ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པ།

0
3024

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་སྦྱིན་པ།

བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གུ་དུན་ཧྲུན།།

མཁྱེན་དང་བརྩེ་བ་ནུས་པ་གསུམ་ལ་སྐྱབས་སུ་འཆི།།

༼༡༽

སྐྱེ་བཞེས་བོན་སྒོར་ཞུགས་ཏེ་བླ་མར་བསྟེན།།

ཁྲིད་ལུང་དབང་གསུམ་ཞུས་ནས་སློབ་གཉེར་གནང་།།

༼༢༽

མཛད་འཕྲིན་ཁུར་དུ་བླངས་ནས་སློབ་ཚོགས་བསྐྱངས།།

གཞུང་འཛིན་སློབ་དཔོན་ཞེས་པའི་མཚན་གནས་བཞེས།།

༼༣༽

ཚད་གསུམ་ལུང་དུ་བསྒྲིགས་པའི་གཏན་ཚིགས་སྒོས།།

ཕྱི་རབས་རྣམས་ལ་གཅེས་བཞག་ལྗགས་རྩོམ་སྤེལ།།

༼༤༽

དེང་རབས་གློག་འཕྲུལ་དཔྱད་ཞིབ་ཚད་མའི་ངོར།།

ཉམས་ལེན་གནད་དུ་བསྣུན་ནས་དྲོད་ཚད་བསྟན།།

༼༥༽

གངས་ཀྱི་རི་སུལ་འགྲིམས་པའི་ཕྱག་རྗེས་སུ།།

དངོས་ཐོག་བདེན་པའི་ངོ་རིས་གཟུགས་སུ་ཕབ།།

༼༦༽

བདེན་པའི་ལུགས་དང་དངོས་པོའི་དོན་བརྟགས་ནས།།

མཁས་པའི་གར་སྟེགས་འཛེགས་ཏེ་བགྲོ་གླེང་གནང་།།

༼༧༽

བྱ་བ་དྲུག་གིས་གཏོང་བཞག་ཚད་བཏེགས་ཏེ།།

གོང་མའི་རྗེས་བཟུང་བསྟན་འགྲོའི་དོན་ཆེན་བསྒྲུབས།

      ཞེས་འཕགས་ནོར་བདུན་ལྡན་གྱི་ལེའུ་ཚན་གྲངས་སུ་བཅད་པའི་སྔོན་འགྲོའི་བཤད་པ་འདིས་ཁོག་ཕུབ་སྟེ་དངོས་སུ་འཇུག་པར་བྱ་བ་ནི་དགེ་བའི་བཤེས་གཉེན་དྲང་སྲོང་དགེ་ལེགས་སྦྱིན་པ་ལགས་ཀྱི་སྐུ་ཡི་མཚན་དཔེ་འཇིག་རྟེན་གྱི་ཁམས་སུ་བཞད་ནས་ད་བར་གྱི་མི་ཚེའི་ཆ་ཤས་ཀྱི་རྣམ་ཐར་རམ་ངོ་སྤྲོད་རོབ་བསྡུས་ཤིག་ཤེས་འདོད་ཅན་གུས་བརྩི་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་ལེའུ་ཚན་གྱི་རྣམ་གྲངས་བདུན་ལྡན་གྱི་སྒོ་ནས་ཅུང་ཞིག་གླེང་བར་བྱའོ།།

ལེའུ་ཚན་དང་པོ།
སྐྱེ་བཞེས་བོན་སྒོར་ཞུགས་ཏེ་བླ་མར་བསྟེན།།
ཁྲིད་ལུང་དབང་གསུམ་ཞུས་ནས་སློབ་གཉེར་གནང་།།

      ཐོག་མར་ཁོང་ཕྱི་ལོ་༡༩༦༨ལོར་མདོ་ཁམས་རྔུལ་རྫའི་སྒང་སྟོད་ཁྱུང་པོ་ནག་རུའི་ཝ་རྫོང་དུ་སྐུ་འཁྲུངས། དེ་ནས་བོན་སྒོར་མ་ཞུགས་བར་གྱི་གཞོན་ནུའི་མཛད་སྤྱོད་དང་སྐྱེད་སྲིང་བྱུང་རབས་སོགས་ནི་འགྲོ་བ་མི་རྣམས་དང་སྤྱི་མཐུན་ཡིན་པས་འདིར་ཆེ་བཤད་ཀྱི་རིགས་རུས་དང་སྦོམ་པོའི་འུད་ཤོབ་བཅས་ཀྱི་སྤྲོས་པ་བསྐྱུངས་སོ།།

     Geshe Gelek Lingpa  ཕྱི་ལོ་༡༩༨༦ལོར་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གངས་ལྗོངས་སུ་ཕེབས་ཐེངས་དང་པོ་བསྐྱངས་པ་དང་འབྲེལ་ཉིད་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་ཁྲིམས་བཞེས་ཏེ་མཐོང་གྲོལ་རི་དགོན་གྱི་སྒྲིག་ཁོངས་སུ་ཞུགས། དེ་ནས་༡༩༨༨བར་ནག་རུ་མཁན་པོ་བོན་དབྱིངས་རང་གྲོལ་དང་། མཐོང་གྲོལ་རི་ཁྲོད་དགོན་གྱི་གནམ་ལྷ་རིན་པོ་ཆེ།རྩེ་དྲུག་དགོན་གྱི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་གཙུག་ཕུད་ཚུལ་ཁྲིམས་བཅས་བརྙེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་བླ་མར་བསྟེན་ཏེ་ཁོང་རྣམ་པའི་སྐུ་གོམ་ནས་ཟམ་མོ་སྐུ་གསུམ་བཅུད་དྲིལ་སོགས་བོན་གྱི་ཁྲིད་གདམས་དུ་མ་ཞུས་པ་དང་། གསན་པ། སྦྱོང་བ་དང་། ཉམས་ལེན་གནང་བ་སོགས་དགེ་སྒྲུབ་སྡིག་སྤང་གི་ཚུལ་བོན་བཞིན་གནང་རྒྱུའི་གོ་སྐབས་ཐོབ། དེ་བཞིན་ཤར་རྫའི་མཛོད་ཆེན་ལྔ་ཡི་ཁྲིད་ལུང་དབང་གསུམ་ཆད་ལྷག་མེད་པར་གསན་བསམ་ཉམས་བཞེས་གནང་སྟེ་སྔོན་འགྲོ་དངོས་གཞི་རྩ་རླུང་བཅས་ལ་ཁྲིད་རིམ་ཁག་ནས་ཇི་ལྟར་བསྟན་པ་བཞིན་སློབ་སྦྱོང་དང་ལག་ལེན་གནང་རྒྱུའི་གོ་སྐབས་ཐོབ་ཡོད།

      ཕྱི་ལོ་༡༩༨༩ནས་བཟུང་༡༩༩༩༢བར་ལུང་དཀར་སློབ་དཔོན་དྲང་སྲོང་གཡུང་དྲུང་རིན་པོ་ཆེ་མཆོག་དགེ་བའི་བཤེས་གཉེན་དུ་བསྟེན་ཞིང་རྩེ་དྲུག་དང་ལུང་དགོན་གཉིས་ཀྱི་བཤད་སྒྲུབ་འདུས་སྡེའི་ཁོངས་སུ་ཞུགས་ནས་བསྡུས་རྟགས་བློ་ཚད་དང་། ཕར་ཕྱིན་འདུལ་མཛོད་དབུ་ལ་བཅས་ལ་གསན་བསམ་དང་། རྒྱུགས་སྤྲོད། རྩོད་སྦྱོང་བཅས་སྒྲིག་ལམ་ལྟར་ཚུལ་མཐུན་བགྱིས་ཤིང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་ཡེ་ཁྲི་མཐའ་སེལ་སོགས་རྫོགས་པ་ཆེན་པོའི་བོན་སྡེ་དུ་མའི་དབང་ལུང་གི་གདམས་ངག་ཀྱང་ཐོབ།

      ཕྱི་ལོ་༡༩༩༢ལོ་དེར་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་གངས་ལྗོངས་སུ་ཕེབས་ཐེངས་གཉིས་པ་བསྐྱངས་པ་དང་འབྲེལ་དམ་པའི་དྲུང་ནས་དབང་ལུང་ཁྲིད་གདམས་དུ་མའི་བྱིན་རླབས་ཀྱི་ཚན་ཁ་ཐོབ་པ་མ་ཟད་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཀྱང་བཞེས།

     ཕྱི་ལོ་༡༩༩༢ལོ་མཇུག་དེར་ཕྱི་ཕྱོགས་སུ་སློབ་གཉེར་དུ་ཕེབས་ཤིང་༧འཛམ་གླིང་བོན་གྱི་གཙུག་རྒྱན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་གསེར་ཞལ་མཇལ་བ་དང་གདམས་ངག་ཐོབ་པ་མ་ཟད་༧དཔལ་ལྡན་སྨན་རི་དགོན་དུ་ལོ་ངོ་གསུམ་ཙམ་གྱི་རིང་དགེ་བའི་བཤེས་གཉེན་དུ་མའི་ཞལ་སྔ་ནས་བསྡུས་རྟགས་བློ་གསུམ་དང་ས་ལམ། རིག་གནས་བཅས་སླར་ཡང་བསྐྱར་སྦྱོང་ཞུས། 

      ཕྱི་ལོ་༡༩༩༤ལོར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་ཐེག་རིམ་དང་། ས་ལམ། ཕར་ཕྱིན་འདུལ་མཛོད་དབུ་མ་གཙོས་ཕྱི་མཚན་ཉིད་ཀྱི་བོན་སྡེ་སྐོར་དང་། སངས་རྒྱས་རྒྱུད་གསུམ་གཙོས་ནང་བསྒྱུར་ལམ་གསང་སྔགས་ཀྱི་སྐོར། ཨ་སྙན་རྫོགས་གསུམ་གཙོས་གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བོན་སྐོར་བཅས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཆ་རྐྱེན་ཡན་ལག་དང་བཅས་པར་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སློབ་གཉེར་ལ་མི་ཚེ་དོན་ཡོད་བསྐྱལ་རྒྱུའི་གོ་སྐབས་ཐོབ། དེ་བཞིན་༧སྐྱབས་རྗེ་དམ་པ་རྣམས་ཀྱི་དྲུང་ནས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་སྒོ་ནས་ཁྲིད་ལུང་དབང་གསུམ་གྱི་རྒྱུད་པ་དང་བྱིན་རླབས་ཀྱི་ཚན་ཁ་ཐོབ་ཅིང་ཐོས་དོན་རང་རྒྱུད་ལ་འཇུག་པའི་སྐལ་བཟང་གི་གོ་སྐབས་ཁུར་དུ་བླངས། ད་དུང་སུམ་རྟགས་དག་གསུམ་དང་སྙན་རྩིས་བཟོ་རིགས་སོགས་རིག་པའི་གནས་རྣམས་ལའང་སྦྱོང་བརྩོན་ཚུལ་མཐུན་བགྱིས་མཐར་༢༠༠༡ལོར་<<གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་>>ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས།

ལེའུ་ཚན་གཉིས་པ།
མཛད་འཕྲིན་ཁུར་དུ་བླངས་ནས་སློབ་ཚོགས་བསྐྱངས།།
གཞུང་འཛིན་སློབ་དཔོན་ཞེས་པའི་མཚན་གནས་བཞེས།།

       ཕྱི་ལོ་༡༩༩༤ལོར་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་བཞུགས་པ་ནས་བཟུང་༢༠༡༡ད་བར་དཔེ་ཁྲིད་དགེ་རྒན་གྱི་འགན་འཁྲི་ཁུར་དུ་བཞེས་ཤིང་སློབ་ཚོགས་རྒྱུན་སྐྱོང་གནང་བ་མ་ཟད་དགེ་བསྐོས་ཀྱི་ལས་སྣེ་ཡང་བཞེས་མྱོང་ཡོད། ཕྱི་ལོ་༢༠༠༡ལོར་རྡོ་གདན་དུ་དགེ་ལྡན་སྨོན་ལམ་འཕར་མ་འཚོགས་སྐབས་དགོན་གྱི་བཤད་གྲྭ་རྣམས་འབྲེལ་ཡོད་ཀྱིས་གདན་ཞུས་མགྲོན་འབོད་གནང་དོན་བཞིན་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་དབུས་པའི་ཁྲི་བརྟན་ནོར་བུ་རྩེའི་དགོན་གྱི་བླ་གྲྭ་ཞལ་གྲངས་དྲུག་ཅུ་ལྷག་ཙམ་རྡོར་གདན་དུ་ཕེབས་པ་དང་། དེ་རུ་ཞག་གྲངས་བཅུ་ལྷག་ཙམ་རིང་གདན་ས་སེར་འབྲས་དགའ་གསུམ་གྱི་སློབ་གཉེར་བ་རྣམས་དང་ལྷན་དུ་བརྒལ་རྟགས་རིགས་པའི་བགྲོ་གླེང་གནང་། སྐབས་དེར་དགེ་བཤེས་ཁོང་གིས་དགག་བཞག་གི་གནད་གང་ལ་ཡང་དཔྱད་གསུམ་དག་པའི་རིགས་ལམ་འགལ་མེད་ཀྱིས་རྩོད་པ་དང་རྩོད་སྤོང་བགྲོ་གླེང་བཅས་གནད་སྨིན་མཁས་པ་དགྱེས་པའི་མཆོད་སྤྲིན་དུ་བཤམས་ཤིང་ཁོང་ནི་དེ་དུས་ཤེས་རབ་ཀྱི་སྤོབས་པ་ཐོབ་པའི་རིགས་སྨྲའི་ཁྱུ་མཆོག་ཅེས་ཕན་ཚུན་ཐུན་མོང་གིས་དགའ་བསུ་ཐོབ་པའི་མི་སྣ་ཞིག་ཀྱང་གནང་མྱོང་ཡོད།

      ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས ༢༣ གཟའ་སྐར་འཕྲོད་སྦྱོར་དུས་བཟང་གི་ཉིན་མོར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྐྱབས་རྗེ་༸ཡོངས་འཛིན་སྨྲ་བའི་དབང་པོ་དབུ་བཞུགས་ཐོག་སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གདན་སའི་སློབ་གཉེར་གྱི་ཇི་ལྟར་བཅའ་བཀོད་བཞིན་ཐོས་བསམ་གྱི་མཛད་པ་མཐར་ཕྱིན་པ་དང་། རང་དོན་གྱི་མཛད་སྒོ་ཇི་བཞིན་བསྒྲུབས་ནས་ལོ་མང་རིང་ལྷག་བསམ་རྣམ་དག་ཐོག་རང་གཞུང་རྣམས་འདུས་སྡེར་འཆད་ཁྲིད་གནང་སྟེ་སློབ་ཕྱོགས་བསྐྱངས་བའི་ཚུལ་རྣམས་རྒྱལ་བསྟན་རིན་པོ་ཆེའི་ཞབས་འདེགས་སུ་འོས་བབས་གཟིགས་པར་བརྟེན་དགེ་བའི་བཤེས་གཉེན་རྣམ་པ་ལྔ་ལ་རྩ་གཞུང་འཛིན་པའི་སློབ་དཔོན་གྱི་མཚན་གནས་གསོལ་བ་ལྟར་ཁོང་ཡང་<<རྩ་གཞུང་འཛིན་པའི་སློབ་དཔོན>>གྱི་མཚན་གནས་ཐོབ་པའི་མི་སྣ་ཞིག་ཏུ་གྱུར།

ལེའུ་ཚན་གསུམ་པ།
ཚད་གསུམ་ལུང་དུ་བསྒྲིགས་པའི་གཏན་ཚིགས་སྒོས།།
ཕྱི་རབས་རྣམས་ལ་གཅེས་བཞག་ལྗགས་རྩོམ་སྤེལ།།

      ཁོང་གིས་ཕྱི་རབས་རྣམས་ལ་གཅེས་སུ་བཞག་པའི་ལྗགས་རྩོམ་གྱི་སྐོར་ལ་༢༠༠༠ལོར་<<བསྭོ་ཡི་མཚོན་དོན་གྱི་སྐོར་ལ་དཔྱད་པ>>ཞེས་པའི་དཔྱད་གཏམ་ཐོག་མ་དེ་སྤེལ་གནང་བས་དོ་སྣང་ཅན་མང་པོ་ཞིག་གིས་དགའ་བསུ་དང་བསྟོད་ཚིག་གི་མེ་ཏོག་ཕུལ། དེ་རྗེས་ཕྱི་ལོ་༢༠༠༡ལོར་ཉི་ཧོང་གི་མཁས་དབང་སྐུ་ཞབས་ཡ་ཤུ་ཀོ་ན་ག་ནོ་(Yasuhiko Nagaano)་དང་། རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་སོགས་ཀྱི་ལྷན་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་<<སོག་སྤྲུལ་བསྟན་པའི་ཉི་མས་དཔར་སྐྲུན་ཞུས་པའི་བོན་གྱི་བརྟེན་འགྱུར>>བོན་གྱི་བརྟེན་འགྱུར་གྱི་དཀར་ཆག་བསྒྲིགས་ཞུས་གནང་བ་མ་ཟད་ཞོར་དུ་<<གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བྱུང་རིམ་གཟུར་གནས་དགྱེས་པའི་འབེལ་གཏམ>>ཞེས་པའི་དེབ་ཕྲེང་ཐོག་མ་དེ་ཡང་བཏོན། ཐོག་མའི་དཔར་གྲངས་དེ་ཉིད་ཀྱིས་རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱི་འདོད་བློ་སྐོང་མ་ཐུབ་པར་སླར་ཡང་ཕྱི་ལོ་༢༠༠༨ལོར་དཔར་ཐེངས་གཉིས་པ་དཔར་ཏེ་ཕྱི་ནང་གང་སར་འགྲེམ་སྤེལ་ཞུས། དཔེ་དེབ་དེ་ཉིད་ཀུན་གྲོལ་ལྷ་སྲས་ཀྱིས་དཔར་གནང་བའི་བོན་གྱི་བཀའ་འགྱུར་ལྟར་པོད་གྲངས་དང་ལྡེབ་གྲངས། མདོ་འབུམ་རྒྱུད་མཛོད་ཀྱི་སྡེ་ཚན་བཅས་ཁ་གསལ་གོ་བདེ་ཅན་ཞིག་ཡིན་པ་མ་ཟད་བཀའ་འགྱུར་གྱི་བྱུང་རིམ་ལོ་རྒྱུས་སྐོར་ལ་ལུང་རིགས་གཏན་ཚིགས་དུ་མས་ཕྱུག་ཡོད་པ་ཞིག་རེད།

      དེ་བཞིན་<<སྔོན་རབས་སུ་སྟོན་པ་སངས་རྒྱས་ཀྱིས་ས་ལམ་བགྲོད་ཚུལ་ལ་ཟུར་ཙམ་དཔྱད་པའི་གཏམ་མུན་སྣང་འོད་གསལ>>ཞེས་པ་དང་། <<ཞང་ཞུང་སྲིད་པའི་བླ་མཁར་འོམ་པོ་སྒོ་བཞི་ལས་འཕྲོས་པའི་སྲིད་པ་སྤྱི་རྗེའི་འོད་སྣང་>> <<མཁའ་འགྲོ་ཅོ་ཟ་བོན་མོའི་རྣམ་ཐར་སྐལ་ལྡན་སེམས་ཀྱི་སྒྲོན་མེ>><<བོན་གསར་གྱི་བྱུང་ཁུངས་ལ་དཔྱད་པའི་གཏམ་དྲང་བདེན་ལོ་རྒྱུས་ཀྱི་རི་མོ>>ཞེས་པ་སོགས་བོན་གྱི་ལོ་རྒྱུས་དངོས་ལ་ཁུངས་བཅར་བའི་དཔྱད་བརྗོད་སྣ་ཚོགས་ཞིག་སྤེལ་གནང་ཡོད། ད་དུང་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་བོན་གྱི་སྐོར་ལ་དཔྱད་གཏམ་མི་འདྲ་བ་དུ་མ་སྤེལ་ཏེ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཁག་གི་སྟོང་ཆ་གལ་ཆེན་བཀང་གནང་ཡོད་པ་ནི་དངོས་དོན་ལོ་རྒྱུས་ཀྱི་སྟེང་ནས་ར་འཕྲོད་གསལ་པོ་ཐེབས་ཐུབ་པ་ཞིག་རེད།

ལེའུ་ཚན་བཞི་པ།
དེང་རབས་གློག་འཕྲུལ་དཔྱད་ཞིབ་ཚད་མའི་ངོར།།
ཉམས་ལེན་གནད་དུ་བསྣུན་ནས་དྲོད་ཚད་བསྟན།།

      ཕྱི་ལོ་༢༠༠༡ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ཇི་ལྟར་བཀའ་སློབ་ལམ་སྟོན་འོག་(France)ཕྷ་རན་སིའི་བྱང་ཕྱོགས་(Normendie)ཞེས་པའི་ས་གནས་སུ་ཕེབས་ཏེ་གཤེན་གྱི་རྣལ་འབྱོར་བ་དྲང་སྲོང་སངས་རྒྱས་སྨོན་ལམ་དང་། གཤེན་གྱི་རྣལ་འབྱོར་བ་དྲང་སྲོང་ཤེས་རབ་ལེགས་ལྡན་བཅས་ཁོང་རྣམ་པ་གསུམ་གྱིས་ཉིན་ཞག་བརྒྱ་ཡི་རིང་བོན་གྱི་རྩ་རླུང་སྐོར་ལ་སྦྱང་བརྩོན་གནང་། སྐབས་དེར་འབྲེལ་ཡོད་བསྐལ་པ་ཚོགས་པས་(Kalpa Group) ཨ་རི་(America)དང་། ཨི་ཊ་ལིས་(Italy) ཕྷ་རན་སི་(France) དབྱིན་ལན་(England)སོགས་ནས་ཆེད་ལས་ཚན་རིག་མཁས་ཅན་གྱི་ལྷ་རྗེ་དུ་མ་གདན་དྲངས་ཏེ་བོན་གྱི་རྩ་རླུང་སྐོར་ལ་དེང་རབ་འཕྲུལ་ཆས་ཀྱི་ལམ་ནས་དཔྱད་ཞིབ་བྱས་པས་ཁོང་རྣམ་པར་ཉམས་ལེན་གྱིས་བྱིན་པའི་གཟུགས་པོའི་དྲོད་ཚད་འཕར་སྟངས་དང་། ལུས་ཀྱི་འགྱུར་བ་འགྲོ་སྟངས། དབུགས་ཀྱི་འབྱིན་རྔུབ་རིང་ཐུང་། བཟང་ངན་ཁྲག་གི་འཕེལ་ཚད་ཆེ་ཆུང་བཅས་ལ་ཐུན་མོང་མ་ཡིན་པའི་རྟགས་ཚད་ཐོན་པར་བརྟེན་ཆེད་མཁས་པ་རྣམས་ཀྱིས་བསྔགས་བརྗོད་དང་འབྲེལ་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། འདི་ནི་བོན་གྱི་ཉམས་ལེན་དང་དེང་རབས་ཚན་རིག་གི་རིག་གནས་འབྲེལ་བའི་དཔྱད་ཞིབ་ཐེངས་དང་པོ་ཞིག་ཀྱང་ཡིན་པ་རེད།

ལེའུ་ཚན་ལྔ་པ།
གངས་ཀྱི་རི་སུལ་འགྲིམས་པའི་ཕྱག་རྗེས་སུ།།
དངོས་ཐོག་བདེན་པའི་ངོ་རིས་གཟུགས་སུ་ཕབ།།

      ཕྱི་ལོ་༢༠༠༢ལོར་དགེ་བའི་བཤེས་གཉེན་ཁོང་གིས་<<བསྐལ་པ་ཚོགས་པ>> (Kalpa Group)དང་ལྷན་དུ་གདོད་མའི་བོན་གྱི་གནའ་ཤུལ་དང་ལྷ་འབེབ་ཀྱི་སྐོར་ལ་ཞིབ་འཇུག་གི་ལས་དོན་དབུ་འཛུགས་གནང་། ཞིབ་འཇུག་གི་ལས་དོན་དེ་ཉིད་མི་སྣ་དུ་མ་ཚོགས་པའི་གློག་བརྙན་གྱི་ཚོགས་པ་ཞིག་ཡིན་པ་དང་། ཁོང་ཚོ་ཐོག་མར་བལ་ཡུལ་འོམ་གློའི་ཕྱོགས་བརྒྱུད་ནས་གངས་རི་མཚོ་གསུམ་ལ་གནས་སྐོར་དུ་ཞབས་ཕེབས་ཅིང་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི་རིང་དཀའ་ཚེགས་དུ་མ་བརྒྱུད་མཐར་<<ཞང་ཞུང་ཞིབ་འཇུག>>(In Search of Zhang Zhung) ཅེས་པའི་བརྙན་འཕྲིན་ཞིག་ཁོང་ཚོས་འགྲེམས་སྤེལ་ཞུས་ཡོད་པ་དང་དེའི་ནང་དགེ་བཤེས་ཁོང་ནི་གལ་ཆེ་མི་སྣའི་འཁྲབ་སྟོན་པ་གནང་ཡོད། སྐབས་དེར་ཁོང་དང་མཁས་དབང་ཆར་ལིའི་སི་རམ་བྷོལ་(Charles Ramble)སོགས་ཀྱི་མཉམ་ལས་ཐོག་གནས་སྐོར་གྱི་འཆར་སྣང་དང་འབྲེལ་བའི་གློག་བརྙན་དེའི་ནང་གི་བརྗོད་དོན་ཏེ་བོན་གྱི་ལོ་རྒྱུས་ལས་འཕྲོས་པའི་དཔྱད་དེབ་<<བརླགས་སོང་བའི་བོན་གྱི་རྒྱལ་ཁམས་འཚོལ་བའི་གསང་བ་བྱིན་རླབས་ཅན་གྱི་བོད་ཀྱི་གནས་སྐོར>> (Sacred Landscape And Pilgrimage In Tibet: In Search of the Lost Kingdom of Bon) ཞེས་པ་པར་རིས་དང་འགྲེལ་བཤད་སྦྲགས་མའི་དེབ་ཆེན་ཞིག་མཁས་དབང་ཆར་ལིའི་སི་རམ་བྷོལ་(Charles Ramble)གཙོས་<<བསྐལ་པ་ཚོགས་པ>>(Kalpa Group)དང་མཉམ་འབྲེལ་ཐོག་དཔར་སྐྲུན་ཞུས་ཏེ་འཛམ་གླིང་གི་མཁས་དབང་རྣམས་ཀྱིས་ཆེད་མཐོང་གནང་སའི་དཔེ་དེབ་ཀྱི་གྲལ་དུ་འགྲེམས་སྤེལ་དང་གཅེས་བཞག་ལེགས་གྲུབ་བྱུང་ཡོད་པ་རེད། དེ་འབྲེལ་བརྙན་འཕྲིན་དེ་ཉིད་བལ་པོ་དང་། ཕྷ་རན་ཆི(Franch) དབྱིན་ཇི(English)སོགས་ཚོགས་སྡེ་སྤྱི་སྒེར་དུ་མས་གཟུགས་མཐོང་གི་འཕྲིན་ལམ་ནས་འགྲེམ་སྟོན་གནང་ཡོད་པས་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་དང་མི་སྣ་དུ་མས་དགའ་བསུ་ཐོབ་པ་མ་ཟད་བརྙན་འཕྲིན་དེ་ནི་བོན་གྱི་སྐོར་ལ་ཆེས་མཐོའི་ཚད་གཞི་འོས་པའི་གློག་བརྙན་ཐོག་མ་དེ་རེད་ཅེས་བརྗོད་ན་ཕལ་ཆེར་མི་འགྲིགས་རྒྱུ་མེད་པར་སེམས། དེ་མིན་ཁོང་གིས་གནས་སྐོར་དེའི་འཆར་སྣང་དང་འབྲེལ་བའི་<<ཞང་ཞུང་མེས་པོའི་གནའ་ཤུལ་གནས་སྐོར་བའི་འཆར་སྣང་>>ཞེས་པའི་དེབ་ཅིག་བྲིས་རྩོམ་གནང་ཡོད་པ་དང་། དཔེ་དེབ་དེ་ཉིད་ད་སྐབས་དབྱིན་ཇིའི་མཁས་དབང་ཆར་ལིས་སི་རམ་བྷོལ་(Charles Ramble)གྱིས་དབྱིན་སྐད་ཐོག་ཕབ་སྒྱུར་ཞུ་བཞིན་པའི་གནས་ཚུལ་ལགས།

       དེ་རྗེས་ཁོང་དབྱིན་ཡུལ་དུ་ཕེབས་ཏེ་(Oxford University)མཐོ་སློབ་འགྲིམས་ཤིང་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་གནང་། དེ་རྗེས་ཕྱི་ལོ་༢༠༠༨ལོར་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་བཀའ་མངགས་བཞིན་གནའ་བོའི་བོན་གྱི་ཡུལ་ལྗོངས་གློ་དང་དོལ་ཕྱོགས་སོགས་ཧི་མ་ལ་ཡའི་རི་སུལ་བརྒྱུད་ནས་དེ་གའི་བོན་གྱི་ཡུལ་སྡེ་དགོན་ཤུལ་དང་། མཁར་རྫོང་དཔེ་རྙིང་སོགས་བཙལ་འཚོལ་གནང་སྟེ་མཐའ་མའི་ཉམས་མྱོང་ཕྱོགས་བསྡོམས་སྒོས་ཁ་བྱང་དུ་<<ཞང་ཞུང་མེས་པོའི་གནའ་ཤུལ་ཧི་མ་ལ་ཡའི་རི་སུལ་དུ་ཆགས་པའི་བལ་ཡུལ་བོན་པོའི་གནས་སྟངས་ལས་འཕྲོས་པའི་གཏམ་སྲིད་པའི་འོད་སྣང་>>(The History of the light of Existence-Traces of the great Zhang Zhung Ancestors in the Himalayas: The case of the Bonpo in Nepal.)ཞེས་པ་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཏམ་དེབ་ཕྲེང་ཞིག་བྲིས་རྩོམ་གནང་། དེས་ན་ཁོང་གིས་དཔེ་དེབ་དེ་ཉིད་ཀྱིས་བོན་གྱི་ལོ་རྒྱུས་ལ་དོ་སྣང་གནང་མཁན་ཕྱི་རྒྱལ་བའི་ཞིབ་འཇུག་སློབ་མ་རྣམས་ལ་ཐུགས་ཕན་གསོས་ཐུབ་པའི་རེ་བའང་གནང་བཞིན་འདུག ཁོང་གློ་ཡུལ་དུ་ཕེབས་སྐབས་ཆར་ལིས་སི་རམ་བྷོལ་(Charles Ramble)སོགས་ཕྱི་རྒྱལ་བ་ཞིབ་འཇུག་མཁས་ཅན་ཁག་གཅིག་དང་ལྷན་འཛོམས་བྱུང་འདུག་པ་དང་། ཕྱི་རྒྱལ་བ་དེ་ཚོར་གློ་ཡུལ་<<སྨར་རྫོང་>>ཅེས་པའི་ས་གནས་དེར་མཐོ་དབྱིངས་ཅན་གྱི་ཀྱི་ཕུག་པ་ཞིག་ཡོད་པ་དེའི་ནང་དཔེ་རྙིང་སོགས་ལོ་རྒྱུས་ཅན་གྱི་དངོས་རྫས་ཡོད་མེད་བརྟག་ཞིབ་ཆོག་པའི་ཆོག་མཆན་ཡོད་འདུག་པ་ལྟར་ཁོང་ལ་ཡང་ཁོང་ཚོ་དང་ལྷན་དུ་ཞིབ་འཇུག་གནང་རྒྱུའི་གོ་སྐབས་ཐོབ། ཁོང་ཚོ་ཕུག་པ་དེའི་ནང་ཕྱིན་སྐབས་ཕུག་པའི་སྦུག་ནས་ཁམས་ཆེན་དུམ་པ་བཅུ་དྲུག་གཙོས་བོན་དཔེ་འབོལ་ཆེན་ཞིག་གསར་དུ་རྙེད་སོན་བྱུང་ཡོད་པ་དང་། དེ་རྣམས་ཕྱོགས་བསྒྲིགས་དང་གཙང་ཕྱག་ཞུས་ཏེ་དེའི་སྐོར་དམིགས་བསལ་ཆེད་རྩོམ་ཞིག་བྲིས་གནང་ཡོད་པ་མ་ཟད་ཁ་བྱང་དུ་<<གློ་བོའི་ཡུལ་དུ་སྦས་པའི་བོན་གྱི་གཏེར་མཛོད>> (HIDDEN TREASURE OF BON SECRETS OF MUSTANG) ཞེས་པའི་བརྙན་འཁོར་ཞིག་ཀྱང་འགྲེམས་སྤེལ་གནང་ཡོད། <<ལོ་དེར་ད་དུང་ཁྲི་བརྟན་ནོར་བུ་རྩེའི་དགོན་གྱི་གྲྭ་པའི་མི་ཚེ་གནས་སྟངས>> (A film on the lifestyle of the monks in TRITEN NORBUTSE MONASTERY)ཞེས་དགོན་གྱི་་བཤད་སྒྲུབ་གཉིས་ཀྱི་བླ་གྲྭ་རྣམས་ཀྱིས་ཉིན་རེའི་རེའུ་མིག་ལྟར་སློབ་སྦྱོང་གནང་སྟངས་དང་འཚོ་བ་སྐྱེལ་སྟངས་དངོས་མཚོན་གྱི་བརྙན་འཁོར་ཞིག་ཀྱང་འགྲེམས་སྤེལ་ཞུས།

ལེའུ་ཚན་དྲུག་པ།
བདེན་པའི་ལུགས་དང་དངོས་པོའི་དོན་བརྟགས་ནས།།
མཁས་པའི་གར་སྟེགས་འཛེགས་ཏེ་བགྲོ་གླེང་གནང་།།

      ཕྱི་ལོ་༢༠༠༨ལོར་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་དང་། མཁས་དབང་མཁར་རྨེའུ་བསམ་གཏན་གཉིས་ཀྱིས་དབུ་འདྲེན་གནང་སྟེ་ཕ་རན་སིར་ཡོད་པའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་དུ་<<བོད་ཀྱི་ཆོས་རིག་གི་ཐོག་མའི་འབྱུང་ཁུངས་བོན་གྱི་རྒྱལ་སྤྱིའི་ཚོགས་འདུ>> (International Conference Bon, the indigenous source of Tibetan Religion and cultur)ཞེས་པ་ཞིག་བསྐོང་འཚོགས་གནང་སྐབས་སུ་དགེ་བཤེས་ཁོང་གིས་ཁ་བྱང་དུ་<<བོན་དང་བོན་པོ་ཞེས་པའི་ཚིག་དོན་ལ་དཔྱད་པ>>ཞེས་པའི་ཆེད་རྩོམ་སྒྲོགས་སྦྱང་ཞུས།

       ཕྱི་ལོ་༢༠༡༠ལོར་དབྱིན་ལེན་གྱི་མཐོ་སློབ་(Oxford)ཏུ་<<བོད་ཀྱི་རིག་གནས་ལ་སློབ་སྦྱོང་བྱས་ནས་ལོ་བཅུ་འཁོར་བའི་དུས་སྟོན་གྱི་ཚོགས་འདུ>>(A conference to Celebrate Ten Years of Tibetan Studies at Oxford)ཞེས་པའི་འདུས་ཚོགས་ཞིག་འཚོགས་ཡོད་པ་དེར་གདན་འདྲེན་ཞུས་ཤིང་ཁོང་གིས་ཚོགས་ཐོག་དེར་མཁས་དབང་རྣམ་པ་དང་ལྷན་དུ་དྲི་བཤད་ཀྱི་སྒོ་ནས་ཕན་ཚུན་བསམ་ཚུལ་དང་གོ་རྟོགས་སྤེལ་རེས་ཞུས།

ལེའུ་ཚན་བདུན་པ།
བྱ་བ་དྲུག་གིས་གཏོང་བཞག་ཚད་བཏེགས་ཏེ།།
གོང་མའི་རྗེས་བཟུང་བསྟན་འགྲོའི་དོན་ཆེན་བསྒྲུབས།།

       ཁོང་ཕྱི་གླིང་དུ་བཞུགས་རིང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ཆེད་འཛུགས་གནང་བའི་ཡུ་རོབ་བོན་ཚོགས་ཁག་ཏུ་སློབ་ཁྲིད་བསྐྱངས་པ་དང་། དམིགས་བསལ་རྩ་རླུང་འཕྲུལ་འཁོར་དང་གཏུམ་མོའི་ཉམས་ལེན་གྱི་གནད་རྣམས་སློབ་པ་སོགས་བོན་གྱི་འཁོར་ལོས་འགྲོ་བ་བསམ་གྱིས་མི་ཁྱབ་པ་ཞིག་ལ་བདེ་སྐྱིད་དང་ཞི་བདེའི་ལང་འཚོ་བསྐྲུན་དང་སྐྲུན་བཞིན་ཡོད། དེ་བཞིན་ལོ་ཙ་བ་ཀར་རོལ་(Carl)དང་ཌ་མིཊརིའི་(Dmitry)གཉིས་ཀྱི་ལྷན་དུ་རྫོགས་པ་ཆེན་པོ་ཡེ་ཁྲི་མཁའ་སེལ་ནང་གི་མོ་བརྒྱུད་ཀྱི་བརྡ་དོན་སུམ་ཅུ་པ་གཙོས་ཁྲིད་གདམས་ལེའུ་ཚན་མི་འདྲ་བ་སྣ་ཚོགས་པ་ཞིག་ཀྱང་དབྱིན་སྐད་དུ་ཕབ་བསྒྱུར་ཞུས་པ་དང་ཞུ་བཞིན་པའི་གནས་ཚུལ་ལགས་སོ།།

       མདོར་ན་ཁོང་གི་སྐུ་ཚེའི་ཆ་ཤས་ཏེ་དེ་རིང་གི་བར་དུ་ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་བོན་དང་ཞང་ཞུང་གི་རིག་གཞུང་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས་སོགས་ལ་དོ་སྣང་ཆེན་པོའི་སྒོ་ནས་རང་གིས་སྦྱངས་པ་དང་ཉམས་སུ་བླངས་པ། གཞན་ལ་སློབ་པ་དང་སྤེལ་བ་བཅས་ཞང་བོད་ཀྱི་རིག་གནས་ལ་བརྩོན་སེམས་དང་ཉམས་ལེན་རྒྱུན་སྐྱོང་གནང་སྟེ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད། མཇུག་ཏུ་ཁོང་གིས་འདི་ལྟར། བྱམས་སྙིང་དང་གནས་ལུགས་ཀྱིས་ཕྱུག་པའི་ཞང་བོད་མི་རིགས་ཀྱི་རིག་གནས་འདི་ཉིད་རང་མི་རིགས་ལ་ཆེད་དུ་འཁྲི་བའི་གཟི་བརྗིད་ཅན་གྱི་རིག་གནས་ཤིག་ཡིན་པས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འོས་འགན་ནི་གང་ཟག་རང་རང་གི་འཕྲག་ཐོག་ཏུ་བབས་པའི་ལྗིད་ཏིག་ཏིག་གི་ཁུར་པོ་རྩ་ཆེན་ཞིག་ཏུ་བརྩིས་ནས་ད་བར་ཐབས་ལམ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་གྲོགས་པོ་གྲོགས་མོ་རྣམས་ལ་སེམས་ཀྱི་ཞི་བདེའི་ལེགས་སྐྱེས་སུ་འབུལ་བཞིན་ཡོད་ཅེས་གསུངས་སོ།། འདི་ལྟར། གྲུབ་ཐོབ་གཤེན་སྒོམ་ཞིག་པོའི་ཞལ་གདམས་ལས།

      ཡང་དག་དོན་ཞིག་མ་རྟོགས་ན། །རྣམ་ཐར་བཤད་ན་འཁྲུལ་པ་ཡིན། །ཞེས་གསུངས་པ་ལྟར་ཁོ་བོ་ནི་དགེ་བཤེས་ཁོང་དང་ལོ་ངོ་ཉི་ཤུ་ལྷག་ཙམ་ལ་སྡུག་གི་ཁུར་པོ་མཉམ་ཁུར་དང་། སྐྱིད་ཀྱི་ཉི་མ་མཉམ་ལྡེ་བྱས་ཏེ་ལྟོ་སྐྱ་གོས་ཧྲུལ་ལ་བརྟེན་ནས་ཐོས་བསམ་གྱི་འཚོ་བར་མཉམ་རོལ་དང་། དགག་བཞག་རིགས་པའི་འཕྲུལ་འཁོར་ལ་བརྟེན་ནས་རིག་ལམ་གྱི་འགྲན་རྩོད་མཉམ་བསྡུར། དགའ་ཉེ་གྲོགས་པོའི་ལ་རྒྱ་ལ་བརྟེན་ནས་ཁ་ཟས་ལྟོ་གོས་ཀྱི་ལས་དབང་འདྲ་མཉམ་བྱས་པའི་ཉམས་མྱོང་གི་ལོ་རྒྱུས་རྣམས་ཁོ་བོའི་དྲན་འཛིན་གྱི་ངོས་སུ་གསལ་གསལ་ཁྲིག་ཁྲིག་ཏུ་ཡོད་པའི་དབང་གིས་ད་ལམ་དགོས་དམིགས་ལ་བརྟེན་ཁོང་གི་ལོ་རྒྱུས་ངོ་སྤྲོད་རོབ་བསྡུས་ཤིག་མགྱོགས་བྲིས་སུ་བྱས་སོ། །

སྨྲས་པ།

ལོ་རྒྱུས་ངོ་སྤྲོད་ལེའུ་ཚན་བདུན་ལྡན་འདིས།།

དགེ་བའི་བཤེས་ཀྱི་མཚན་དོན་བརྗོད་ན་ཡང་།།

འགལ་འཁྲུལ་ནོར་བའི་གོལ་ས་འཆོར་སྲིད་ཚེ།།

སྐྱབས་མཆོག་གོང་མ་རྣམས་ལ་བཟོད་པར་གསོལ།།

འདི་ན་མཐུན་སྦྱོར་འཛོམས་པའི་ཡོན་བདག་དང་།།

རྟེན་བཞེངས་མཁར་ལས་འབུལ་ཚན་འཐུག་རབས་སོགས།།

གང་ཡང་བཤམས་རྒྱུ་མེད་ཕྱིར་སྤུན་གྲོགས་འགའ།།

ཐུགས་འདོད་རེ་བ་དབེན་ཚེ་དགོངས་དག་ཞུ།།

འོན་ཀྱང་བོན་ཅན་དངོས་པོར་སྨྲས་པའི་གཏམ་བརྗོད་ནང་།།

བོན་ཉིད་ཚད་དང་མཐུན་པའི་གར་ཡོད་ཚེ།།

ཁོ་བོས་དགའ་དང་འཛུམ་གྱི་བསུ་མའི་སྒོས།།

རིགས་ཀྱི་སྤུན་གྲོགས་དག་ལ་སྐྱེས་སུ་ཕུལ།།

༢༠༡༡།༠༦།༡༥ཉིན་གྲུབ་བོ།།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།