༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

1
1978
༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན།

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།

གདན་ས་  དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས།

༧ བསོད་ནམས་རི་བོ་སྤུངས་པའི་འཕྲག་གོང་ནས།།

ཕུན་ཚོགས་ཟླ་བ་འཛུམ་པའི་དཀར་ངོགས་ཁྲོད།།

ལང་ཚོའི་ཀུན་དྷ་རྒྱས་པའི་གོ་རིམ་དང་།།

སུམ་ལྡན་བླ་མ་བསྟེན་པའི་རྣམ་ཐར་ཟབ།།

 ༧ དུས་ཀྱི་གྲུ་གུ་འདྲིལ་བའི་གཏིང་ཀ་ན།།

སྐུ་ཚེའི་ལོ་རྒྱུས་བརྩེགས་པའི་རྡོ་འབུམ་ངོས།།

ཞབས་རྗེས་རི་མོ་མདོ་འབུམ་གཟུངས་ལ་བརྐོས།།

སྒོ་གསུམ་དག་པ་གནས་ལྔའི་མཛོད་དུ་གྲུབ།།

 ༧ རིག་གཞུང་མར་ཁུས་དྲངས་པའི་སྟོང་སྐུད་བརྒྱུད།།

རིག་པའི་མདའ་མོ་ཚ་བའི་འོད་རྣོན་གྱིས།།

དགག་སྒྲུབ་ལོག་རྟོག་འབིག་པའི་རྣམ་དཔྱོད་ལ།།

ཆེ་དགུའི་འཛུམ་གྱིས་བསུས་པའི་ལག་རྗེས་དོད།།    

༧ འཁོར་འདས་ཕྱེ་མར་འཐག་པའི་ཚད་མ་ལ།།

ཉག་གཅིག་དགོངས་པ་བླུད་པའི་རྣོ་ཡིས་ཁེངས།།

རིམ་དགུ་ཐིགས་པ་བསགས་པའི་རྒྱ་མཚོ་ལས།།

བཅུ་རིག་ནོར་གཏེར་སྦྱིན་པའི་དེད་དཔོན་བཞེངས།།

 ༧ བཤད་སྒྲུབ་རིག་ལམ་བརྟན་པའི་ས་གཞི་རུ།།

བསླབ་གསུམ་པད་སྡོང་རྒྱས་པའི་འདབ་ལོའི་ཁུད།།

གསང་གསུམ་གེ་སར་སྨིན་པའི་ལང་ཚོ་ལ།།

མངོན་རྟོགས་རིག་པ་འབར་བའི་འཕྲིན་ལས་འཆང་།།  

༧ དགེ་མཚན་འོད་ཟེར་འབར་བའི་གླིང་ཁ་ནས། 

བཤད་སྒྲུབ་སྣང་བས་ས་གསུམ་བསྒུལ་ན་ཡང་། 

གཏམ་འདོད་གྲགས་པ་དོར་བའི་གྲུ་ཟུར་དུ། 

མཁས་བྱ་དྲུག་པོའི་ཟས་ཀྱིས་འཚོ་འདི་རྨད།   

  དེ་ཡང་བོན་གྱི་གདན་ས་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་གི་སྐུ་ཆེའི་སྟོད་ཀྱི་བྱུང་བ་མདོ་ཙམ་འགོད་པ་ལ། ཁོང་ནི་ཕྱི་ལོ་ ༡༩༧༠ ལོར་སྟེང་ཆེན་རྒྱས་དགེ་ཚང་ཡབ་གཡུང་དྲུང་ཕུན་ཚོགས་དང་། ཡུམ་སྐལ་བཟང་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ནས་སྐྱེས་སྟོབས་ཀྱི་ཤེས་རབ་གསལ་བ་དང་། ལྷན་སྐྱེས་ཀྱི་རང་གཤིས་བཟང་པོས་ཐུགས་རྒྱུད་ཕྱུག་ཅིང་ཡབ་ཡུམ་གཉིས་ཀྱིས་བདག་སྐྱོང་ཟབ་མོའི་འོག་བྱིས་དུས་ཀྱི་འཚོ་བ་བསྐྱལ་ཞིང་རིམ་བཞིན་འཚར་ལོངས་བྱུང་ཡོད། དེ་རྗེས་ས་གནས་རུ་ཁག་སློབ་གྲྭར་འགྲིམས་ནས་ཡི་གེ་འབྲི་ཀློག་འདོན་གསུམ་གཙོས་དེ་གའི་སློབ་ཚན་རྣམས་ལ་སྦྱོང་བརྩོན་ཚུལ་མཐུན་གནང་།

༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན།

    ཕྱི་ལོ་ ༡༩༨༦ ལོར་ཁོང་དགུང་ལོ་ ༡༧ ལ་སོན་པ་དང་སྐབས་དེར་  ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་རང་ཡུལ་དུ་གཞིས་སྐོར་ཐེངས་དང་པོ་ཕེབས་སྐབས་གྲུབ་དབང་ཤེས་རབ་དགེ་ལེགས་རིན་པོ་ཆེའི་བཀའ་བཞིན། ཡོངས་འཛིན་སྨྲ་བའི་སེང་གེའི་དྲུང་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས་ཏེ་མཚན་དུ་ཚངས་པ་བསྟན་འཛིན་ཞེས་གསོལ། དེ་ནས་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་ཁྲི་འཛིན་གྲུབ་དབང་ཤེས་རབ་དགེ་ལེགས་རིན་པོ་ཆེའི་དྲུང་ནས་བོན་སྤྱོད་ཆོ་གའི་སྐོར་གྱེར་འཕྲིན་ལས་དང་། བཅའ་འདོན་རྡུང་གསུམ། འབུད་བཀྲོལ་སོགས་བོན་སྤྱོད་ཆོ་གའི་ཕྱག་ལེན་སྐོར་ལ་སློབ་སྦྱོང་གནང་། དེ་རྗེས་སྟེང་ཆེན་དགོན་གྱི་མཁན་རིན་པོ་ཆེ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱི་དྲུང་ནས་སྔོན་འགྲོ་དངོས་གཞི་སྦྱངས་པ་མ་ཟད་དབང་ལུང་ཁྲིད་གསུམ་གྱི་ཟབ་གདམས་མང་པོ་ཞུས། དེ་མིན་གཡུང་གླིང་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་སོགས་བླ་མ་དུ་མའི་དྲུང་ནས་དབང་ལུང་མན་ངག་ཅི་རིགས་པ་གསན་ཞུས་གནང་ཡོད། དགུང་གྲངས་༢༠བཞེས་སྐབས་ལུང་དཀར་སློབ་དཔོན་དྲང་སྲོང་ཚུལ་ཁྲིམས་རྣམ་དག་མཆོག་སློབ་དཔོན་དུ་བསྟེན་ནས་མཚན་ཉིད་རིག་པའི་སྒོར་ཞུགས་ཏེ་ལོ་ངོ་བཞིའི་རིང་ཁྱུང་པོ་རི་བོ་རྩེ་དྲུག་དང་། ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གཉིས་སུ་བསྡུས་རྟགས་བློ་གསུམ་དང་། ཕར་ཕྱིན། མཛོད་འདུལ་སོགས་གཞུང་ལུགས་ཁག་ལ་སྦྱོང་བརྩོན་གནང་ཞིང་འབད་པ་ལྷུར་དུ་བླངས་པ་མ་ཟད་མདོ་སྔགས་སེམས་གསུམ་གྱི་ཟབ་གདམས་ཁག་ནས་དབང་ལུང་ཁྲིད་ཀ་མང་པོ་གསན་ཞུས་མཛད།

    ཕྱི་ལོ་ ༡༩༩༢ ལོ་ཕྱི་ཕྱོགས་སུ་ཕེབས་ཏེ་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙུག་རྒྱན་དུ་བསྟེན་པ་དང་། སླར་ཡང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒོར་ཞུགས་ནས་ཕྱི་ལོ་ ༢༠༠༡ བར་རྒྱ་གར་སྨན་རི་དགོན་དང་། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ་གཉིས་སུ་སྔ་རྗེས་སུ་  སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་དཔོན་གསས་བཤེས་གཉེན་དུ་མའི་ཞལ་སྔ་འགྲིམས་ཤིང་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་བཅས་ལ་སྦྱོང་བརྩོན་གནད་སྨིན་གནང་བ་མ་ཟད་ཁྲིད་ལུང་དབང་གསུམ་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པར་མཛད།  སློབ་སྦྱོང་གནང་བའི་དུས་ཚིགས་དེ་དག་གི་རིང་འཛིན་རིམ་འོག་མ་རྣམས་ལ་དཔེ་ཁྲིད་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོའི་ཐུགས་འགན་ཡང་བཞེས་མྱོང་ཡོད།

གསུང་བཤད་གནང་བ།    ཕྱི་ལོ་ ༢༠༠༡ ལོར་  དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་པ་དང་། དེ་མུས་འཛིན་གྲྭ་ཁག་ལ་སློབ་ཁྲིད་རྒྱུན་ཆགས་སུ་གནང་བཞིན་  སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་གསན་བསམ་རྒྱུན་མར་གནང་། དེ་མཚུངས་ཆོས་ལུགས་རིག་གནས་འདོན་སྤེལ་ཞུ་སའི་ལོ་དེབ་༼བགྲེས་པོའི་འབེལ་གཏམ།༽དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་བཅས་ཀྱི་ལས་དོན་ལ་ཐུགས་ཁུར་དང་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་བ་དང་། རྩོམ་པའི་འཕྲིན་ལས་ཀྱི་སྐོར་དེ་སྔོན་དུས་དེབ་དང་དྲ་རྒྱ་སོགས་ལས་ཐོན་ཟིན་པ་ནི།༼སེམས་དང་སེམས་འབྱུང་གི་རྣམ་བཞག་གཅེས་བཏུས།༽དང་། ༼ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ་ཞེས་པ་དང་༽༼གཙང་མ་ལྷ་སེལ་དང་དེ་ལས་འཕྲོས་པའི་སེལ་གྱི་སྐོར།༽༼བླ་ཡིད་སེམས་གསུམ་གྱི་སྐོར།༽༼ཡེ་རྗེ་སྨོན་པའི་རྨི་ལམ་གྱི་སྐོར།༽༼ཐུགས་རྗེ་སེམས་དཔའི་ཐེག་པའི་རྣམ་བཤད་ཀྱི་སྐོར།༽༼ཉམས་མྱོང་དང་མཐོང་ཐོས་ཕྱོགས་གཅིག་ཏུ་སྦམས་པའི་ཡན་ལག་བདུན་པ།༽༼སྣོད་བཅུད་ཆགས་ཚུལ་སྐོར་ལས་འཕྲོས་པའི་བསམ་འཆར་ཉུང་ངུ་།༽༼ རྣམ་བཤད་སྐབས་དང་པོའི་འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བཀའ་བརྟེན་ཞེས་པའི་སྐབས་ཀྱི་ཟུར་རྒྱན།༽ ༼གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་འགའ་ཡི་ངོ་སྤྲོད།༽ ༼གཏེར་སྟོན་གསང་སྔགས་གླིང་པའི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པ༽ ༼ཆོ་ག་བཅུ་གཉིས་ཀྱི་སྤྱི་དོན།༽ ༼སྔགས་རྫོགས་ལུགས་ཀྱི་མ་རིག་ངོས་འཛིན་གྱི་ཟིན་ཐོ།༽ ༼མ་རྒྱུད་ཁྲིད་བརྒྱད་སྐོར་གྱི་ཟོན་ཐོ།༽བཅས་དང་། དེ་མིན་དཔར་སྐྲུན་གྱི་སྔོན་གླེང་འདྲ་མིན་སོགས་ཡོད། དེ་སྔོན་པར་སྐྲུན་མ་ཞུས་པའི་རིགས་ནི། ༼ཟབ་མོ་གཏེར་གྱི་ཁ་བྱང་ཆེན་མོ།༽ ༼མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གྱི་འགྲེལ་བ།༽ ༼སེམས་དང་སེམས་བྱུང་གི་རྣམ་བཤད།༽ ༼ཚད་འགྲེལ་འཕྲུལ་སྒྲོན་ལེའུ་ཕྱི་མ་གཉིས་ཀྱི་ཟིན་ཏིག༽ ༼ཡེ་ཤེས་ཐིག་ལེའི་མཆན་ཡིག་ཉུང་ངུ་།༽ ༼མཆོད་རྟེན་གྱི་བརྡ་དོན་བཤད་པ།༽ ༼ལྷོ་གཏེར་ཐེག་དགུའི་རྣམ་བཤད།༽ ༼འགྲེལ་མེ་ལོང་དགུ་སྐོར་གྱི་འབྲས་ཐེག་ལྔའི་མཆན་འགྲེལ།༽ ༼མ་རྒྱུད་འབྲས་རྒྱུད་ཀྱི་ཟིན་ཐོ།༽ ༼དཀར་པོ་གཅིག་ཐུབ།༽༼མ་རྒྱུད་ཐུགས་རྗེ་ཉི་མའི་ཁྲིད་རིམ་བསྡུས་པ།༽ ༼བསྐྱེད་རྫོགས་ཀྱི་ཟུར་རྒྱན།༽ ༼གཞི་ལམ་རྣམ་འབྱེད་བཀླགས་པའི་འཆར་སྣང་སྐོར།༽ ༼འདུར་གྱི་རྣམ་བཤད།༽སོགས་ཀྱི་རྩོམ་ཡིག་མང་པོ་བཞུགས་པ་རྣམས་རིམ་པས་རྗེས་སུ་འཐོན་ངེས་ཡིན། གསུང་རྩོམ་འདི་དག་ནི་དགག་བཞག་གི་རིག་ལམ་ལ་བྱང་ཞིང་གཞུང་ལུགས་ལ་གཏིང་ཚུགས་པ་དང་།  གྲུབ་མཐའ་ཁག་ལ་གཟིགས་རྒྱ་ཆེ་ཞིང་ཉམས་མྱོང་གི་དགོངས་པ་མཐོ་བའི་སྐྱེས་བུ་ཞིག་གི་གསུང་རྩོམ་ཡིན་པས་ན་གཞན་དང་མི་འདྲ་བའི་ཁྱད་བོན་དུ་མ་ལྡན་ཡོད་པ་ནི་བརྗོད་པའི་ཡུལ་ལས་འདས་སོ།  

  དགེ་བཤེས་མཛད་སྒོ་སྐབས།༡ ཕྱི་ལོ་ ༢༠༠༤ ལོར་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སོ་གསུམ་པ་ཆེན་པོ་མཆོག་དང་།   སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་  ལུང་རྟོགས་བསྟན་པ་གཡུང་དྲུང་བཅས་བདག་ཅག་གི་འདྲེན་པ་ཆེན་པོ་གསུམ་གྱིས་བཀའ་ལུང་སྤྱི་བསྩལ་བྱུང་དོན་བཞིན་སྐྱ་སེར་འདུས་མང་ཡོངས་ཀྱིས་བླ་རུ་བཏེགས་ནས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ལས་ཐོག་གཉིས་པར་ཁྲི་འདོན་མངའ་གསོལ་མཛད། དེ་ནས་བཟུང་ད་བར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་ཀྱི་མཛད་འགན་ཁུར་དུ་བཞེས་ནས་མཁས་པའི་བྱ་བ་དྲུག་གི་སྒོ་ནས་བཤད་སྒྲུབ་ཀྱི་སློབ་ཚོགས་བསྐྱངས་ཤིང་བཤེས་གཉེན་བཅུ་ཕྲག་དུ་མ་བསྐྱེད་བསྲིང་གནང་།

   ཕྱི་ལོ་༢༠༠༤ལོར་ཕྱྭ་ཀེང་ཙེའི་སྒྲུབ་པར་བཞུགས་ནས་བསྙེན་ཚད་བསྐྱལ་བ་དང་། ༢༠༠༦ལོར་རྫོགས་པ་ཆེན་པོའི་ཉམས་ལེན་ཐུགས་ཉམས་སུ་བཞེས་ཏེ་མུན་མཚམས་ལ་ཞེ་དགུའི་རིང་བཞུགས་པ་དང་། ཟླ་བ་གཅིག་ཙམ་རིང་འཕོ་བ་འཇའ་གུར་མ་ལྟར་གཞན་སྤར་སྦྱངས་ནས་བླ་མའི་ཕྱག་ལེན་ཇི་ཡོད་འགྲོ་ལ་སྨན་པའི་ཐབས་སུ་རྟོགས་ཚད་ཀྱི་ཉམས་ལེན་ལ་རྩལ་སྦྱོང་གནད་སྨིན་གནང་། དེའི་རྗེས་༢༠༡༣ལོར་མཁའ་འགྲོ་སྐལ་བཟང་གི་བསྙེན་སྒྲུབ་ལ་ཉིན་ཞག་ལྔ་བཅུ་སྒོ་བཅད་མཛད་ནས་བཞུགས་པ་དང་། ༢༠༡༤ལོར་སླར་ཡང་སྔར་གྱི་འཕྲོ་བསྐྱངས་ཏེ་བསྙེན་ཚད་བསྐྱལ་ཞིང་སྔགས་རྫོགས་ཀྱི་ཉམས་ལེན་ཐུགས་ཉམས་སུ་བཞེས། དེ་མུས་ཉིན་ལྟར་བཤད་སྒྲུབ་འདུས་སྡེའི་སློབ་པའི་འདུས་ཚོགས་སྐྱོང་བཞིན་པའི་ངང་འབྲེལ་ཡོད་ཆེས་མཐོའི་བླ་སྤྲུལ་ཁག་དང་། རྒྱལ་ཕྱི་ནང་གི་སློབ་ཕྲུག་རྣམས་ཀྱི་སེམས་ཀྱི་རེ་འདོད་སྐོང་བཞིན་བསྟན་འགྲོར་སྨན་པའི་ལས་དོན་ཁོ་ནས་དུས་འདའ་བཞིན་མཆིས་སོ། 

༧ དེ་ལྟར་ལོག་རྟོག་རྡུལ་གྱིས་མ་གོས་པར།།

སྐུ་ཚེའི་ལོ་རྒྱུས་མཇལ་བའི་ཐིག་ཤིང་ལ།།

ཚིག་གི་སྐུད་པ་བརྒྱུས་པའི་གཏམ་ཞིག་དང་།།

བོན་གྱི་ངོ་སོ་བསྟོད་པའི་གླུ་ཞིག་ཡོད།།

 ༧ ཆེ་གཉན་བཙན་པོའི་གོ་ས་ཁས་མི་རྩོད།།

ལྷ་མཐོང་འདྲེ་རིག་རྫུ་བག་ལུས་མི་གྱོན།།

བོན་བརྒྱད་སྒེག་མོའི་འཚོ་ཐབས་ཕྱག་མི་ལེན།།

སེམས་ཀྱི་སྒྲོན་མེའི་ངོགས་ནས་ལྷ་ཞིག་བཞེངས།།

 ༧ ཞལ་གྱི་ལེགས་བཤད་དྲོན་མོས་གླེགས་བམ་བརྩེགས།།

སྐུ་ཡི་རྣམ་འགྱུར་བཙུན་པོས་སློབ་ཚོགས་སྤེལ།།

ཐུགས་ཀྱི་མཁྱེན་ཡོན་དག་པས་འགྲོ་བ་དྲངས།།

སྒོ་གསུམ་བོན་ལ་བསྔོས་པའི་བཀའ་དྲིན་ཟབ།།  

༧ སྐབས་ཀྱི་བཤད་པ་བསྡུ་བའི་སྨོན་ཚིག་སྟེ།།

ཁྱེད་ཀྱི་༼༡༽འཁོར་གསུམ་མཛད་པའི་གླིང་ཁ་རུ།།

སློབ་ཚོགས་འབུམ་གྱི་བློ་གྲོས་པད་སྡོང་རྩེར།།

མཁྱེན་བརྩེའི་ཟེའུ་འབྲུ་བཅུད་དུ་སྨིན་པར་ཤོག 

 བར་སྐབས་ཚིགས་སུ་བཅད་པའོ།།    

       ཞེས་ཁོང་གི་མཛད་རྣམ་ལ་རྒྱུས་མངའ་ཆེ་བའི་དགེ་བཤེས་བསྟན་འཛིན་སྦྱིན་པས་དགེ་བཤེས་ཚུལ་ཁྲིམས་དགེ་འབྱུང་གིས་བསྐུལ་མ་ཞུས་པ་བཞིན་ཟུར་སྣོན་དང་བཅས་གོང་གི་མཛད་རྣམ་མམ་ངོ་སྤྲོད་རགས་བསྡུས་སུ་བཀོད་པའི་ཁུལ་དུ་ལགས་སོ།། །།

༼༡༽མཆན། འཆད་རྩོད་རྩོམ་གསུམ།

དགོངས་ཚུལ་གཅིག

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།