གསོལ་ཁའི་འདོད་གསོལ་ཉུང་འདུས།

0
2290

1༄༅། །རྩ་གསུམ་ལྷག་པའི་ལྷ་དང་རིགས་བརྒྱའི་མགོན།། སྐྱེས་ནས་སྐྱེ་བའི་ཕྲེང་བ་ཀུན་ཏུ་སྐྱོངས།། དེ་ལ་འདིར་རང་རང་གིས་བརྟེན་པའི་ལྷ་དང་སྲུང་མ་གང་དག་ལ་ལོ་དུས་ཀྱི་མཆོད་པ། ཟླ་དུས་ཀྱི་གསོལ་ཁ། དུས་མཚམས་ཀྱི་སྐོང་གསོལ། ཉ་དུས་ཀྱི་ཚོགས་མཆོད་སོགས་ཕ་མྱེས་ཡ་རབས་གོང་མས་རྗེས་བཞག་གི་ལུགས་ཐུན་མོང་མ་ཡིན་པ་བཟུང་ཞིང་བསྒྲུབ་པ་འདི་རྣམས་ནི། འགྲོ་བ་རྐང་གཉིས་ཀྱི་ནང་ནས་ཕུད་དུ་གྱུར་ཏེ། སྐྱབས་གནས་ཡུལ་མཆོག་གནས་བཞིའི་ཐུགས་རྗེའི་གུར་ཁང་དུ་ཚུད་པའི་བརྡ་རྟགས་ལགས། མི་ཡི་ནང་ནས་བསམ་ཤེས་ཅན། འདི་ཕྱི་གཉིས་དོན་ཆུད་ལ་མི་གསོན་པའི་ལས་གཉེར་བ། སྐྱེ་བོའི་ནང་ནས་ཡ་རབས་བཟང་པོའི་སྤྱོད་པ་ཅན། ཕ་མེས་བཟང་པོའི་ལས་སྤྱོད་ལམ་ལུགས་ལ་མཐོང་གསོལ་དུ་བྱེད་ཅིང་བསྐྱང་ཤེས་པ། ལྷ་དང་བཅས་པའི་སྨོན་པའི་ཡུལ་དུ་གྱུར་ཏེ། བསམ་སྦྱོར་རྣམ་པར་དཀར་བའི་ལས་ལ་བརྩོན་ཞིང་། ཚུར་མཐོང་ཀླ་ཀློའི་བྱ་བཞག་རྒྱང་དུ་བསྲིངས་མཁས་པ། 4ཁྱེད་རྣམས་ཀྱི་ཕ་མྱེས་རྒན་རབས་ཕ་མ་བཟའ་མི་བུ་བརྒྱུད་ཚ་ཕྲུག་དང་བཅས་པས་དཔལ་འབྱོར་ལོངས་སྤྱོད་མཁོ་དགུ་ཚོགས་སུ་སྦྱར་བའི་ཚུལ་ལ་སེར་སྣ་དང་འཇུངས་གེགས་ང་རྒྱལ་ཕྲག་དོགས་སོགས་རྣམ་པར་མ་དག་པའི་དྲི་མ་དང་བྲལ་བར་བྱས་ཏེ། སྒོ་གསུམ་གུས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་གསོག་གི་ལས་ལ་འབད་དེ། བསྒྲུབ་པའི་གནས་དང་དུས་ནི། ཕྱི་སྣོད་དང་ནང་བཅུད་ཀྱི་བཀོད་པ་ཡོངས་སུ་རྫོགས་པ་ལྷ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་སྲིད་པ་སངས་པོ་འབུམ་ཁྲི་དང་། སྒོ་བ་ཆུ་ལྕམ་རྒྱལ་མོ་གཉིས་ཀྱིས་སྐོས་བཏིང་བ། ཚངས་རྒྱུང་བྱེ་བ་ཕྲག་བརྒྱའི་ནང་ཚན་དབུས་མ་ཉེར་ལྔ་པ་བཞི་བཅུ་བརྩེགས་པའི་དཀྱིལ། རྟེན་གཞིའི་དཀྱིལ་འཁོར་གསུམ་གྱིས་བཏེགས་ཐོག གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་གྱིས་བསྐོར་ཞིང་ཕྱི་མཐའི་བ་ཚ་ཅན་གྱི་དཀྱིལ་དུ་གླིང་ཆེན་པོ་བཞི་དང་གླིང་ཕྲན་བརྒྱད་ཀྱིས་བསྐོར་བ། རི་རབ་བང་རིམ་བཞི་བརྩེགས་པའི་སྟེང་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡི་གནས་དང་། དེ་ཡི་ཕྱི་རིམ་དུ་རྭ་བ་དང་། ཚལ་དང་བཅས་པའི་འདོད་ཡོན་གྱིས་བསྐོར་བའི་ཕྱི་མཐའི་ཁ་ཁྱེར་ཕྱོགས་བཞི་རྒྱལ་པོ་ཡི་གནས་དང་། མཚམས་བཞི་ཕྱྭ་སྲིད་སྐོས་དང་། ཉི་པང་སད། བདུད་དང་། གནོད་སྦྱིན་དང་བཅས་ཡུལ་སྡེ་དེ་ཡི་བར་གྱི་ལྷོ་ནུབ་ཏུ་མཚལ་རི་ལྷ་ཡི་མདུན་ས། དེ་ཡི་མཚམས་བཞིར་ལྷོ་ཤར་དུ་གཡུ་ལུང་ཤེལ་གྱི་བྲག་ཕུག བྱང་ཤར་དུ་བདུད་འཇོམས་གསང་བའི་བྲག་ཕུག བྱང་ནུབ་ཏུ་ལྷ་མདུན་གསང་བའི་བྲག་ཕུག ལྷོ་ནུབ་ཏུ་དབལ་གྱི་བྲག་ཕུག་རོང་ཆེན་བཅས་པར་གསང་བའི་བདག་པོ་གོང་མ་རྣམས་ཀྱིས་གསང་སྒྲུབ་མཐར་བསྐྱལ་བའི་གནས་དང་། ལྷོ་ཤར་དུ་ཨུ་དུམ་ཝ་རའི་མེ་ཏོག བྱང་ཤར་དུ་དཔག་བསམ་ལྗོན་ཤིང་། བྱང་ནུབ་ཏུ་ཨ་མོ་ལི་ཀའི་རྡོ། འཛམ་གླིང་སོག་ཁའི་སུམ་ཆ་གཤེན་ཡུལ་འོལ་མོ་ལུང་རིང་། དུས་གསུམ་སངས་རྒྱས་ཐམས་ཅད་འབྱོན་པའི་གནས་དེ་ཡི་ཕྱི་མཐའ་གངས་དབལ་སོ་ར་བ་དང་། མཚོ་མུ་ཁྱུད་བདལ་མཚོ་བཅས་པས་བསྐོར་བའི་ཕྱི་ཡི་ས་ཆེན་དེ་ཡི་དཀྱིལ་དབུས་མཚོན་བྱེད། གངས་ཆེན་ཏི་སེ་ཤེལ་གྱི་མཆོད་རྟེན་གྱི་དབྱིབས་སུ་གྲུབ་པ་ཞང་ཞུང་བོན་གྱི་རྒྱལ་པོའི་བླ་རི། དྭང་ར་མ་པང་གཡུ་མཚོ་ཞང་ཞུང་བོན་གྱི་རྒྱལ་པོའི་བླ་མཚོ་བཅས་པའི་ས་གནས་ཀྱི་ཤར་ཕྱོགས་བོད་ཆེན་པོའི་ཡུལ་སྡེ། འགྲོ་འདྲེན་གཤེན་གྱེར་རྨ་དབྱིལ་གྱིས་བསྟན་པ་སྐྱོང་ཞིང་བསྟན་འཛིན་བྲུ་ཞུ་སྤ་རྨེའུ་ཁྱུང་གི་ཐུགས་རྗེའི་གུར་དུ་ཚུད་པའི་ཡུལ་གྲུ་སྔོན་ནས་གསང་བའི་གྲུབ་པ་བརྙེས་པ་རིམ་པར་བྱོན་པའི་བྱིན་གྱིས་བརླབས་པའི་ས་གནས། ཕུ་རི་གཡའ་གངས་ཀྱི་རྩིབས་སུ་རི་དྭགས་འབྲོང་གཉན་རྣ་བ་འཁོར་ཞིང་། བར་རྐེད་གཡའ་དང་སྤང་ལ་ཤ་བ་རྒོ་བཙོད་དང་། བྱ་རིགས་འཕུར་ལྡིང་རྩེ་བ། མདའ་ཡི་རྩི་ཤིང་གཙང་ཆབ་ཀྱི་གཞུང་རྣམས་སུ་ཡུལ་སྡེ་དགེ་ལྡན་དུ་མ་བག་ཕེབས་ལྷོད་དལ་དུ་གནས་པ་དང་། གཡུང་དྭགས་གཡག་ལུག་ར་གསུམ་དང་རྟ་དྲེལ་མཛོ་གསུམ་ལ་སྤྱོད་ཅིང་། འབྲས་དྲུག་འབྲུ་རིགས་སྐྱེ་འཕེལ་ལ་བརྩོན་པའི་ཚོགས་འཁོད་པའི་ཁྱོན་འདིར། དུས་དེ་རིང་ཡོན་གྱི་བདག་པོ་་་་མིང་་་་་། འདི་ཞེས་བགྱིད་པས་བླ་ན་དཔོན་གསས་བླ་མ་འདི་ཞེས་་་་་། སྤྱན་དྲངས། གསང་བའི་དཀྱིལ་འཁོར་ཆེན་པོ་ཡི་དམ་འདི་ཉིད་མཆོད་བསྒྲུབ་བསྙེན་པ་གཞི་བཟུང་སྟེ་བསྐང་གསོལ་གྱི་ནོམས་པས་མགྲོན་བཞི་མཉེས་པར་བྱས། ཐུགས་མཐུན་དམ་གཙང་གི་གྲོགས་པོ་དམ་པ་རྣམས་འཚོགས་པའི་སྐབས་འདི་ནི། འོ་ལེགས་འོ་ལེགས་སོ་རྒྱུན་མཆོད་དང་སྦྱིན་པ་ལེགས་སོ། །རྒྱལ་ལོ་རྒྱལ་ལོ་ལྷ་དང་སྲུང་མ་དཀར་ཕྱོགས་སྐྱོང་བའི་མགོན་པོ་རྣམས་རྒྱལ་ལོ། །དགའ་འོ་དགའ་འོ་འདུ་ཚོགས་འདིར་འཁོད་པ་རྣམས་དགའ་འོ། །སྤྲོ་འོ་སྤྲོ་འོ་ལྷ་ཀླུ་ཡུལ་ལྷ་སྨན་བཙུན་དཔལ་མགོན་གཞི་བདག་བཅས་སྤྲོ་འོ། །དེ་རིང་གནམ་ལ་གཟའ་སྐར་བཟང་རྟགས་སུ་སྤྲིན་གཞའ་དལ་གྱི་ཡོལ་བ་ནི་བྲེས། ས་ལ་དུས་ཚོད་བག་དྲོ་ལྷོད་ཆགས། ནད་ཡམས་མཚོན་འཁྲུག་གི་མིང་ཙམ་ཡང་མེད། ཕ་མྱེས་མ་ཕྱི་བུ་དང་ཡང་ཚ་བཅས་ཁྲ་ལམ་མེ་འཚོ་ཞིང་གཞེས་པའི་དུས་འདིར། ཕུན་སུམ་ཚོགས་པའི་ཡོ་བྱད་བསྐང་བའི་རྫས་རྣམས་བསགས་ཏེ། རྒྱལ་བ་སྲི་ཞུའི་མགྲོན་ལ་མཆོད་པ་ཕུལ་ཏེ་སྒྲིབ་བྱང་ཚོགས་རྫོགས་པའི་གསོལ་བ་བཏབ། མགོན་པོ་ཡོན་ཏན་གྱི་མགྲོན་ཚོགས་བསྐངས་ནས་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་བསྲུང་བའི་འཕྲིན་བཅོལ་ཞུས། སྡེ་བརྒྱད་མགྲོན་ལ་མཆོད་རྫས་ཕུལ་ནས་བུ་ལོན་ལན་ཆགས་སྙིང་ཁྲིན་བྱང་བར་བྱས། རིགས་དྲུག་སྙིང་རྗེའི་མགྲོན་ལ་འདོད་པའི་ཡོན་རྫས་ཕུལ་བས་འདོད་པ་ཚིམས་ནས་བདེ་བའི་སེམས་དང་ལྡན། སྙན་པའི་དབྱངས་བླངས། དག་པའི་སྒྲ་བཏོན། དགྱེས་པའི་གད་མོ་བཞད་ཅིང་། མར་མེའི་མདངས་མ་ཡལ། སྤོས་ཀྱི་དྲི་མ་ཆགས། རྔ་གཤང་གི་སྒྲ་མ་ཉམས། དྲི་བཟང་གི་དུད་པ་མ་ཡལ། སྨན་རག་བདུད་རྩིའི་མཚོ་མ་བསྐམས། དབལ་བཤོས་གཏོར་མའི་བཀྲག་མདངས་མ་ཉམས། རྒྱལ་བ་སྲི་ཞུའི་མགྲོན་རྣམས་མཆོད་པས་མཉེས། དཔལ་མགོན་དམ་ཅན་ཚོགས་རྣམས་དགྱེས་ཤིང་ཚིམས། ལྷ་སྲིན་སྡེ་བརྒྱད་རྣམས་ནི་ཐུགས་དམ་བསྐངས་ནས་སྙིང་ཁྲིན་བྱང་། རིགས་དྲུག་སེམས་ཅན་ཐམས་ཅད་སྦྱིན་པས་ཚིམས་ནས་བདེ་བའི་སེམས་དང་ལྡན། དེ་ལྟ་བུའི་དགའ་བདེ་ཕུན་སུམ་ཚོགས་པའི་དུས་འདིར། བསམ་པའི་འདོད་དོན་ཡོངས་སུ་འགྲུབ་པའི་སྨོན་ལམ་དུ་གསོལ་བ་ནི། བདག་ཅག་ཞིང་འདིར་འཁོད་པའི་སྒྲུབ་གཤེན་ཡོན་བདག་འཁོར་དང་བཅས་པའི་རྣམ་དཀར་གྱི་བྱ་བ་ལ་སྡོང་གྲོགས་དཔུང་གཉེན་མཛོད་ཅིག གནས་སྐབས་ཐུན་མོང་དུ་མཐུན་རྐྱེན་དཔལ་འབྱོར་བསོད་ནམས་ལོངས་སྤྱོད་སྤེལ་ཅིག འགལ་རྐྱེན་བར་ཆོད་ཀྱི་རྐྱེན་ངན་བཟློག་ཅིག སྲོག་བསྲིངས་ཤིག ཅི་འདོད་གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཆེན་པོ་འབྱུང་བའི་སྒོ་གཟའ་སྐར་དུས་ཚོད་ཐམས་ཅད་ཀྱི་མཐུན་བསྡེབས་ནི་བཟང་། རྟགས་མཚན་མའི་པྲ་རྟགས་གང་ལེགས་སུ་འཕྲད། དཔལ་ལ་རྐུ་བའི་ཟ་སྲི་ཐེའུ་རང་རྣམས་ཕྱི་མཐར་བསྐྲད། དེ་རིང་དགའ་བདེ་སྐྱིད་པའི་དཔལ་གྱི་རི་མོ་འབྲི་བའི་དུས་འདིར། ངོ་ཆེན་གྱིས་སྐྱེམས་པོའི་ཆང་ལ་རོལ། མངར་གསུམ་གྱི་ཟས་དང་། བདའ་ཟས་ཀྱི་གཡོས། མང་ཐུན་ཚོ་པོའི་ཤ་ལ་སོགས་ལ་གང་འདོད་དུ་སྤྱོད། སྙན་པའི་གླུ་བླངས། མཉེན་པའི་གར་བསྒྱུར། མཛེས་པའི་རྒྱན་སྤྲས། མགྱོགས་པའི་རྟ་བསྟད། འདོད་པའི་ཡོན་ཏན་ལ་ལོངས་སུ་སྤྱོད་པ་འདི་རྣམས་ལ་བརྟེན། ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ།། ཞེས་དུས་སྟོན་དམིགས་བསལ་བ་གང་དག་གྲུབ་པའི་དུས་སུ་དགོས་པར་སེམས་ནས་བསྟན་རྣམ་པས་ཞོར་ལས་སུ་བྲིས།

འཕྲིན་བཅོལ་ཉུང་བསྡུས་འདི་ཉིད་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་༡༤པ་ནས་ཟུར་དུ་ཕྱུང་།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།