི་ཆོས་ལུགས་དང་། རིག་གནས་ནང་འདྲེན་བྱས་ཏེ།  ཆོས་ལུགས་དང་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་ཆགས་ཡོད་ཀྱང་། དེ་ནས་བཟུང་བོད་ལ་སྔར་མེད་པའི་ཆོས་ལུགས་ཀྱི་འཐབ་རྩོད་གསར་དུ་དར་བ་དང་། གཡུང་དྲུང་བོན་དང་དེར་སྤྱོད་པའི་གཤེན་པོ་རྣམས་ལ་དམ་དྲག་མཛད།ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་གཡོ་ཐབས་ཀྱིས་བཀྲོངས་ནས་བོད་ཀྱི་རིག་གཞུང་གི་འགོ་ཁུངས་རྒྱ་དཀར་ནག་ལ་བཅོལ་ཏེ་བོད་དུ་རིག་གནས་གསར་བརྗེ་ཐེངས་དང་པོ་བྱས་པ་ནི་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་ཏུ་གྱུར་ཡོད།

ཡིན་ནའང་ཞང་བོད་སྤྱི་ཚོགས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཞིང་།བོད་མིའི་ཤ་གསེང་རུས་གསེང་དུ་ཐིམ་པའི་བོན་འདི་ཉིད་གཏན་མེད་དུ་བསྣུབས་ཐུབ་མེད་པ་མ་ཟད། རང་གི་རིག་གཞུང་ལ་དགའ་བའི་བློན་པོ་དང་། མི་དྲག་སོགས་ཀྱིས་མཐུན་རྐྱེན་ལ་བརྟེན་ནས་བོན་གཤེན་རྣམས་ཀྱིས་བསྟན་པ་སྲུང་སྐྱོབ་ཀྱི་ཆེད་སྐུ་གསུང་ཐུགས་རྟེན་མང་པོ་བྲག་གསེང་དང་། ཕུག་པ་སོགས་སུ་སྦས་པ་རྣམས་ལ་གཏེར་མ་ཟེར་ཞིང་། ཞང་ཞུང་སྙན་རྒྱུད་དང་། འདུལ་བ་རྒྱུད་དྲུགམེ་རིའི་བོན་སྐོར་སོགས་ཀྱི་བོན་སྡེ་རྣམས་དེའི་དུས་སུ་ཡང་བོད་མིའི་སྤྱི་ཚོགས་ཁྲོད་དར་ནས་གཏེར་དུ་མ་གཤེགས་པ་ལ་བཀའ་མ་ཞེས་འབོད་པ་ཡིན།

དུས་རབས་བཅུ་པའི་འགོ་སྟོད་དེ་ལྷ་སྲས་དར་མའི་སྲིད་དབང་གི་སྐུ་རིང་ནས་བཟུང་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཆེན་པོ་བྱུང་བ་དང་། བོན་བསྟན་ཕྱི་དར་གྱི་དབུ་ཟུགས་ནས་གཤེན་གྱེར་རྨ་དབྱིལ་ལ་སོགས་པའི་གཏེར་སྟོན་རྣམས་ཀྱིས་སྔར་གཏེར་དུ་སྦས་པ་རྣམས་བཏོན་ཏེ། མདོ་སྔགས་སེམས་སྡེའི་བོན་ལ་འཆད་ཉན་སྒོམ་སྒྲུབ་ཀྱི་ལྟེ་གནས་གཤེན་དང་བྲུ་ཞུ་སྤ་རྨེའུའི་གདན་ས་ཁག་གསར་བཞེངས་མཛད་པ་དང་དུས་མཚུངས་སུ། དྲང་སྲོང་མུ་ཟི་གསལ་བཟང་ནས་བརྒྱུད་པའི་འདུལ་བསྟན་ཕྱི་དར་གྱི་དབུ་ཟུགས་ཏེ་སློབ་རྒྱུད་སྤང་ལ་མེ་མཆེད་པ་བཞིན་གྱུར། མདོར་ན་གཡུང་དྲུང་བོན་རིན་པོ་ཆེ་འདི་སྟོན་པ་སངས་རྒྱས་ནས་བཟུང་ད་ལྟའི་བདག་ཅག་གི་འདྲེན་པ་ཆེན་པོ་སྨན་རིའི་མཁན་སློབ་ཟུང་གི་བར་དུ་རྒྱུད་རིམ་གྱི་ཉག་ཐག་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ་བར་བཞུགས་པ་ནི་ལོ་རྒྱུས་སྤྱི་བཤད་ཙམ་མོ།།

བྱེ་བྲག་ཏུ་སྒོ་བཞི་མཛོད་ལྔའི་བོན་ལ་བཀའ་དང་བཀའ་བརྟེན་གཉིས་སུ་ཡོད་ཅིང་།  སངས་རྒྱས་ཀྱིས་གསུངས་པའི་བོན་སྡེ་རྣམས་ལ་བཀའ་དང་། དེ་ལ་བརྟེན་ནས་རྗེས་འཇུག་གི་གང་ཟག་ཚད་ལྡན་གྱིས་བཀའ་ཡི་དགོངས་འགྲེལ་དུ་བརྩམས་པ་ལ་བཀའ་བརྟེན་ཟེར། སངས་རྒྱས་ཀྱི་གསུངས་པའི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཚོགས་ལ་བཀའ་འགྱུར་ཞེས་འབོད་ཅིང་། བཀའ་འགྱུར་ཞེས་པའི་ཐ་སྙད་འདི་ཡང་དུས་རབས་བཅུ་གཉིས་པའི་འགོ་སྟོད་ཙམ་ནས་བྱུང་བའི་བོན་དཔེའི་ནང་གསལ་ཡོད།

གཡུང་དྲུང་བོན་གྱི་བཀའ་འགྱུར་ཕྱོགས་སྒྲིག་བྱས་པའི་དུས་ཚོད་ནི་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་སྡུད་འཁོར་རྣམས་ཀྱིས་མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་ནས་བཀའ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཡོད་ཀྱང་། དེའི་རྗེས་ལ་མདོ་སྔགས་སེམས་སྡེའི་རྒྱུད་རིམ་བླ་མ་སོ་སོས་དམིགས་བསལ་གྱི་རྒྱུད་པ་རེ་བསྐྱངས་ནས་བསྟན་པ་ཡུལ་གྲུ་སོ་སོར་ཁ་འཐོར་གྱི་ཚུལ་དུ་དར་བ་ཡིན་སྟབས། བསྟན་པ་སྔ་དར་གྱི་དུས་སུ་མདོ་སྔགས་སེམས་སྡེའི་བཀའ་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་སྡུད་སྒྲིག་གནང་ནས་དཀར་ཆག་བརྩམས་པའི་ལོ་རྒྱུས་མེད།

སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་མོ་རོང་དུ་གཡུང་དྲུང་བོན་གྱི་བསྟན་སྦྱིན་ཆེན་མོ་མི་དབང་ཁྲོ་ཆེན་རྒྱལ་པོ་དང་། རབ་བརྟན་རྒྱལ་པོ་ཟུང་གིས་བོན་གྱི་བཀའ་འགྱུར་པར་དུ་བརྐོས་པ་དང་། མཁས་དབང་ཀུན་གྲོལ་འཇའ་ཚོན་སྙིང་པོས་༼༤༽ཞུས་དག་མཛད་ཅིང་<<ཟབ་ཅིང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར།>>ཞེས་པ་བརྩམས་གནང་བ་ནི་ད་ལྟ་བཞུགས་པའི་བོན་གྱི་བཀའ་འགྱུར་དཀར་ཆག་གྲལ་ནས་སྔ་ཤོས་ཡིན་པ་མ་ཟད། བཀའ་འགྱུར་དེ་ནི་བོན་པོའི་བཀའ་འགྱུར་པར་དུ་བརྐོས་པ་དང་པོ་དེ་ཆགས་ཡོད།

ཞིབ་འཇུག་པ་ཁ་ཤས་ཀྱིས་བོན་གྱི་བཀའ་འགྱུར་ཕྱོགས་སྒྲིག་བྱས་པ་སྔ་ཤོས་རྒྱལ་རོང་གི་པར་མ་འདི་ཉིད་ཡིན་པར་བཤད་ཀྱང་། ཁམས་ཕྱོགས་ཧོར་ཁྱུང་ཁུལ་གྱི་དགོན་སྡེ་མང་པོའི་ནང་དུ་བཀའ་འགྱུར་ལག་བྲིས་ཅན་བཞུགས་ཡོད་པ་དང་། དེ་རྣམས་རྒྱལ་རོང་གི་ཤིང་དཔར་བྱུང་བའི་མཇུག་ཏུ་བཞེངས་པའི་ལོ་རྒྱུས་མེད་ལ། ཤིང་པར་ལས་དཔེ་བཤུས་པའི་ལོ་རྒྱུས་ཀྱང་མེད་སྟབས་དུས་རབས་བཅོ་བརྒྱད་པའི་སྔོན་དུ་བོན་པོས་བཀའ་འགྱུར་ཕྱོགས་སྒྲིག་བྱས་མེད་ཅེས་བཤད་མི་ཐུབ་བོ། །

མདོར་ན་མདོ་སྟོད་སྨད་ཀྱི་ཡུལ་གྲུ་མང་པོ་ནས་དགོན་སྡེ་དུ་མའི་ནང་བཀའ་འགྱུར་ཕྱོགས་སྒྲིག་དང་། འབྲི་བཞེངས་བྱས་ཡོད་ཀྱང་། ཡུལ་དུས་གནས་སྟངས་དུ་མའི་དབང་གིས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀུན་ཏུ་གནས་པའི་བོན་པོའི་གསུང་རབ་ཚང་མ་ཕྱོགས་གཅིག་ཏུ་བསྡུ་ཐུབ་མེད་པས་བཀའ་འགྱུར་ལའང་པོད་གྲངས་མང་ཉུང་གཅིག་མཚུངས་གྱུར་མེད།  དེ་ཡང་དགོན་སྡེ་རང་རང་གིས་འགྲོ་སོང་བཏང་ནས་བཞེངས་པ་དང་། ཡུལ་གྲུ་ཆུང་ཆུང་རེ་གཉིས་ཙམ་གྱི་ནང་དུ་བཞུགས་པའི་བོན་གྱི་བཀའ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་མ་གཏོགས།  སྒྲིག་འཛུག་དང་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སྒོ་ནས་བཀའ་འགྱུར་དག་བཞེངས་དང་ཕྱོགས་སྒྲིག་བྱེད་མཁན་བྱུང་མེད་པ་རེད། དེའི་དབང་གིས་རྒྱལ་རོང་གི་བཀའ་འགྱུར་པར་མ་༼༥༽དང་། རྫ་དམར་ཤ་རི་དགོན་དུ་བཞུགས་པའི་བཀའ་འགྱུར༼༦༽། ག་རྒྱ་ཚང་གི་བཀའ་འགྱུར༼༧༽། ཀུན་མཁྱེན་ཉི་མའི་དཀར་ཆག་ནང་གསལ་བའི་བཀའ་འགྱུར་བཅས་ལ་པོད་གྲངས་མང་ཉུང་མི་མཚུངས་པ་ཆགས་ཡོད་པ་དང་། གོང་གསལ་ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད་པའི་དཀར་ཆག་དང་། བདུད་འདུལ་ཚུལ་ཁྲིམས་དབང་དྲག་༼༨༽གིས་མཛད་པའི་<<རྒྱལ་བའི་བཀའ་དང་བཀའ་བརྟེན་རྨད་བྱུང་དགོས་འདོད་ཡིད་བཞིན་གཏེར་མཛོད་ལ་དཀར་ཆག་བློ་ཡི་ཐ་རམ་བཀྲོལ་བྱེད་འཕྲུལ་གྱི་ལྡེའུ་མིག>>གཉིས་ནང་གསལ་བའི་དཔེ་ཆ་མང་པོ་ཞིག་དེང་གི་བཀའ་འགྱུར་གྲལ་དུ་བཞུགས་མེད་པ་དང་། ཀུན་མཁྱེན་གྱིས་མཛད་པའི་<<བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེད་ཉི་འོད་>> ཅེས་པའི་ནང་གསལ་མེད་པ་བཅས་ལ་བརྟགས་ན།  བཀའ་འགྱུར་དང་། དཀར་ཆག་སྒྲིག་པ་པོ་རང་ཉིད་ཀྱིས་མཇལ་མྱོང་བའི་དཔེ་ཆ་དེ་ཙམ་ཐོ་རུ་བཀོད་པ་ཡིན་པར་རྟོགས་ནུས། 

དུས་རབས་ཉི་ཤུ་པའི་སྨད་དུ་བླ་ཆེན་དྲན་པ་ནམ་མཁའི་མཇལ་སྣང་ལུང་བསྟན་དང་། གྲུབ་དབང་སྨོན་ལམ་བསྟན་པའི་རྒྱལ་མཚན་སོགས་ཀྱི་བཀས་བསྐུལ་གྱི་རྐྱེན་ལ་བརྟེན་ནས། གཏེར་ཆེན་གསང་སྔགས་གླིང་༼༩༽པས་བཀའ་འགྱུར་གྱི་ལུང་རྒྱུན་ཕྱོགས་གཅིག་ཏུ་བསྡུས་ཏེ། ཁོང་གི་སྐུ་ཚེའི་རིང་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་ཚར་གྲངས་ལྔ་ཙམ་གསུངས་པ་དང་། གཏེར་ཆེན་མཆོག་གི་བཀའ་བཞིན་སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་༼༡༠༽གྱིས་<<སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ་>>ཞེས་པ་བརྩམས་པའི་ནང་སྐུ་གསུམ་སངས་རྒྱས་ནས་བཟུང་གཏེར་ཆེན་མཆོག་གི་བར་གླེགས་བམ་རེ་རེའི་རྒྱུད་རིམ་དང་ལོ་རྒྱུས་གསལ་བར་བཀོད་པ་འདི་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་འདིའི་དཀར་ཆག་བྱས་ཀྱང་ཆོག་པ་ཡིན། འོན་ཀྱང་འདིའི་ནང་གི་གླེགས་བམ་སོ་སོའི་རྒྱུད་རིམ་གྱི་ཐད་ནས་གླེང་དགོས་པ་མང་ཡང་འདིར་མང་བར་དྭོགས་ནས་མ་བྲིས།

རིག་གནས་གསར་བརྗེ་མ་བྱུང་བའི་སྔོན་དུ་མདོ་དབུས་ཁམས་གསུམ་གྱི་ཁྲོད་དགོན་སྡེ་དང་། སྒེར་གཞིས་བཅས་ཀྱི་ནང་གཤེན་གྱི་བཀའ་འགྱུར་རིན་པོ་ཆེ་ཚར་གྲངས་དུ་མ་བཞུགས་ཡོད་ཀྱང་། གཡུང་དྲུང་བོན་གྱི་བསྟན་སྦྱིན་ཆེན་མོ་ག་རྒྱ་ཚང་གིས་བཞེངས་ནས་ཉག་གཏེར་གསང་སྔགས་གླིང་པར་ཕུལ་བའི་བཀའ་འགྱུར་འདི་མ་གཏོགས་གཞན་རྣམས་རིག་གསར་གྱི་མེ་ལྕེའི་འོག་ཏུ་ཤོར་ཞིང་། བཀའ་འགྱུར་འདི་ཉིད་ཀྱང་ཉག་རོང་གི་དཔའ་བོ་དུ་མའི་གཅེས་པའི་ཚེ་སྲོག་བཏང་ནས་སྲུང་སྐྱོབ་མཛད་པའི་དྲིན་ལས་ད་ལྟ་བཞུགས་ཐུབ་པ་བྱུང་བས་ཁོང་རྣམ་པའི་བཀའ་དྲིན་དང་། མཛད་རྗེས་ནམ་ཡང་བརྗེད་མི་སྲིད་དོ། །

རིག་གསར་རྗེས་སྤྱི་ལོ་༡༩༨༥ལོར་ཨ་གཡུང་རིན་པོ་ཆེས་གཙོ་འགན་བཞེས་ནས་མདོ་འབུམ་གཉིས་གོང་གསལ་དབལ་ཁྱུང་དགོན་ཅན་དང་། སྔགས་སེམས་གཉིས་གཞན་ནས་བསྡུས་ཏེ་པོད་གྲངས་༡༥༧ཅན་པར་དུ་བསྐྲུན་པ་དང་། དེའི་རྗེས་སུ་རྟོགས་ལྡན་དགོན་གྱི་བོན་བློན་ནམ་མཁའ་བསྟན་འཛིན་མཆོག་གིས་སྔར་གྱི་སྟེང་གསར་དུ་རྙེད་པའི་གླེགས་བམ་ཁ་ཤས་བསྣན་ནས་གླེགས་བམ་༡༩༢ཅན་དཔར་དུ་བསྐྲུན། དེ་ནས་སྤྱི་ལོ་༡༩༩༢ལོར་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་མཆོག་གིས་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་གླེགས་བམ་༡༧༨ཙམ་ཡོད་པ་དེ་ཉིད་པར་སྐྲུན་ཞུས་པ་དེ་ཉིད་སྔ་མ་གཉིས་ལས་སྤུས་ཚད་ལེགས་ཤིང་། ཚར་གྲངས་མང་བས་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་ཐུབ་པ་བྱུང་ཡོད།

དེའི་རྗེས་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་མཆོག་སྤྲུལ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱི་རླབས་ཆེན་ཐུགས་བསྐྱེད་འོག <<གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་>>ཞེས་པ་བཙུགས་ཏེ། གཡུང་དྲུང་བོན་གྱི་བཀའ་བརྟེན་ཕྱོགས་སྒྲིག་གླེགས་བམ་༡༡༠ཐམ་པའི་བདག་ཉིད་ཅན་དང་། ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་གླེགས་བམ་༡༧ཅན་བཅས་དག་སྒྲིག་དང་པར་སྐྲུན་ཞུས་པ་དང་། སྤྱི་ལོ་༢༠༡༡ལོར་གཡུང་དྲུང་བོན་གྱི་བཀའ་འགྱུར་ཕྱོགས་སྒྲིག་གི་ལས་གཞི་བརྩམས་ཏེ། རྒྱལ་ཕྱི་ནང་གང་ས་ནས་མ་དཔེ་འཚོལ་བསྡུ་བྱས་པ་དང་། དགེ་བཤེས་དང་སྒྲུབ་ཐོན་པ་སོགས་དགེ་བཙུན་བཅུ་ཕྲག་ལྔ་ལྷག་ལས་དོན་ལ་དངོས་སུ་ཞུགས་ཏེ་རྩིས་འཕྲུལ་དུ་བཏགས་པ་དང་། མ་དཔེ་མི་འདྲ་བ་རྣམས་གོ་བསྡུར་གནང་ནས་དག་ཞུས་མཛད་པའི་<<སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་>>ཅེས་པ་གླེགས་བམ་༢༠༠ཐམ་པའི་བདག་ཉིད་ཅན་ཞིག་སྤྱི་ལོ་༢༠༡༤ལོར་པར་ཐེངས་དང་པོ་བསྐྲུན་པ་དང་། སླར་ཡང་དཔེ་རྙིང་གསར་རྙེད་བྱུང་བའི་རིགས་ལ་གོ་བསྡུར་དང་། གླེགས་བམ་རེར་བསྐྱར་ཞུས་ཐེངས་དྲུག་ལས་མ་ཉུང་བར་མཛད་ནས་སྤྱི་ལོ་༢༠༡༥ལོར་པར་ཐེངས་གཉིས་པ་བསྐྲུན་པ་མ་ཟད། དུས་རབས་ཀྱི་གོམ་འགྲོས་ནི་ཉིན་རེ་བཞིན་ཡར་རྒྱས་དང་། སྟབས་བདེའི་ཕྱོགས་སུ་སྐྱོད་བཞིན་པ་དང་བསྟུན་ཏེ་གོང་གི་གླེགས་བམ་༢༠༠ཐམ་པ་དེ་ཉིད་དེབ་གཟུགས་སུ་བསྒྱུར་བ་དང་། མཚན་ལ་འང་<<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་>>ཞེས་བཏགས་ནས་དེབ་གྲངས་༡༥༠ཐམ་པའི་བདག་ཉིད་དུ་བྱས་ཏེ་པར་དུ་བསྐྲུན་པ་འདིས་བོན་གྱི་གསུང་རབ་རིན་པོ་ཆེའི་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཡོད།  དཔེ་གཟུགས་སྔ་ཕྱི་གཉིས་ཀའི་ཡིག་གཟུགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མི་རབས་ནས་མི་རབས་བར་བྲིས་རྒྱུན་མ་ཆད་པར་མདོ་ཁམས་ཁྱུང་པོའི་ཡུལ་དུ་དར་བའི་གནའ་བོའི་ཡིག་གཟུགས་ཁྲ་ཁམས་དང་། མ་ནིའི་ཁམས། ག་གཟིའི་ཁམས། སྒོ་ཧྲང་ཁམས། སྟ་རེའི་ཁམས། དཀར་རུའི་བྲིས་རྙིང་། ནེ་མན་ཁམས། མགར་བའི་ཁམས། ཞང་ཞུང་ཁམས། སྒང་སར་བཅས་དུ་མ་ཡོད་པའི་ཁྲོད་ནས་མིག་ལ་མཛེས་ཤིང་ཡིག་གཟུགས་ལེགས་གྲས་སུ་བརྩི་བའི་ཁྲ་ཡིག་ཞང་ཞུང་ཁམས་འདི་ཉིད་བདམས་ཤིང་། གནའ་བོའི་ཡིག་གཟུགས་རྙིང་པ་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོའི་ཆེད་གཏོང་ཕོད་ཀྱི་ཕྱག་ལག་ཡངས་པོར་ཕྱེས་ཏེ་རྩིས་འཕྲུལ་ནང་ཡིག་གཟུགས་གསར་དུ་བཟོས་ནས། སྒོ་བཞི་མཛོད་ལྔའི་དཔེ་རྙིང་འདི་ཉིད་མཛེས་མཉེན་བརྗིད་གསུམ་གྱི་ཡོན་ཏན་ཚང་བའི་ཞང་ཞུང་ཁམས་ཀྱི་ཡིག་གཟུགས་སུ་བཞེངས་བསྐྲུན་གནང་བ་འདི་གཅིག་པུས་ཀྱང་སྒོ་མཛོད་རིན་པོ་ཆེའི་དབུ་འཕང་དགུང་ལ་བཏེགས་འདུག་སྙམ། དུས་རབས་འདིར་རིས་སུ་མ་ཆད་པའི་བོད་ཀྱི་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་ཐད་ལ་སྐད་ཆ་སྙན་པོ་ཤོད་པ་དང་། སློབ་གསོ་གཏོང་བ།རྩོམ་ཡིག་སྤེལ་མཁན་སོགས་མང་པོ་ཡོད་ཀྱང་། གོམ་པ་དངོས་སུ་སྤོ་ཚེ་གཡས་གཡོན་གང་དུ་མ་ལྷུང་བར་སྐྱོད་མཁན་དཀོན་པའི་དབང་གིས།གནའ་བོའི་ཡིག་གཟུགས་རྙིང་པ་འདི་འདྲའི་གཙོས་པའི་བོན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཐུན་རྐྱེན་སྒྲུབ་མཁན་ཉུང་ཞིང་། མཐར་གཏུགས་ན་ཆུ་རྣམས་ཐམས་ཅད་ཐུར་དུ་བབས་པ་ལྟར།ཞལ་ནས་རིས་མེད་དང་། སྤྱི་དོན་སྨྲ་བའི་བླ་ཆེན་དང་མི་ཆེན་རྣམ་པ་ཡང་གྲུབ་མཐའི་ལ་ཞེན་གྱིས་བཟི་ནས་བོན་གྱི་རིག་གནས་དང་། མཛེས་རིས། རྩོམ་རིག་སོགས་ཀྱི་ཡིན་ཚུལ་ཇི་བཞིན་གླེང་མི་ཐུབ་ཅིང་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་རིག་གནས་ཀྱི་ཚེ་སྲོག་ཀྱང་ཆད་ལ་ཁད་དུ་ལུས་པ་འདི་ནི་དོན་དངོས་ཐོག་བོད་རྩམ་གཟན་པ་སྤྱི་ཡི་གྱོང་གུད་ཅིག་རེད་བསམ།

འཛམ་གླིང་ཤར་ནུབ་ཀྱི་བོད་ཡིག་ཀློག་པ་པོ་མང་པོ་ཞིག་ཡིག་ནག་ཀློག་འདོན་ལ་རྨོངས་ནས་ཞིབ་འཇུག་སོགས་ལ་དཀའ་ངལ་མང་པོ་ཞིག་འཕྲད་དང་འཕྲད་མུས་ལ་སོང་། ད་ལན་རྒྱལ་སྤྱིའི་བོད་ཡིག་ཀློག་པ་པོ་ཡོངས་ལ་མཐུན་རྐྱེན་སྟབས་བདེའི་རྩ་དོན་སྙིང་ལ་བཅངས་ཏེ། ཡིག་དཀར་གྱི་ལམ་ནས་དེབ་གཟུགས་སུ་པར་སྐྲུན་ཞུས་པ་དང་། དེབ་ཚད་སྲབ་མཐུག་ཆ་སྙོམས་པར་གྱུར་ན་གཅིག་ནས་དེབ་ཀྱི་མཛེས་རྩལ་ལེགས་པ་དང་། གཉིས་ནས་བེད་སྤྱོད་དང་ཉར་ཚགས་སླ་བར་གཟིགས་ནས་གོང་གི་གླེགས་བམ་༢༠༠ཐམ་པ་དེ་ཉིད་དེབ་གྲངས་༡༥༠ཡོད་པ་བྱས་ཤིང་། དེ་ཡང་གླེགས་བམ་གྱི་གྲངས་ཀ་གཅིག་པུར་མང་ཉུང་ཡོད་པ་མ་གཏོགས་དོན་ལ་མང་ཉུང་མེད་ཅིང་གཅིག་པ་ཡིན་པར་མཁྱེན་དགོས་སོ། །

ཞུས་དག་དང་མ་དཔེའི་ཐད་གོང་གསལ་གྱི་བཀའ་འགྱུར་ཁག་གསུམ་དང་།  དེ་མིན་གཞན་ནས་བཀའ་གཡར་ཞུས་པའི་མ་དཔེ་མི་འདྲ་བ་མང་པོར་གོ་བསྡུར་གནང་སྟེ། དཔེ་ཆ་རེ་རེར་མང་མཐར་ཚར་གྲངས་ཉི་ཤུ་ལྷག་བསྐྱར་ཞུས་ཡང་ཞུས་བྱས་པ་དང་། ཉུང་མཐར་ཚར་གྲངས་བཅོ་ལྔ་ཙམ་ཞུས་དག་མ་བྱས་པ་མི་འདུག ཆད་ལྷག་དང་ནོར་བ་མངོན་གསལ་དུ་ཡོད་པ་རྣམས་ལ་ནོར་བཅོས་བྱས་པ་མ་གཏོགས་བཀའ་འགྱུར་ཧྲིལ་པོའི་ནང་ཁྱབ་པའི་ཞང་སྐད་དང་། བརྡ་རྙིང་། གོ་དཀའ་བའི་བརྡ་སྦྱོར་རྙིང་པ། བཀས་བཅད་ཀྱི་རྩ་ཁྲིམས་འོག་ཏུ་མ་སོང་བའི་ཚིག་ཕྲད་དང་། སྔོན་རྗེས་ཀྱི་ཚུལ་སོགས་ནི་གསུང་རབ་རྙིང་པའི་དགེ་མཚན་དུ་བསམ་ནས་རང་སར་བཞག་པར་གསུངས་པ་ནི་དཔེ་རྙིང་ཞུས་དག་པ་རྣམས་ཀྱིས་ཤེས་དགོས་པའི་གནད་དོན་ཞིག་རེད་བསམ། མ་འོངས་པར་རྒྱལ་གསུང་ལ་དག་སྒྲིག་བྱེད་མཁན་བྱུང་ན་ཡང་གཏེར་རྟགས་དང་། གཡུང་དྲུང་ལས་དག་ལྟ་བུའི་དབུར་བཞུགས་པའི་གཏེར་ཡིག་དངོས་མ་དང་། སེམས་སྨད་སྡེ་དགུའི་ནང་བཞུགས་པའི་བརྡ་རྙིང་དང་། བྱང་གཏེར་རྒྱུད་དྲུག་ནང་བཞུགས་པའི་བརྡ་ཡིག་ལྟ་བུ་བོན་གྱི་གསུང་རབ་ནང་གསལ་བའི་ཐུན་མོང་མ་ཡིན་པའི་བརྡ་ཆད་དང་། ཚིག་འགྲོས་སོགས་ཇི་མ་ཇི་བཞིན་རང་སར་འཇོག་དགོས་པ་མ་གཏོགས་ལག་པ་འགུལ་རྒྱུ་མང་དྲགས་ན་བསྟན་པ་ལྷད་པའི་རྒྱུར་འགྲོ་ཉེན་ཆེ་བ་མ་ཟད། དཔེ་ཆ་རྙིང་པའི་རང་མདོག་ཉམས་པར་འགྱུར་རོ། །

དཔེ་རྙིང་ཞུས་དག་པ་ཚད་ལྡན་ནི་དུས་རབས་སྔ་ཕྱིའི་བརྡ་འགྲོས་ཀྱི་ཁྱད་པར་ལ་མ་རྨོངས་ཤིང་།བརྡ་སྤྲོད་ཀྱི་ཡོན་ཚད་ཡོད་པའི་ཐོག་ནང་དོན་རིག་པར་ཉམས་མྱོང་དང་གོ་རྟོགས་གང་འཚམས་ལྡན་དགོས་པ་མ་གཏོགས།དག་ཡིག་ཤེས་ཀྱང་ནང་དོན་རིག་པ་མི་ཤེས་པ་དང་།ནང་རིག་ལ་གོ་རྟོགས་ཕྲན་བུ་ཡོད་ཀྱང་བརྡ་སྤྲོད་ཀྱི་གནས་ལ་རྨོངས་ན་ཞུས་དག་པའི་མཚན་ཉིད་ཚང་མེད་པ་ནི་ཞོར་དུ་གླེང་བ་ཙམ་མོ།།

མ་དཔེར་གོ་བསྡུར་གནང་ཕྱོགས་ཐད་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལྟ་བུ་ལ་གཙོ་བོ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སྐུ་ངོ་མས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་དུ་བཞུགས་པའི་དཔེ་རྙིང་ཁུངས་དག་དང་བསྡུར་ནས་ཞུས་དག་གནང་སྟེ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་རྩིས་འཕྲུལ་དུ་བཏགས་ནས། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ལ་པར་རྩ་གནང་བ་དེ་དང་། ཁྲོ་ཁྱུང་ཤིང་པར་ཅན་གཉིས་གོ་བསྡུར་མཛད་དུས་ཆུ་ལ་ཆུ་བཞག་ཏུ་སོང་བས། མ་དཔེ་མི་འདྲ་བ་དུ་མ་ཡོད་པའི་ནང་ནས་གཙོ་བོ་འདི་གཉིས་མཛད་པ་གསུངས་པ་དང་། 

དྲི་མེད་གཟི་བརྗིད་ལྟ་བུར་ཁྲོ་ཁྱུང་པར་མ་དང་།  ཁྱུང་པོ་རྩེ་དྲུག་དགོན་དུ་བཞུགས་པའི་ལག་བྲིས་ཡིག་ནག་ཅན། རྒྱ་གར་པར་མ་ཡིག་དཀར། ལྷོ་རྒྱ་སྒོ་དགོན་དུ་བཞུགས་པའི་ལག་བྲིས་ཡིག་ནག  སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ཕྱག་དཔེ་བློ་ལྡན་༼༡༡༽ཕྱག་བྲིས་ཡིག་ནག་(ཆ་ཚང་མེད་)འཕྲུལ་པར།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་གཟུགས་བཅས་འདྲ་བསྡུར་བྱས་ནས་མངོན་གསལ་གྱི་ཆད་ལྷག་རྣམས་ཁ་བསྐངས་ནས་བརྡ་འགྲོས་རྣམས་ཁྲོ་ཁྱུང་པར་མ་ལྟར་བཞག་པ་དང་།

མདོ་གཟེར་མིག་ལྟ་བུར་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་ཞུས་བསྒྲིགས་གནང་ནས་པར་རྩ་མཁོ་འདོན་གནང་བ་དེ་གཞི་རྩ་བྱས་ཤིང་།   ཁྱུང་པོ་ལྷོ་རྒྱལ་སྒོ་དགོན་གྱི་ལག་བྲིས་ཡིག་དཀར་དཔེ་རྙིང་ཞིག་དང་།  ཁྱུང་པོ་སེར་ཚ་རི་བ་ཉིན། ལྕགས་རྩེ་ཚང་གི་ལག་བྲིས་ཡིག་ནག་དཔེ་རྙིང་།  ཁྱུང་པོ་སྟེང་ཆེན་ཀོ་རྒྱལ་དགོན་གྱི་ལག་བྲིས་ཡིག་དཀར་དཔེ་རྙིང་།  ཁྱུང་པོ་སེར་ཚ་སྒར་ཁང་བླ་བྲང་གི་ལག་བྲིས་ཡིག་དཀར་གསེར་དངུལ་བཀྲ་མའི་དཔེ་རྙིང་།  འབྲི་རུ་ཀླུ་མཁར་དགོན་གྱི་ལག་བྲིས་ཡིག་དཀར་གསེར་དངུལ་བཀྲ་མའི་དཔེ་རྙིང་དང་།   ཁྱུང་པོ་སྟེང་པོ་ཆེ་ནས་ལྷ་རྗེ་བསམ་གཏན་ཡེ་ཤེས་ཀྱིས་ཉར་ཚགས་ཐུབ་པ།  རྟ་ཤོད་བུ་མོའི་ཆབ་གསེར་ལ།  སྤྲུལ་སྐུ་བློ་ལྡན་སྙིང་པོའི་ཕྱག་བྲིས་ཀྱིས་བཞེངས་པར་གྲགས་པའི་གསེར་རིས་ཡིག་དཀར་དཔེ་རྙིང་བཅས་མ་དཔེ་མི་འདྲ་བ་བརྒྱད་ཙམ་ལ་གོ་བསྡུར་དང་ཞུས་དག་གནང་བ་དང་།

ཡང་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ལྟ་བུར་མ་དཔེ་ཁྲོ་ཁྱུང་བླ་བྲང་གི་པར་མའི་བུ་དཔེ་འཕྲུལ་པར་བྱས་པ་ཞིག་གཞི་བཞག་བྱས་ཐོག།   ཁྱུང་པོ་ལྷོ་རྒྱལ་སྒོ་དགོན་པའི་ལག་བྲིས་ཡིག་ནག་དཔེ་རྙིང་འཐོར་པོད་ཅན་དང་འདྲ་བསྡུར་བྱས་ཀྱང་།  ལྷོ་རྒྱལ་སྒོ་དགོན་པའི་ཅན་དེའི་མ་དཔེ་ཁྲོ་སྤར་དང་ཁུངས་གཅིག་ཏུ་ཡིན་པ་མཇུག་བྱང་རང་ལས་གསལ་བཤད་བྱས་ལྟར་ཞུས་སྐབས་དེ་ལྟར་རང་འདུག།  ཁྱུང་པོ་ཝ་དགེ་དགོན་པས་མཐུན་སྦྱོར་དུ་གཡར་པོ་གནང་བའི་ལག་བྲིས་ཡིག་དཀར་དཔེ་རྙིང་ཁམས་ཆེན་ཆ་ཚང་མེད་ཀྱང་སྟོད་དུམ་པོད་བརྒྱད་ཡོད་པ་ཅན་དང་།   བླ་མ་ཨ་གཡུང་རིན་པོ་ཆེས་དཔར་བའི་བཀའ་འགྱུར་ནང་གི་ཁམས་ཆེན་གཉིས་དང་འདྲ་བསྡུར་བྱས་པ་ཡིན།   དེ་གཉིས་མྱང་འདས་འགྲེས་ལ་བབ་འཛེགས་ཡོད་པ་གཅིག་མཐུན་ཡིན་ནའང་།  ཝ་དགོན་ཅན་ལ་ཆ་ཚང་མེད་སྟབས་བླ་མ་ཨ་གཡུང་ཅན་དེས་གཙོ་བསྡུར་བྱས་པ་ཡིན།   དེ་ལ་བྲིས་པས་ཆད་ནོར་མང་བ་དང་།  མྱང་འདས་འགྲེས་ལ་བབ་འཛེགས་ཅན་གྱི་རང་ཚུགས་སོགས་དམིགས་གསལ་ཅན་འདུག   མ་དཔེ་ཁྲོ་སྤར་ཅན་ནང་མྱང་འདས་འགྲེས་ལ་བབ་འཛེགས་མ་བྱས་པར་ཆ་ཚང་གི་འགྲོ་སྟངས་འདུག་པ་སོགས་གཙོ་དཔེ་དེ་ལ་བསྒྱུར་བཅོས་མེད་པར་རང་སོར་བྱས་ཞེས་དཔེ་ཁུངས་དང་ཞུས་དག་བྱེད་སྟངས་གསལ་བཤད་གནང་བ་བཅས་ལས་ཡིད་རང་ཞུ་འོས་པའི་དགེ་མཚན་གྱི་འོད་སྟོང་འབར་འདུག མདོར་ན་གསལ་བཤད་ཐུང་ངུ་གཅིག་གིས་གླེགས་བམ་ཚང་མར་ཁྱབ་པའི་སྦོམ་བཤད་མ་བྱས་པར་གླེགས་བམ་རེ་རེའི་མཇུག་ཏུ་ གླེགས་བམ་དེ་ཉིད་མ་དཔེ་མི་འདྲ་བ་ཇི་ཙམ་ལ་གོ་བསྡུར་བྱས་པ། མ་དཔེ་གཙོ་བོ་གང་ལ་བཅོལ་བ། མ་དཔེ་དེ་རྣམས་དགོན་སྡེ་དང་། ཁྱིམ་ཚང་གང་དུ་བཞུགས་པ་སོགས་དཔེ་ཁུངས་ཞིབ་འཇུག་ལ་སྨན་པའི་གསལ་བཤད་ཐུང་ངུ་རེ་གནང་འདུག་པ་ནི་རྣམ་དཔྱོད་ལྡན་པའི་འཕྲིན་ལས་སུ་མཐོང་། གང་ལྟར་གསལ་བཤད་དེ་རྣམས་ཀྱི་ནང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ལོ་རྒྱུས་ཞིབ་ཕྲ་གསལ་འདུག་པས་འདིར་མང་དུ་གླེང་བར་མི་བྱའོ།།

  ཞུས་དག་པའི་གྲལ་དུ་གཞུང་ལུགས་རབ་འབྱམས་ཀྱི་དགེ་བཤེས་དང་།  རིག་གནས་ལ་མཁྱེན་རྒྱ་ཡངས་པའི་མཁན་པོ། དཔེ་ཚོགས་ཞུ་དག་གི་ལས་དོན་ལ་ཉམས་མྱོང་ཅན་གྱི་མི་སྣ་བཅས་མང་པོ་བཞུགས་ཤིང་། ལས་དོན་དངོས་ཀྱི་སྐབས་སུ་མི་རེ་རེས་རང་འདོད་ཀྱིས་ལག་པ་འགུལ་ཆོག་ཆོག་དང་། བརྒྱ་ཁ་གཅིག་གཅོད་ཀྱི་རྣམ་པ་མ་ཡིན་པར་དྭོགས་གནས་ཁག་ལ་ཞུས་དག་པ་རྣམས་ལྷན་དུ་བགྲོས་ནས་ཐག་གཅོད་གནང་བ་དང་།  དེ་ཡང་ཞུས་དག་པ་གཅིག་པུས་ཐག་གཅོད་མ་བྱས་པར་བོན་གྱི་གཞུང་ལུགས་དང་རིག་གནས་ལ་མཁས་པའི་ཕྱོགས་ཀྱི་མི་སྣ་གཞན་དག་ལའང་བཀའ་འདྲི་ཞུས་ནས་སྨར་ཞིང་དག་པ་མཛད་པ་བཅས་ནི། འདས་པའི་བོན་གྱི་ལོ་རྒྱུས་ཐོག་སྡུད་འཁོར་བཅུ་གསུམ་ལྷན་དུ་འཛོམས་ནས་སངས་རྒྱས་ཀྱི་གསུང་རྣམས་ཕྱོགས་སྒྲིག་མཛད་པའི་སྐལ་བཟང་གི་ཉིན་མོ་དེ་རྫོགས་ནས་བཟུང་། དུས་རབས་ཉེར་གཅིག་པའི་བར་གྱི་བོན་པོའི་བཀའ་འགྱུར་དག་བཞེངས་དང་། ཕྱོགས་སྒྲིག་གི་ལས་དོན་བྱེད་མཁན་ཚང་མའི་ནང་ནས་ཚད་མཐོ་ཤོས་ཀྱི་གྲལ་དུ་སླེབས་པར་དགའ་གུས་དང་སྤོབས་པ་སྐྱེ་བའི་གནས་སུ་གྱུར།

ཆ་ཚང་མིན་གྱི་ཐད་བོད་ཡུལ་སྟོད་སྨད་བར་གསུམ་དང་། གློ་དོལ་གྱི་དཔེ་རྙིང་བཅས་རྒྱལ་ཕྱི་ནང་གང་ས་ནས་མ་དཔེ་འཚོལ་སྡུད་ཞུས་ཏེ། གོང་གསལ་གྱི་བཀའ་འགྱུར་ཁག་གསུམ་ནང་བསྡུ་མ་ཐུབ་པའི་གླེགས་བམ་མང་པོ་གསར་རྙེད་བྱུང་བ་བཅས་ལ་བསམ་ན་བོན་གྱི་བཀའ་འགྱུར་ཐམས་ཅད་ལས་ཚང་ཤོས་དང་། རྒྱས་ཤོས་སུ་བརྩི་ཆོག་པ་མ་ཟད། ད་ལྟ་འཛམ་གླིང་དུ་བཞུགས་པའི་གཤེན་གྱི་གསུང་རབ་བརྒྱ་ཆ་གོ་དགུ་ཙམ་འདིའི་ནང་འདུས་ཐུབ་ཡོད་པར་སྙམ། ཡིན་ན་ཡང་བོན་གྱི་བཀའ་འགྱུར་དེབ་གཟུགས་སུ་སྒྲིག་པའི་ལས་དོན་འདི་ནི་ཧ་ཅང་གི་གཞི་རྒྱ་ཆེ་བ་དང་། ཐེངས་དང་པོ་ཡིན་སྟབས་ཕྱོགས་གང་ས་ནས་བརྒྱ་ཆ་བརྒྱ་ཐམ་པ་བཀྲ་ཤིས་ལོ་ལེགས་དང་། དྲི་བྲལ་ཀ་དག་ཡོང་བ་དཀའ་ལས་ཁག་པོ་ཡིན་ཁར། ད་དུང་ང་ཚོའི་མིག་སྔར་གོམ་པ་མདུན་སྤོ་བྱ་རྒྱུའི་གནད་དོན་མང་པོ་ཞིག་ལྷག་ཡོད་པ་ནི་ཡར་རྒྱས་ལ་མཐའ་མེད་པའི་གཏན་ཚིགས་ཀྱིས་གྲུབ་བོ། །

དཔེ་ཚོགས་ཀྱི་མཚན་ལའང་དཔེ་གཟུགས་ལ་<<སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་>>ཅེས་དང་། དེབ་གཟུགས་ལ་<<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་>>ཞེས་བཏགས་འདུག་པ་ནི་སྔོན་སྟོན་པ་མཆོག་ཞལ་བཞུགས་པའི་སྐབས་སུ། གསས་ཁང་དཀར་ནག་བཀྲ་གསལ་དུ་སྟོན་པའི་གསུང་རྣམས་སྒོ་བཞི་མཛོད་དང་ལྔ་ཡི་སྡེ་ཚན་དུ་བསྒྲིགས་ནས་བསྟན་པ་རྗེས་བཞག་མཛད་པའི་ཚུལ་དང་ཕྱོགས་མཐུན་པས་རྟེན་འབྲེལ་གྱི་གནད་ཆེ་བ་དང་། སྤུས་ཚད་ཀྱི་ཐད་ནས་རྒྱུ་ཚགས་གྲོན་གསུམ་ལ་མ་འཛེམས་པར་བཟང་ལེགས་དག་གསུམ་གྱི་རྩ་དོན་གཞིར་བཟུང་བར་གསུངས་པ་ནི་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེའི་རྒྱན་དང་། གཞན་གྱི་མིག་དཔེར་འོས་པའི་རླབས་ཆེན་གྱི་མཛད་བཟང་དུ་གྱུར་པར་ཡི་རང་ཞུ་རྒྱུ་དང་། སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་སུ་བསྒྲིགས་ཏེ་དེབ་གཟུགས་སུ་པར་དུ་བསྐྲུན་པ་འདི་ནི་དུས་རབས་ཀྱི་འགྲོ་སྟངས་དང་འཚམས་ཤིང་། བོན་ཆོས་ཉམས་ལེན་པ་དང་། ཞིབ་འཇུག་པ་རྣམས་ལ་ལྟ་ཀློག་དང་བེད་སྤྱོད་གནང་སྟབས་དཔེ་གཟུགས་ལས་བདེ་བ་ཡིན་པས་གསུང་རབ་རིན་པོ་ཆེའི་འཕྲིན་ལས་སྔར་ལྷག་འཕེལ་བའི་གྲོགས་སུ་ཆགས་པ་དང་།  བོན་སྒོ་མཛོད་གཉིས་ནི་གདུལ་བྱ་ཐར་པར་འཁྲིད་བྱེད་ཀྱི་ལམ་ཡིག་ཡིན་ལ། དེ་ཡང་གསུང་རབ་ལ་ལྟ་ཀློག་དང་སློབ་སྦྱོང་བྱེད་ནས་བདེ་ལམ་དུ་ཞུགས་དགོས་པ་མ་གཏོགས། དར་གོས་ཀྱི་དབུས་སུ་བཏུམས་ནས་ཕྱག་མཆོད་ཀྱི་ཡུལ་ཙམ་དུ་ལུས་ན། སྤང་བསྒྱུར་གྲོལ་བའི་ལམ་རྒྱུད་ལ་སྐྱེ་ཐབས་མེད་པས་དཔེ་ཀློག་ནི་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཆེན་པོ་འབྱུང་བའི་སྒོ་རུ་གྱུར་ཡོད་ཅིང་། རྒྱལ་གསུང་ཀློག་འཆད་ལ་སྟབས་བདེའི་མཐུན་རྐྱེན་བསྐྲུན་པ་ནི་ལུང་རྟོགས་བསྟན་པའི་སྲི་ཞུ་བླ་ན་མེད་པ་ཞིག་ཡིན་ཁར། ལས་དོན་འདི་ནི་འཛམ་བུ་གླིང་གི་རིག་གཞུང་སྤྱི་དང་། སྒོས་སུ་རི་བོ་གངས་ཅན་པའི་རིག་གཞུང་འདི་ཉིད་ཡར་རྒྱས་གོང་ནས་གོང་དུ་འཕེལ་བའི་གཉེན་དུ་གྱུར་ཞིང་། ས་སྒང་རིལ་མོའི་ཕྱོགས་ཀུན་ཏུ་བཞུགས་པའི་བོད་དང་བོན་ལ་ཞིབ་འཇུག་གནང་མཁན་ཡོངས་དང་། གཡུང་དྲུང་བོན་ལ་ཐོས་བསམ་སྒོམ་སྒྲུབ་མཛད་པའི་འཆད་ཉན་སྒོམ་སྒྲུབ་ཀྱི་སྡེ་པ་དང་། རྒྱ་ཆེའི་བོན་གྱི་དད་ལྡན་པ་ཡོངས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་ལེགས་སྐྱེས་དེ་ཉིད་ད་ལམ་འདིར་དངོས་སུ་བཤམས་ཐུབ་པ་བྱུང་བར་ཡི་རང་གིས་བསྔགས་བརྗོད་དང་། དགེ་བ་འདི་ཡིས་སྐྱེ་འགྲོའི་བདེ་སྐྱིད་ཀྱི་རྩ་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་ཏེ། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམ་པའི་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། འཛམ་བུ་གླིང་དུ་དུས་འཁྲུག་དང་འབྱུང་བའི་གོད་ཆག་སོགས་ཀྱི་རྐྱེན་ངན་རྣམས་མིང་མེད་དུ་ཞི་ནས་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པར་ཤོག་ཅིག།

ཅེས་པ་འདི་ཉིད་སློབ་དཔོན་ཚངས་པ་བསྟན་འཛིན་དུ་འབོད་པས་སྤྱི་ལོ་༢༠༡༥ལོའི་ཟླ་༥ཚེས་༢༤ལ་གདན་ས་ཁྲི་བརྟན་ནོར་བུའི་རྩེར་མཇུག་རྫོགས་པར་བྱས་སོ།། །།

ཞབས་མཆན་རྣམས་གཤམ་དུ་གསལ།

༼༡༽སྤྱི་ལོའི་སྔོན་ ༡༦༠༡༦ ལ་འཁྲུངས།

༼༢༽སྤྱི་ལོའི་སྔོན་གྱི་༡༡༣༦ལོར་བོད་རྒྱལ་ཐོག་མར་བྱོན།

༼༣༽སྤྱི་ལོའི་སྔོན་གྱི་༡༠༧༤ལོར་འཁྲུངས།

༼༤༽ སྤྱི་ལོ་༡༧༠༠ལོར་སྐུ་འཁྲུངས་ཤིང་། སྤྱི་ལོ་༡༧༥༡ལོར་རབ་བརྟན་རྒྱལ་པོའི་ཕོ་བྲང་ནང་བཀའ་འགྱུར་དཀར་ཆག་བརྩམས།

༼༥༽རྒྱལ་རོང་ནང་སོས་ཀུན་མཁྱེན་ཉི་མར་ཕུལ་བའི་བཀའ་འགྱུར་ལ་མདོ་སྡེ་པོད་༤༢དང་།འབུམ་སྡེ་པོད་༤༨དང་།  སྔགས་སྡེ་པོད་༡༥དང་།  བླ་མེད་པོད་༧བཅས་ཁྱོན་བསྡོམས་གླེགས་བམ་༡༢༡ཡོད་པ་ཀུན་མཁྱེན་ཉི་མའི་རྣམ་ཐར་ལས་གསལ།

༼༦༽སྤྱི་ལོ་༡༩༢༦ལོར་ཨུ་རུ་སུའི་ཞིབ་འཇུག་པ་རོ་རིག་ཟེར་བ་ཞིག་བོད་དུ་ཕྱིན་སྐབས་རྫ་དམར་ཤ་རི་དགོན་པའི་ནང་ནས་བོན་པོའི་བཀའ་འགྱུར་མཇལ་ཞིང་།བཀའ་འགྱུར་དེ་ལ་གླེགས་བམ་༡༤༠དང་།བརྟེན་འགྱུར་ལ་པོད་༡༦༠ཡོད་པ་མཐོང་བའི་སྐོར་བསམ་གཏན་མཁར་རྨེའུའི་མདའ་དང་འཕང་སྟོད་ཆ་བོན་གྱི་ལོ་རྒྱུས་དང་གྲུབ་མཐའ་ཆོ་ག་དང་།གཏམ་རྒྱུད་སྐོར་རགས་ཙམ་གླེང་བ་ཞེས་པའི་རྩོམ་ཡིག་ནང་གསལ།

༼༧༽ག་རྒྱ་ཚང་གིས་བཞེངས་ཏེ་གསང་སྔགས་གླིང་པར་ཕུལ་བའི་བཀའ་འགྱུར་ལ་གླེགས་བམ་༡༥༨ཡོད་པ་མཁའ་འགྲོ་བདེ་ཆེན་དབང་མོའི་རྣམ་ཐར་ལས་གསལ་བ་དང་།   ཡང་ག་རྒྱ་ཚང་གིས་བཞེངས་ནས་ཁྱུང་སྤྲུལ་རིན་པོ་ཆེར་ཕུལ་བའི་བཀའ་འགྱུར་ལ་པོད་༢༥༠དང་།བརྟེན་འགྱུར་ལ་པོད་༢༠༠ཡོད་པར་དགེ་སློང་བསྟན་འཛིན་དབང་དྲག་གིས་བརྩམས་པའི་ཁྱུང་ལུང་དངུལ་མཁར་གྱི་ལོ་རྒྱུས་ལས་གསལ།

༼༨༽སྤྱི་ལོ་༡༨༣༢ལོར་འཁྲུངས་ཤིང་སྤྱི་ལོ་༡༨༦༢ལ་གཤེགས།སྤྱི་ལོ་༡༨༧༦ནས་བཀའ་བརྟེན་འགྱུར་གྱི་དཀར་ཆག་རྩོམ་པའི་དབུ་ཚུགས་ནས་སྤྱི་ལོ་༡༨༨༠ལོར་མཇུག་གྲུབ།

༼༩༽སྤྱི་ལོ་༡༨༦༤ལོར་འཁྲུངས།  སྤྱི་ལོ་༡༩༤༢ལོར་གཤེགས་པ་ངག་རྒྱུན་ལས་ཐོས་པ་ལྟར་བྲིས།

༼༡༠༽ སྤྱི་ལོ་༡༨༩༧ལོར་འཁྲུངས་ཤིང་སྤྱི་ལོ་༡༩༥༩ལོར་གཤེགས།

༼༡༡༽སྤྱི་ལོ་༡༣༦༠ལོར་འཁྲུངས་ནས་༡༤༠༦ལོར་གཤེགས།

སྲིད་པའི་མིག་ནས་མཐུན་སྦྱོར་ཞུས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།