མཎྜལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་རིམ་རགས་བསྡུས།

0
1668

༄༅།།གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ལ་བོན་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་མཎྜལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་རིམ་རགས་བསྡུས།

བརྟན་བཞུགས་རྒྱས་འབུལ་གྱི་ས་གནས། གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ།
བརྟན་བཞུགས་འབུལ་བའི་དུས་ཚེས། བོད་མེ་སྤྲེལ་ཟླ་༣པའི་ཚེས ༡༤།༡༥།༡༥། April 20/21/22/2016
ཉིན་དང་པོ། བོད་མེ་སྤྲེལ་ཟླ་༣པའི་ཚེས་༡༤ April 20, 2016

༡༽ སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སེར་སྐྱ་མི་མང་རྣམས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བརྟན་བཞུགས་མཛད་སྒོའི་ཚོགས་གུར་ཆེན་མོར་འདུ་འཛོམས་གནང་རྒྱུ།

༢༽ ཚོགས་མི་ཡོངས་ལ་གསོལ་ཇ་འདེགས་འབུལ་ཞུ་རྒྱུ་དང་བསྟུན་བརྟན་ཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོའི་ཚབ་ཞུས་ཏེ་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ་ནས་བརྟན་ཞུགས་དང་དེའི་མཛད་རིམ་ངོ་སྤྲོད་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ།

༣༽ གྲྭ་ཚང་འདུས་མང་གིས་བསང་གསོལ་རྒྱས་གཏོང་དང་བསྟུན་མི་མང་རྣམས་ཀྱིས་རླུང་དར་སྒྲོན་འཛུགས་གནང་སྟེ་ཡི་དམ་ཕྱི་ནང་གསང་གསུམ་གྱི་ལྷ་ཚོགས་རྣམས་དང་། བོན་བསྟན་སྐྱོང་བའི་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐངས་ཤིང་། དཔལ་ལྡན་བླ་མའི་སྐུ་ཚེ་སྲིང་། སངས་རྒྱས་ཀྱི་བསྟན་པ་རྒྱས། བསྟན་འཛིན་སྐྱེས་བུའི་འཕྲིན་ལས་སྤེལ། བསྟན་སྦྱིན་མངའ་ཐང་ལོངས་སྤྱོད་རྒྱས། ནད་མུག་འཁྲུག་རྩོད་ཞི་སྟེ་འཛམ་གླིང་ཞི་བདེས་ཁྱབ།། མཐར་ཐུག་འགྲོ་ཀུན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་འཕྲིན་བཅོལ་དང་མངའ་གསོལ་གང་གཟབ་གནང་རྗེས་ཀི་བསྭོའི་ལྷ་རྒྱལ་འཐེན་རྒྱུ།

༤༽ ཕྱག་ཚོད་བཅུ་པའི་ཐོག་བླ་མ་དགེ་བཤེས་རྣམས་ཀྱིས་གཙུག་ལག་ཁང་དུ་ཆུ་གཏོར་བཏང་རྗེས་མདོ་མང་དང་གཟུངས་བསྡུས་བཀླག་རྒྱུ། གྲྭ་མང་བྱིངས་དང་མི་མང་དཔེ་ཆ་ཀློག་འདོན་ཤེས་རིགས་རྣམས་ཀྱིས་ཚོགས་གུར་ཆེན་མོའི་ནང་དུ་བདེ་བར་གཤེགས་པའི་བཀའ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དང་འབུམ་ཉི་མ་དགུ་ཤར་བཅས་དག་ཀློག་གནང་རྒྱུ་དང་བསྟུན་མི་མང་གཞན་གྱིས་ཚྭ་ཚྭ་གདབ་རྒྱུ།

༥༽ ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་གསོལ་ཚིགས་བཞེས་ལག་བར་གསེང་།

༦༽ ཉིན་རྒྱབ་ཕྱག་ཚོད་གཉིས་པ་ནས་བཞི་པ་བར་བླ་སློབ་མཆོད་ཡོན་ཡོངས་དང་འགྲོ་བ་ཀུན་ལ་ཉེར་འཚེའི་བར་ཆོད་སེལ་བའི་རིམ་གྲོ་ལམ་འཕྲང་བཅོས་རྒྱུ་དང་ཁོར་ཡུག་གཙང་སེལ་གནང་སྟེ་ཉིན་དང་པོའི་མཛད་རིམ་འཇུག་གྲུབ་རྒྱུ།

ཉིན་གཉིས་པ། བོད་མེ་སྤྲེལ་ཟླ་༣པའི་ཚེས་༡༥ April 21, 2016

༡༽ སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སེར་སྐྱ་མི་མང་རྣམས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བརྟན་བཞུགས་མཛད་སྒོའི་ཚོགས་གུར་ཆེན་མོར་འདུ་འཛོམས་གནང་ཐུབ་པ་བྱ་རྒྱུ།

༢༽ གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བླ་བྲང་ནས་བརྟན་བཞུགས་མཛད་སྒོའི་ཚོགས་གུར་ཆེན་མོར་དུང་རྒྱ་སྤོས་སྣེས་སྤྱན་དྲངས་ཏེ་གསེར་ཁྲིར་འཁོད་མཚམས་མཎྜལ་ཆོ་གའི་གཞུང་སྲང་སྟེ་བརྟན་བཞུགས་རྒྱས་འབུལ་གྲུབ་རྗེས་སེར་སྐྱ་མི་མང་ཡོངས་ཀྱིས་དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་གྱེར་བཞིན་མཇལ་ཞུ་གནང་རྒྱུ།

༣༽ ཉིན་གུང་ཕྱག་ཚོད་བཅུ་གཉིས་དང་ཕྱེད་ཀའི་ཐོག་གསོལ་ཚིགས་བཞེས་ལག་གི་བར་གསེང་།

༤༽ ཉིན་རྒྱབ་ཕྱག་ཚོད་གཉིས་པ་དང་ཕྱེད་ཀ་ནས་བཞི་པ་བར་དཔལ་ལྡན་བླ་མའི་སྐུ་ཕྱྭའི་ཞབས་རིམ་དུ་སེར་སྐྱ་མི་མང་རྣམས་ཀྱིས་རྒྱལ་ཡུམ་བྱམས་མའི་སྔགས་བསྟོད་དང་དྲན་པ་ཚེ་སྒྲུབ་ཀྱི་བསྙེན་པ་གསོག་སྒྲུབ་གནང་སྟེ་ཉིན་གཉིས་པའི་མཛད་རིམ་མཇུག་གྲོལ་རྒྱུ།

ཉིན་གསུམ་པ། བོད་མེ་སྤྲེལ་ཟླ་༣པའི་ཚེས་༡༥ཕྱི་མ། April 22, 2016

༡༽ སྔ་དྲོ་ནས་སྒྲུབ་གཤེན་རྣམས་ཀྱིས་དྲན་པ་ཚེ་སྒྲུབ་ཀྱི་ཚོགས་འཁོར་གཏོང་གནང་རྒྱུ།

༢༽ ཕྱག་ཚོད་དགུ་པའི་སྔོན་ཚུད་དུ་སེར་སྐྱ་མི་མང་རྣམས་བརྟན་བཞུགས་མཛད་སྒོའི་ཚོགས་གུར་ཆེན་མོར་འདུ་འཛོམས་གནང་ཐུབ་པ་བྱ་རྒྱུ།

༣༽ ཕྱག་ཚོད་དགུ་པའི་ཐོག་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བཀའ་དྲིན་བསྩལ་གནང་མཛད་རྒྱུ།

༤༽ ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་གཏང་རག་གི་གསོལ་ཚིགས་རྒྱས་འབུལ།

༥༽ ཉིན་རྒྱབ་ཕྱག་ཚོད་གཉིས་པ་ནས་གསུམ་པ་བར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་བྱམས་མ་སྔགས་བསྟོད་ཀྱི་ཁྲིད་ལུང་གནང་རྒྱུ།

༦༽ མི་མང་ཡོངས་ཀྱིས་མར་མེ་སྨོན་ལམ་གསུང་བཞིན་ཚེ་རབས་འདི་ཕྱི་བར་དོ་ཀུན་ཏུ་བླ་མ་ཡི་དམ་མཁའ་འགྲོ་རྣམས་དང་མི་འབྲལ་ཞིང་རྗེས་སུ་བཟུང་བའི་སྨོན་ལམ་དང་བསྔོ་བ་རྣམ་པར་དག་པས་མཚམས་སྦྱར་ཏེ་མཎྜལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོའི་མཇུག་ཡོངས་སུ་གྲུབ་སྟེ་གྲོལ་རྒྱུ།


༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་མཎྜལ་བརྟན་བཞུགས་གོ་སྒྲིག་ཚོགས་པ་ནས་སྤྱི་ ༢༠༡༦ ཟླ་ ༤ ཚེས་ ༡༦ ཉིན། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།