ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན་གྱི་མཛད་རྣམ་ཚིགས་སུ་བཅད་པ།

0
1061
ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན།

རྩོམ་གྱི་ཡོང་ཁུངས། ཁྱུང་སྨོན་ལམ་གྱི་གདོང་དེབ།

༧ ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན། ༡༨༩༧ ལོར་སྐུ་འཁྲུངས། ༡༩༣༦ ལོར་སྟོད་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་ཕྱག་བཏབ། ༡༩༥༥ ཤིང་མོ་ལུག་བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་དགོངས་པ་རྫོགས། དེ་ཡང་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ ༡༩༨༨ ལོའི་པར་མ། དེབ་གཟུགས་ཤོག་གྲངས་ ༤༦༣ ལས།
ད་ནི་བྱེ་བྲག་རང་གི་རྩ་བའི་བླ།།
གཞན་རྣམས་གོང་ཁུངས་སོ་སོར་བཀོད་དེ་འདིར།།
ངོ་སྤྲོད་འདེབས་བྱེད་དྲིན་ལྡན་དམ་པ་གཉིས།།
བྱོན་ཚུལ་མདོ་ཙམ་བཀྲོལ་འོས་ཆེ་ནའང།།
ཡི་གེའི་འཇིག་ཕྱིར་མ་སྟོང་ཙམ་ཞིག་ནི།།
དང་པོ་དྲང་སྲོང་གཡུང་དྲུང་རྒྱལ་མཚན་ནམ།།
འཁོར་ལོའི་མགོན་པོ་འཇིགས་མེད་ནམ་མཁའ་ནི།།
མདོ་སྟོད་ཧོར་འབྲོག་ཚོ་དགུའི་སྤྱི་རྒྱལ་གྱི།།
ནང་བློན་ག་རྒྱ་ཚང་ཞེས་རིགས་མཐོ་བ།།
ཡབ་ནི་ག་རྒྱ་བསོད་ནམས་བསྟན་དར་དང།།
ཡུམ་ནི་ཧོར་མོ་ནམ་མཚོ་ཞེས་གཉིས་ལ།།
སྲས་བདུན་ལྕམ་གཅིག་བྱུང་བའི་ཆེ་འགོས་ཏེ།།
རབ་ཚེས་མེ་མོ་བྱ་ཡི་ལོ་ལ་འཁྲུངས།།
ཆུང་ནས་སྐྱེས་ཐོབ་ཤེས་རབ་རྩལ་ཆེ་བས།།
སྦྱང་བྱ་ཐ་དག་ལན་རེ་ཟུང་རེས་མཁྱེན།།
སྲིད་པའི་ཕུན་ཚོགས་དུག་སྦྲུལ་གཟེབ་ལྟར་བསྐྱུར།།
སྒོ་སྟོན་ཉི་མ་རྒྱལ་ལས་རབ་བྱུང་སྟེ།།
ཕྱི་ནང་དབང་ཁྲིད་ངོ་སྤྲོད་བཅས་པ་ཞུས།།
དགེ་རྒན་རྒྱལ་བ་ཚུལ་ཁྲིམས་དང་འགྲོགས་བསྟེན།།
སྤ་སྟོན་ཉི་མ་འབུམ་གསལ་མདུན་དྲུང་དུ།།
མདོ་སྔགས་སེམས་གསུམ་དབང་ཁྲིད་ཅི་རིགས་ཞུས།།
དགུང་ལོ་ཉེར་གསུམ་ཐོག་ནས་བྱ་བཏངས་ཕེབས།།
སྨན་རི་ལ་སོགས་གྲྭ་སར་འབུལ་ཚོགས་སྦྱར།།
མཁན་ཆེན་ཕུན་བློའི་མདུན་ནས་དབང་གདམས་ནོད།།
མཁན་སློབ་རྣམས་སོགས་བཤེས་གཉེན་མང་བསྟེན་ཅིང།།
ཁྱད་པར་དགེ་སློང་ཉི་མ་གྲགས་པའི་མདུན།།
ཐེག་ཆེན་ཉམས་རྒྱུད་མ་ལུས་རྫོགས་པར་ཞུས།།
དེ་ནས་མཁར་སྣར་ལོ་གཅིག་སྒྲུབ་མཛད་དེ།།
མུན་ཁྲིད་ཁྲ་ཁྲིད་འོད་གསལ་བཅུད་ལེན་བསྐྱངས།།
དེ་རྗེས་ཉང་སྟོད་ཕྱུག་མོ་དཔལ་རི་དང།།
འབྲིག་མཚམས་མཐའ་དཀར་ལྷ་རི་ཉི་ཕུག་སོགས།།
གཙང་དབུས་ལྷོ་འབྲུག་རྒྱ་བལ་ཟ་ཧོར་དང།།
ཁུ་ནུ་མངའ་རིས་གངས་རི་མཚོ་གསུམ་སོགས།།
ཞང་ཞུང་གནས་ཆེན་དབེན་ཁྲོད་ཀུན་ཉུལ་བསྒྲུབ།།
སྒོམ་རྟོགས་ནམ་མཁའ་ལྟ་བུ་མཐའ་དང་བྲལ།།
མཁྱེན་རབ་ཉི་མ་བརྒྱ་པའི་གཟི་འོད་འབར།།
ཕྱི་ནང་རྒྱུད་སྡེ་རིག་གཞུང་ཀུན་ལ་མཁས།།
བཀའ་ཡི་འཁོར་ལོས་མཐའ་འཁོབ་དགེ་ལ་བཙུད།།
ཁྱུང་ལུང་དངུལ་མཁར་བོན་བསྟན་སྒྲུབ་སྡེ་བཏབས།།
ཐུགས་དམ་ཞི་ཁྲོ་མཛད་དེ་སྒྲུབ་རྒྱུན་བཙུགས།།
བཤད་སྒྲུབ་རྒྱལ་མཚན་སྒོམ་རྟོགས་གཟི་འོད་འབར།།
དམ་ཅན་རྒྱ་མཚོས་དབྱེར་མེད་འཕྲིན་ལས་སྒྲུབ།།
ཆོས་ཚན་མང་པོས་འགྲོ་བློ་ཚིམས་པར་མཛད།།
སྨན་རྩིས་ལ་སོགས་རིག་གཞུང་བསྟན་བཅོས་བརྩམས།།
བོན་གྱི་རྒྱུད་སྡེ་མང་པོ་འཕྲུལ་དཔར་དྲངས།།
བསྟན་འགྲོའི་དོན་མཛད་རྒྱ་ཆེན་གྲུབ་པའི་ངང།།
དགུང་གྲངས་དྲུག་ཅུ་ཐོག་མར་མ་འོངས་ཀྱི།།
འབྱུང་ཚུལ་ལུང་བསྟན་བསྩལ་ཏེ་མཁའ་སྤྱོད་གཤེགས།།
གསུང་སྐྱེས་བོན་ཆོས་སློབ་མ་རབ་ཏུ་མང།།
གདུལ་བྱ་སྨིན་གྲོལ་ཕྲིན་ལས་རྒྱུད་འཛིན་དང།།
གསང་གསུམ་བསྟན་རྒྱུན་ཞལ་ལུང་བཞིན་དུ་གྲུབ།།
གཞན་ཕན་འཕྲིན་ལས་བསྟན་འགྲོའི་དཔལ་མགོན་གྱུར།།
ཞེས་གསལ་ཡོད།
སྐུ་པར། བོན་སྒོ་རྩོམ་སྒྲིག་པ་ཉི་མ་འོད་ཟེར་གྱིས་མཐུན་འགྱུར་གནང།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།