སྲི་གསས་བུང་བ་སྟག་ཆུང་བཞུག

0
2484

འགྲེལ་བརྗོད་པ་ཁྱུང་ཐོག་རྒོད།

བོན་འདི་ནི་སྲི་གསས་བདར་བ། བུང་བ་སྟག་ཆུང་ལ་ཕྱག་འཚལ་ལོ།།

བསྭོ་ཡུལ་ཅུང་མ་གི་ན། དབལ་ཡུལ་ཡ་གི་ན། དབལ་གཡག་གནམ་དུ་ཟངས་སེ་ཟངས། དབལ་མཚོ་འཁྱིལ་ལི་ལི། དབལ་རི་སྤུངས་སེ་སྤུངས། ཡུལ་ཁ་དེ་ཤེད་ན། ཕ་དང་ཡབ་ཀྱི་མཚན། དབལ་ལྕེ་རྒོད་པོ་ལགས། མ་དང་ཡུམ་གྱི་མཚན། དབྱིག་དབལ་སྔོན་མོ་ལགས། སྟང་དབྱལ་གཉིས་ཀྱི་བུ། ལྕགས་ཀྱི་སྒོང་ང་སྲན་མ་ཙམ་ཅིག་བྱུང་། ཡབ་གཅིག་ལྕེས་བྱིན་གྱིས་རླབས། ཡུམ་གཅིག་དབྱིག་གིས་འཁོར་ལོས་བཀྱགསྒོང་ང་མཐུ་འཚོལ་ཡོངས་སུ་གཤེགས། གནམ་ཕྱི་དགུང་རྒྱལ་སྤྱན་སྔར་བྱོན། གནམ་ཕྱི་དགུང་རྒྱལ་དབང་གཅིག་བསྐུར། ཁ་འོག་ཡུལ་དུ་བྱོན། དབལ་སོ་གནོན་པོས་དབང་གཅིག་བསྐུར། བདུད་རྗེ་ཁྱབ་པས་སྤྱན་སྔར་བྱོན། བདུད་རྗེ་ཁྱབ་པས་དབང་གཅིག་བསྐུར། དམུ་རྗེ་འཚིགས་པའི་སྤྱན་སྔར་བྱོན། དམུ་རྗེ་འཚིགས་པས་དབང་གཅིག་བསྐུར། བཙན་རྗེ་འཕྲོ་བའི་སྤྱན་སྔར་བྱོན། བཙན་རྗེ་འཕྲོ་བས་དབང་གཅིག་བསྐུར། ཏི་སེ་གངས་དཀར་རྩེ་ལ་བྱོན། སེང་གེ་དཀར་མོས་དབང་གཅིག་བསྐུར། གཡའ་མ་སྔོ་ལ་བྱོན། གར་གཅོག་འབྲོང་གིས་དབང་གཅིག་བསྐུར། བྲག་དམར་ཁ་ལ་བྱོན། བྱ་རྒྱལ་རྒོད་ཀྱིས་དབང་གཅིག་བསྐུར། ནགས་ཚལ་གསེབ་ཏུ་བྱོན། རྒྱ་སྟག་ཁྲ་བོས་དབང་གཅིག་བསྐུར། རྒྱ་མཚོའི་ནང་དུ་བྱོན། ཆུ་རྗེ་དུང་གིས་དབང་གཅིག་བསྐུར། ས་བདག་གཉན་གྱི་ཡུལ་དུ་བྱོན། ས་བདག་ཀླུ་གཉན་དབང་གཅིག་བསྐུར། གཤེན་རབ་བོན་གྱི་སྤྱན་སྔར་བྱོན། གཤེན་རབ་བོན་གྱིས་དབང་གཅིག་བསྐུར། སྒོང་ང་འཕེལ་ཞིང་འདྲིལ་ཏེ་སོང་། ཡང་གཅིག་དབལ་གྱི་ཡུལ་དུ་སོང་། ཡབ་ལྕེ་རྒོད་དཀར་པོའི་བྱིན་རླབས་དང་། ཡུམ་དབྱིག་དབལ་སྔོན་མོའི་བྱིན་རླབས་ཀྱིས། ལྕགས་ཀྱིས་སྒོང་ང་སྲན་མ་ཙམ། བྲག་དཀར་པོའི་ཁ་ལ་བྱོན། སྒོང་ང་རྡོལ་བའི་ནང་ཤེད་ནས། ཡ་མཚན་རྨད་ཀྱི་སེམས་ཅན་གཅིགལུས་པོ་སྟག་རིས་ཁྲ་བོ་ཅན། མགོ་བོ་གར་གཤོག་འབྲོང་རུ་ཅན། ཐང་དཀར་རྒོད་པོའི་གཤོག་པ་ཅན། སེང་གེ་དཀར་མོའི་དབལ་སོ་ཅན། བདུད་རྩི་སྨན་གྱི་རྐྱལ་བུ་ཅན། རྣོ་ངར་དབལ་གྱི་མདུང་རྩེ་ཅན། ཆེ་ཆུང་ཀུན་གྱི་སྐད་སྙན་ཅན། གཉན་གྱི་ལག་པ་ཅན། གཤེན་བོན་མིའི་ཆས་བྱད་ཅན། དེ་ལ་མིང་འདོག་མ་མཆིས། རུས་རང་གིས་བཏགས་པའི་མིང་། ལྕེན་བུ་དབྱིག་ཚ་དབལ་གྱི་སྲས། སྲི་སྲས་བུང་བ་སྟག་ཆུང་གིས། ངས་གནམ་ཕྱི་གུང་རྒྱལ་དབང་ཐོབ་པར། བདུད་རྩི་རྐྱལ་བུ་ཡོད་པ་ཡིན། དབལ་སོ་རྣོན་པོའི་དབང་ཐོབ་པར། རྣོ་ངར་དབལ་སོ་ཡོད་པ་ཡིན། བདུད་རྗེ་ཁྱབ་པའི་དབང་ཐོབ་པར། ཁྲོ་གཏུམ་བདུད་ལས་ཆེ་བ་ཡིན། དམུ་རྗེ་འཚིགས་པའི་དབང་ཐོབ་པར། ཁྲོ་འཚིགས་དམུ་ལས་ཆེ་བ་ཡིན། བཙན་རྗེ་འཕྲོ་བའི་དབང་ཐོབ་པར། ཞེ་སྡང་བཙན་ལས་ཆེ་བ་ཡིན། སེང་གེ་དཀར་མོའི་དབང་ཐོབ་པར། ཁ་ལ་དབལ་སོ་ཡོད་པ་ཡིན། ཁོ་མོ་འབྲོང་གི་དབང་ཐོབ་པར། མགོ་ལ་འབྲོ་རུ་ཡོད་པ་ཡིན། ཐང་དཀར་རྒོད་པའི་དབང་ཐོབ་པར། གཤོག་དྲུག་ལུས་ལ་རྒྱས་པ་ཡིན། རྒྱ་སྟག་ཁྲ་བོའི་དབང་ཐོབ་པར། ལུས་ལ་སྟག་རིས་ཡོད་པ་ཡིན། ཆུ་རྗེ་དུང་གི་དབང་ཐོབ་པར། སྐད་ཀྱང་དུང་སྐད་འདོན་པ་ཡིན། ས་བདག་ཀླུ་གཉན་དབང་ཐོབ་པར། སའི་ཁུང་ལ་བུག་པ་ཡིན། གཤེན་རབ་མི་བོས་དབང་ཐོབ་པར། ཚུལ་ཡང་གཤེན་ཚུལ་སྟོན་པ་ཡིན། སྐད་ཀྱང་རང་སྐད་འདོན་པ་ཡིན། ང་བོན་གྱི་སྲས་བུ་ཆེ་བ་ཡིན། ང་ལ་འཕྲིན་ལས་སྐལ་ཕོག་པ། ཆུང་སྲི་བུ་རྐུན་འདུལ་བ་ཡིན། སྲི་ཡི་ལྷ་དང་གསས་སུ་བསྐོས། སྲི་བོན་དམུ་འཕེན་བེའུ་ར་དང་། སྟོན་པ་གཤེན་རབ་ཀྱིས། ལྷ་དང་གསས་སུ་བསྐོས། དོ་ནུབ་གཤེན་བོན་བདག་གིས། ལྷ་དང་གསས་སུ་བྱོན། ཡུལ་ནི་སྨྲ་ཡུལ་ཐང་བརྒྱད་ན། མཁར་ནི་སྨྲ་མཁར་ལྡེམ་པ་ན། ཕ་དང་ཡབ་ཀྱི་མཚན། སྨྲ་རྗེ་བཙུན་པ་ལགས། མ་དང་ཡུམ་གྱི་མཚན། སྐྱི་ཟ་འབྲང་ཁུག་མ། དེ་གཉིས་བཤོས་པའི་སྲས། བུ་ཚ་ཁྱེའུ་ཆུང་། བུ་ལ་མིང་བཏག་པ། སྨྲ་སྲས་ལྗོན་པ་སྐྱེས། ཡང་གཅིག་ལྕམ་སྲིད་པ། སྨྲ་ལྕམ་བཙུན་མོ་རན། བུ་ཚ་མིང་སྲིང་ཡང་། འཛུམ་དང་ཡ་ལ་ལ། འགྲོ་མདངས་རྐྱ་ལ་ལ། དུས་ཀ་དེ་ཙམ་ན། ཡབ་གཅིག་ཤ་བ་བཤོར་དུ་སོང་། ཡུམ་གཅིག་སྐྱི་ཟ་འབྲོང་ཁུག་གིས། གསེར་གྱི་སོར་གདུབ་དང་། དངུལ་གྱི་མེ་ལོང་དང་། དུང་གི་གདུབ་བུ་རྣམ། བུ་ཚ་མིང་སྲིང་ལག་ཏུ་གཏད། མ་ཟ་བའི་སྐྱིལ་བུ་ཕྲག་ལ་བཀལ། ལྕགས་ཀྱི་མཁར་བུ་ལག་ན་ཐོགལུང་གསུམ་མདོ་ཡི་མ་ཐ་རུ། གྲོ་རྐོ་གྲོ་མ་ཐུ་རུ་ཕྱིན། བུ་ཚ་མིང་སྲིང་ཡང་། གདུགས་གི་སྔ་དྲོ་ལ། གསེར་གྱི་སོར་གདུབ་དང་། དངུལ་གྱི་མེ་ལོང་དང་། དུང་གི་གདུབ་བུ་ལ། རྩེད་རྩེད་འགྲོ་འགྲོ་ནས། གདུགས་ཀྱི་ཕྱི་ཕྱེད་ལ། བུ་སྐྱོ་མ་ལ་སྐྱོ། བུ་འབོད་མ་ལ་འབོད། བུ་སྐད་མས་མ་ཚོར། བུ་སྐད་སྲི་ཅན་གྱིས་ཚོར།

སྲིའི་ཡུལ་སྨོས་པ་ནས། སྲི་ཡུལ་ཐི་ལི་ནིལ་བུ། སྲི་མཁར་སྒོ་རིང་ཁྱུད་གོང་ནས། སྲིའི་རྒྱལ་པོ་ཐ་པོམ་རྗེ། སྲིའི་རྒྱལ་མོ་སྲི་ཟ་མོང་བུ་ཐུང་། དེ་གཉིས་བཤོས་པའི་གསས། སྲིའི་ཟ་སྟེ་མོང་བུ་ཐང་ལགས། ཟངས་ཀྱི་མི་ཆུང་མོ་འཕང་ཙམ་གཅིགསྲིའི་ཕ་བོང་བུ་རྐུན་ནང་དུ་ཉལ། སྨྲ་སྲས་ལྗོན་པ་སྐྱེས་དང་། སྨྲ་ལྕམ་བཙུན་མོ་རན། སྨྲ་སྲས་གཙུག་ལག་གཉིས་ཀྱི། ཁ་རུ་ཆག་བཅུག་ནས། ཁོང་ནས་སྙིང་ཡང་ཕྱུང་། སྲིའི་ཕ་བོང་བུ་རྐུན་ནང་དུ་བྲོས་ཏེ་སོང་། དོ་ནུབ་མུན་གྱི་དགོང་མོ་ལ། ཡུམ་གཅིག་ཁབ་ཏུ་བྱོན་ཙམ་ན། བུ་ཚ་མིང་སྲིང་གཉིས། མ་གསོན་དང་མ་བོར་བ། ཤི་བའི་སྤུར་མཇལ། མ་ཡིས་ངུ་འབོད་རྒྱང་ཞིག་བཏབ། ངུས་པའི་མཆི་མ་ཤངས་ཀྱི་ཟོམ་ལ་འཁྲིལ། བུའི་སྤུར་དེ་ས་དང་དོག་ལ་མནན་ཏེ་བཞགཤི་འགབ་གཅོད་པའི་བོན་པོ་གཅིགགནམ་གྱི་བོན་པོ་ཁོ་ར་ཁོད་ཆུང་ལ། མོ་དང་ལྟས་གཅའ་བ། བོན་གྱི་ཞལ་ན་རེ། ཁྱོད་ཀྱི་བུ་ཚ་མིང་སྲིང་གཉིས། ཁ་སང་སྔོན་གྱི་དུས་ཙམ་ན། སྲིའི་ཟ་སྟེ་མོ་ཐུང་གིས། ཟོས་ནས་ཕ་བོང་བུ་རྐུན་འོག་ཏུ་བྲོས་ཏེ་འདུགམི་ཤ་སྲི་ལ་ལེན་དགོས་སོ། གཡག་ཤ་བོང་ལ་འགེལ་དགོས་སོ། དོན་ཁྲག་རྗེ་ལ་བཏུང་དགོས་སོ། དེར་སུ་ལ་གཏོ་དང་དཔྱད་ཞུས་པ། གཤེན་རབ་མི་བོ་དང་། སྲི་བོན་དམུ་འཕེན་བེའུ་རས། གཏོ་དང་དཔྱད་དུ་བྱས། སྲི་དོང་གྲུ་གསུམ་རྐོས། སྲི་རྩང་ཁ་དམར་བཙུགས། སྲི་ཅན་བླ་བྱང་བཙུགས། སྲི་བོན་བེའུ་རས། ཡི་དམ་ལྷ་གསས་བདར། སྲི་དོན་ཁ་དམར་དུ། ཆུང་སྲིའི་བླ་བྱང་རྣམས། སྲི་བྱང་སྙི་མོས་བསྡམ། ཀླད་ལ་གཡུག་གཡུག་ན། ས་ལ་བརྡབ་བརྡབ་ནས། སྲི་ཅན་བླ་དང་ཕྲལ། ཆུང་སྲི་བཏལ་བཏུལ་ནས། བླ་ཡིད་རྡུལ་དུ་རླགསྲིའི་ཟ་སྟེ་མོང་བུ་ཐུང་། རྫུ་འཕྲུལ་སྣ་ཚོགས་སྟོན། རྫུ་འཕྲུལ་ཅི་རྫུས་ན། ཟངས་ཀྱི་སྦྲང་བུར་རྫུས། གནམ་ཕྱི་གུང་རྒྱལ་སྤྱན་སྔར་བྱོན། སྲི་བོན་དམུ་འཕེན་རིས། སྲི་སྲས་བུང་བ་སྟག་ཆུང་བདར། བུང་བ་སྟག་ཆུང་ལྡིང་ཏེ་སོང་། གནམ་ཕྱི་གུང་རྒྱལ་སྤྱན་སྔར་སོང་། བདུད་རྩི་སྨན་གྱི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཡང་ཟངས་ཀྱི་བྱེ་མ་ལེབ་ཙེར་རྫུས། དབལ་སོ་རྣོན་པོས་དབང་ཐོབ་པས། རྣོ་དབལ་མདུང་རྩེ་རྒྱབ་ནས་བྱུང་། ཡང་ཆུང་སྲི་བུ་རྐུན་བྲོས་ཏེ་སོང་། བདུད་རྗེ་ཁྱབ་པའི་སྤྱན་སྔར་བྱོན། བུང་བ་སྟག་ཆུང་ལྡིང་ཏེ་སོང་། བདུད་རྗེ་ཁྱབ་པའི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཡང་ཆུང་སྲི་བུ་རྐུན་བྲོས་ཏེ་སོང་། དམུ་རྗེ་འཚིགས་པའི་སྤྱན་སྔར་སོང་། བུང་བ་སྟག་ཆུང་ལྡིང་ཏེ་སོང་། དམུ་རྗེ་འཚིགས་པའི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་ཇེ་དམའ་ཇེ་དམའ་བྱུང་། ཡང་ཆུང་སྲི་གཡའ་མ་སྔོ་ལ་བྱོན། བུང་བ་སྟག་ཆུང་ལྡིང་ཏེ་སོང་། གར་གཤོག་འབྲོང་གི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་ཇེ་དམའ་ཇེ་དམའ་སོང་། ཡང་ཆུང་སྲི་བྲག་དམར་གོང་ལ་བྱོན། བུང་བ་སྟག་ཆུང་ལྡིང་ཏེ་སོང་། ཐང་དཀར་རྒོད་པོའི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་ཇེ་དམའ་ཇེ་དམའ་སོང་། ཡང་ཆུང་སྲི་ནག་ཚལ་གསེབ་ལ་བྲོས། བུང་བ་སྟག་ཆུང་ལྡིང་ཏེ་སོང་། རྒྱ་སྟག་ཁྲ་བོའི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་ཇེ་དམའ་ཇེ་དམའ་སོང་། ཡང་ཆུང་སྲི་རྒྱ་མཚོའི་གཏིང་ལ་བྲོས། བུང་བ་སྟག་ཆུང་ལྡིང་ཏེ་སོང་། ཆུ་རྗེ་དུང་གི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་ཇེ་དམའ་ཇེ་དམའ་སོང་། ཆུང་སྲི་སྲེ་མོང་རྫུས་ཏེ་བྲོས། སྲི་བོན་དམུ་འཕེན་བེའུ་རའི་ཕག་ཏུ་འགབ། བུང་བ་སྟག་ཆུང་ལྡིང་ཏེ་སོང་། གཤེན་རབ་བོན་གྱི་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། ཆུང་སྲི་བྱི་བ་གཅིག་ཏུ་རྫུས། ས་ཡི་ཁུང་ཏུ་བྲོས། བུང་བ་སྟག་ཆུང་ལྡིང་ཏེ་སོང་། ས་བདག་ཀླུ་གཉན་དབང་ཐོབ་པས། ཆུང་སྲི་མ་བཏང་དེད་ནས་བྱུང་། དེ་ནས་ཆུང་སྲི་གར་རྫུས་མ་ནུས་ནས། སྲིའི་ཟ་སྟེ་མོང་བུ་ཐུང་། སྲིའི་ཕ་བོང་བུ་རྐུན་འོག་ཏུ་ཉལ། སྲི་བོན་དམུ་བོན་བེའུ་རས། གསེར་ཙོ་དམར་པོ་ཞལ་དུ་མུར། གསེར་གྱི་ཐུ་ལུམ་ཚོགས་པོར་འཕེན། སྲི་གསས་བོང་བ་སྟག་ཆུང་ནི། ཡབ་གཅིག་ལྕེའི་བྱིན་གྱིས་རླབས། ཡུམ་གཅིག་དབྱིག་གི་བྱིན་རླབས་ཀྱིས། རྫུ་འཕྲུལ་ལྷ་གསས་གནམ་བས་ཆེ། ཆེ་དགུ་གཉན་བཅུའི་དབང་ཐོབ་པས། སྲིའི་ཟ་སྟེ་མོང་བུ་ཐུང་། ཟངས་ཀྱི་བུ་ཆུང་མོ་འཕང་ཙམ། ཟངས་ཀྱི་རལ་པ་གདེང་ཁ་ཟ། སྲི་གསས་བུང་བ་སྟག་ཆུང་དེས། གནམ་ཕྱི་གུང་རྒྱལ་དབང་ཐོབ་པས། བདུད་རྩི་སྨན་གྱི་རྐྱལ་བུ་ལ། བུང་བ་སྟག་ཆུང་ལྡིང་བའི་འགུལ་ཡ་བསིལ། བདུད་རྗེ་ཁྱབ་པའི་ཁྲོ་གཏུམ་ཅན། དམུ་རྗེ་འཚིགས་པའི་རྫུ་འཕྲུལ་ཅན། བཙན་རྗེ་འཕྲོ་བའི་ཞེ་སྡང་ཅན། རྫུ་འཕྲུལ་དེ་རྣམས་འཛོམས་པ་ཡིས། ཟངས་ཀྱི་མི་ཆུང་ལག་པར་ཁུགཆུང་སྲི་ཁ་དམར་རྒྱལ་ཞིང་འགྱེལ། རྣོ་ངར་དབལ་གྱི་མདུང་གིས་རྒྱབ། གར་གཤོག་འབྲོང་གི་རུ་ཡིས་རྡུང་། སེང་གེ་དཀར་མོའི་སོ་ཡིས་མུར། ཐང་དཀར་རྒོད་པོས་གཤོག་པས་བརླབས། རྒྱ་སྟག་ཁྲ་བོས་སྤར་མོས་བྲད། ཟངས་ཀྱི་མཆུས་ཡིས་སྦད་ཀྱིས་བཅད། སྲི་ཤ་ལྷ་ལ་ཐོང་ཤ་བཀྱེས། དོ་ནུབ་ཆུང་སྲི་ཁ་དམར་དོན་སྙིང་ནི། སྲི་གསས་བུང་བ་སྟག་ཆུང་རྔམས་ཟས་གྱིས། མི་ཤ་སྲི་ལ་དེ་ལྟར་བླང་། གཡག་ཤ་བོང་ལ་དེ་ལྟར་བཀལ། ང་བོན་གྱིས་སྲི་འདུལ་དེ་ལྟར་འདུལ། སང་ཕོད་ལོ་དུས་ཟླ་མལ་དུ། མི་སྐྱིན་བུ་ཡི་སྐྱིན། མིང་ཡང་སྨྲ་གསས་འཕྲུལ་བུར་བཏགས། བོན་པོ་ཁ་དྲོ་དེ་ལྟར་བྲོ། གཏོ་ཡང་བཀྲ་ཤིས་དེ་ལྟར་ཤིས། ལྷ་ཡང་མཐུ་ཆེ་དེ་ལྟར་ཆེ། དོ་ནུབ་འདི་ཙམ་དུ། རྒྱུ་སྦྱོར་ཡོན་བདག་གི། གཤེད་དུ་གང་ཆེ་བ། སྲི་རུ་གང་གནོད་པ། སྲི་ཁུང་འདི་རུ་ཁུག་ལ་ཤོགསྲིའི་ལ་ཡོགས་དུས་ཀྱིས་དེད་ལ་ཤོགསྲི་ནི་དེ་ལྟར་བསད། ཆོམ་ཆོམ་ཁུག་ལ་ཤོགབུ་ཤ་སྲི་ལ་ལེན། སྲི་འདུལ་དེ་ལྟར་འདུལ། ང་བོན་པོ་ཞལ་རེ་དྲོ། གཏོ་ཡང་བཀྲ་རེ་ཤིས། ལྷ་ཡང་མཐུ་རེ་ཆེ། རྒྱུ་སྦྱོར་བག་རེ་བཟང་། སྲི་གསས་བདར་བ་རྫོགས་སོ།། །།

འགྲེལ་བརྗོད།

«སྲི་གསས་བུང་བ་སྟག་ཆུང་། »གི་ནང་དུ་སྔོན་དབལ་ཡུལ་ཞེས་བྱ་བ་ཞིག་ན། ཡབ་དབལ་ལྕེ་རྒོད་པོ་དང་། ཡུམ་དབྱིག་དབལ་སྔོན་མོ་གཉིས་སྟང་དང་དབྱལ་དུ་འཚོས་པ་ལས་ལྕགས་ཀྱིས་སྒོ་ང་སྲན་མ་ཙམ་ཞིག་སྐྱེས་ཏེ་དེ་བརྡོལ་བའི་ནང་ནས་ཡ་མཚན་གྱི་ཁྱེའུ་ལུས་ལ་སྟག་རིས་དང་། མགོ་ལ་འབྲོང་རུ། ཐང་དཀར་རྒོད་ཀྱི་གཤོག་པ། སེང་གེ་དཀར་མོ་དབལ་སོ་ཅན་ཞིག་བྱུང་བ་དང་། དེ་ལ་ཆེ་དགུ་གཉན་བཅུའི་དབང་ཐོབ་པས། ལྷ་སྲིན་སྡེ་བརྒྱད་ལ་བཀའ་བཙན་པ་ཞིག་བྱུང་སྟེ་སྟོན་པ་གཤེན་རབ་དང་སྲི་བོན་དམུ་འཕེན་བེའུ་ར་གཉིས་ཀྱིས་སྲི་གདུལ་བའི་གསས་སུ་བསྐོས་སོ། དུས་རེ་ཞིག་ལ་ཡུལ་སྨྲ་ཡུལ་ཐང་བརྒྱད་མཁར་སྨྲ་མཁར་ལྡེམ་པ་ན། སྨྲ་རྗེ་བཙུན་པ་དང་སྐྱི་ཟ་འབྲང་ཁུག་མ་གཉིས་ལ་སྲས་སྨྲ་སྲས་ལྗོན་པ་སྐྱེས་དང་། སྨྲ་ལྕམ་བཙུན་མོ་རན་གཉིས་སུ་སྐྱེས་ཏེ་ཁྱིམ་ཚང་བདེ་བར་གནས་ཀྱང་། དུས་རེ་ཞིག་ན་ཡབ་ཤ་བ་བཤོར་དུ་སོང་བ་དང་། ཡུམ་གྲོ་མ་བརྐོ་རུ་སོང་བ་དང་བསྟུན་སྲས་ལྕམ་སྲིང་གཉིས་སྲི་ཡིས་ཟོས། ཡུམ་ཁྱིམ་དུ་འབྱོར་བས་སྲས་མིང་སྲིང་གི་རོ་མཐོང་བས་ངུས་བ་ལས་ཐབས་གཞན་མེད་པར་མཐར་དུར་འཇུག་བྱས། དེ་ནས་ཡུམ་གྱིས་ཤི་སྒབ་གཅོད་པའི་བོན་པོ་ཁོ་ར་ཁོད་ཐུང་ཞེས་བྱ་བ་གདན་དྲངས་ཏེ། མོ་བརྟགས་པས་སྲས་མིང་སྲིང་སྲི་ཡིས་ཟོས་པའི་ལུང་བསྟན་ཏེ།  ”མི་ཤ་སྲི་ལས་ལེན་དགོས་སོ། གཡག་ཤ་བོང་ལས་འགེལ་དགོས་སོ།  “ ཞེས་པའི་གཏམ་འདི་བྱུང་བར་གདའ། དེ་ནས་སྲི་འདུར་བའི་བོན་པོ་སྟོན་པ་གཤེན་རབ་དང་། སྲི་བོན་དམུ་འཕེན་བེའུ་ར་གཉིས་གདན་དྲངས་ཏེ། སྲི་གསས་བུང་བ་སྟག་ཆུང་བདར་བས། སྲི་བྲོས་པའི་ཁུང་བཅད་དེ་འགྲོ་ས་མ་རྙེད་པར་སྲི་གསས་བུང་བ་སྟག་ཆུང་གིས་བརླགས་སོ། སང་ཕོད་ཀྱི་ལོ་དུས་ཟླ་མལ་དུ་མི་སྐྱིན་དང་བུ་ཡི་སྐྱིན་དུ་སྨྲ་སྲས་འཕྲུལ་བུ་ཆུང་ཞེས་པ་ཞིག་སྐྱེས་ཏེ་སྲི་ཡིས་ལག་ནས་མི་སྐྱིན་བླངས་པས་བསྟན་ཡོད། ཚན་བཤུས་འདིའི་ནང་དུ་མི་དང་ལྷ་འདྲེའི་བར་གྱི་འབྲེལ་བ་དང་། འུ་ཅག་གི་མཐོང་ལམ་དུ་མ་གྱུར་བའི་གཟུགས་མེད་ཀྱི་འདྲེ་སྲིན་དག་གིས་མི་ལ་ནད་དང་ཤི་གོད་སོགས་གཏོང་གི་ཡོད་པ་བསྟན་ཡོད་ལ། དེ་དག་ལ་གཏོ་དཔྱད་ཀྱི་ལམ་ནས་བཅོས་ཀ་བྱེད་དུ་ཡོད་པ་ལས་ཡ་མེད་ཅིག་མིན་པ་བསྟན་ཡོད། ཚན་བཤུས་འདིའི་ནང་དོན་གོ་དཀའ་བ་ཆེར་མེད་ལ་ཀློག་སྟབས་བདེ་ཞིང་ཡིད་གར་འབབ་པ་ཞིག་ཡིན། ཉམས་ཉེས་ཕོག་པའི་ཁྱིམ་ཚང་དེའི་དཀའ་སྡུག་དེ་དག་ནི་དངུལ་དངོས་སོགས་ཀྱིས་སེལ་དཀའ་བའི་ཚོད་དུ་སྣང་ཡང་། འཇིག་རྟེན་ཕན་བདེ་བསྐྲུན་པའི་རྒྱུ་བོན་དག་གིས་གཟུགས་མེད་ལྷ་སྲིན་གྱི་གནོད་པ་ལས་སྐྱོབས་ཐུབ་པར་བཤད་པ་ཡིན། འདི་ནི་རྟོག་བཏགས་ཀྱི་སྒྲུང་ལྟ་བུར་མ་ཡིན་པར་དངོས་ཡོད་ལག་ཏུ་བླངས་པའི་སྐད་ཆ་ཞིག་སྟེ། ཅི་སྟེ་ན་སྨན་ཀྱིས་བཅོས་མ་ཐུབ་པའི་ནད་པ་དག་གཏོ་བཅོས་ཀྱིས་བཅོས་སུ་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་གཤིས་རྒྱུ་མཚན་མང་པོ་བགྲང་བའི་ངལ་བ་མི་བྱའོ། །

གསལ་བཤད་ཞུ་རྒྱུར། འདིར་མ་དཔེ་ཇི་བཞིན་བཤུས་པ་ལས་དག་བཅོས་ཡིན་ཁུལ་གྱིས་སྡུག་ལག་བསྲིང་མེད་པས་ཀློག་པ་པོ་རྣམས་ཀྱི་དེ་དོན་ཡིན་ལ་འཇག་པར་འཚལ།

ཁྱུང་ཐོག་རྒོད་ཀྱིས།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།