བོན་གྱི་དགོན་སྡེ་ཆེན་མོ་གཡས་རུ་དབེན་ས་ཁའི་ལོ་རྒྱུས་ངོ་སྤྲོད།

0
2746

རྩོམ་པ་པོ་ཁྱུང་ཁྲི་ལྡེ།

བོན་བསྟན་ཕྱི་དར་གྱི་སྐབས་སུ་གཡུང་དྲུང་བོན་གྱི་བསྟན་པ་མདོ་སྔགས་རིག་གནས་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་མཛད་སའི་འདུས་སྡེ་གྲྭ་ས་ཡ་བཞི་ཟུང་བརྒྱད་ཅེས་ཡོངས་སུ་གྲགས་པ་དེ་ཉིད་བྱུང་བ་ཡིན་ལ། གྲྭ་ས་ཡ་བཞི་ཟུང་བརྒྱད་ལས་ཡ་བཞི་ནི། གཡས་རུ་དབེན་ས་ཁ། གཤེན་ཁྲི་བརྟན་ནོར་བུ། ཞུ་དབང་ལྡན་ལྷུན་གྲུབ་སྒང་། རྨེའུ་བཟང་པོ་རི་དང་བཞི་ཡིན། དེའི་ཐོག་སྤ་ལ་ཕུག གཙང་སྨན་རི་དགོན། རུ་ལག་གཡུང་དྲུང་གླིང་། གཡས་རུ་མཁར་སྣ་དང་བཞི་བརྩིས་པའི་ཡ་བཞི་དང་ཟུང་བརྒྱད་ཆགས་པ་རེད། དེ་ལས་དང་པོ་གཡས་རུ་དབེན་ས་ཁའི་དགོན་པ་དེ་ནི་བོད་སྟོད་སྨད་བར་གསུམ་གྱི་དབང་དུ་བྱས་ན་བར་དབུས་གཙང་རུ་བཞི། ཆོལ་ཁ་གསུམ་གྱི་དབང་དུ་བྱས་ན་དབུས་གཙང་ཆོས་ཀྱི་ཆོལ་ཁའི་ཡུལ། བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་དེང་དུས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ཉེ་འགྲམ་དུ་ཆགས་པ་ཡིན། དགོན་སྡེ་དེ་ནི་དུས་རབས་བཅུ་གཅིག་པའི་ཆུ་ཕོ་བྱི་བའི་སྤྱི་ལོ་ ༡༠༧༢ ལོར་གཡས་རུ་སྟོན་པ་བཅོ་བརྒྱད་ལས་སྟོན་པ་གསུམ་པ་ལྕགས་འབྲུག་ ༡༠༤༠ ལོར་སྐུ་འཁྲུངས་པའི་བྲུ་རྗེ་གཡུང་དྲུང་བླ་མས་ཕྱག་བཏབ་ནས་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བཙུགས་ཏེ་འདུས་གྲྭ་སྟོང་ཕྲག་དུ་མ་བྱུང་བའི་ལོ་རྒྱུས་ཡོད་ལ། བོན་གྱི་གྲྭ་ས་ཡ་བཞི་ཟུང་བརྒྱད་ལས་ཆགས་སྔ་ཤོས་ཤིག་ཡིན་པ་མ་ཟད་། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་གབ་མཛོད་ས་གསུམ་གཙོ་བོ་བྱས་པའི་གཞུང་ཆེན་ཁག་ཚད་མ་རིགས་པའི་ལམ་ནས་འཆད་རྩོད་རྩོམ་གསུམ་བྱེད་སའི་འདུས་སྡེ་ཆེ་ཤོས་ཤིག་ཡིན། ཁྱད་པར་གནས་འདིར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་མཁས་དང་གྲུབ་པའི་གཙུག་རྒྱན་དུ་མ་འབྱུང་སའི་ཆུ་འགོ་ཞིག་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་འདུལ་བའི་བསྟན་པ་དང་ཨ་རྫོགས་སྙན་གསུམ། གབ་མཛོད་ས་གསུམ་བཅས་དབང་ལུང་ཁྲིད་གསུམ་སྐྱོང་བ་དང་། ཚད་མ་རིགས་པའི་འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་སྤེལ་བ་ལ་བཀའ་དྲིན་ཆེ་ཤོས་ཀྱི་འདུལ་དགོན་ཞིག་ཆགས་མྱོང་ཡོད། གཡས་རུ་དབེན་ས་ཁའི་འདུས་སྡེའི་མངའ་བདག་བྲུ་རྗེ་གཡུང་དྲུང་བླ་མ་ནས་མཁས་གྲུབ་རིན་ཆེན་བློ་གྲོས་བར་དུ་བླ་རབས་བཅུ་དྲུག་བྱུང་བ་ནི། དང་པོ་བྲུ་རྗེ་གཡུང་དྲུང་བླ་མ། གཉིས་པ་བྲུ་ཤ་ཉི་མ་རྒྱལ་མཚན་ཡིན། ཁོང་གཉིས་ལ་བྲུ་རྗེ་ཁུ་དབོན་ཟེར། གསུམ་པ་མཚན་ལྡན་ལྡན་གཡོར་པོ་མེ་དཔལ་ཡིན། བཞི་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ཡིན། ཁོང་རྣམ་གཉིས་ལ་མེ་གཉོས་རྣམ་གཉིས་ཟེར། ལྔ་པ་འ་ཞ་བདུད་རྩི་རྒྱལ་མཚན་ཡིན། དྲུག་པ་འ་ཞ་བློ་གྲོས་རྒྱལ་མཚན་ཡིན། ཁོང་རྣམ་གཉིས་ལ་འགྲོ་མགོན་ཁུ་དབོན་ཟེར། བདུན་པ་མཉམ་མེད་འདུལ་བ་རྒྱལ་མཚན་ཡིན། བརྒྱད་པ་བྲུ་རྒྱལ་བ་གཡུང་དྲུང་ཡིན། དགུ་པ་རྟོགས་ལྡན་ནམ་མཁའ་འོད་ཟེར་ཡིན། བཅུ་པ་མཐའ་བྲལ་བསོད་ནམས་རྒྱལ་མཚན་ཡིན། བཅུ་གཅིག་པ་མཚུངས་མེད་བསོད་ནམས་བློ་གྲོས་ཡིན། བཅུ་གཉིས་པ་མཁས་གྲུབ་ནམ་མཁའ་བསོད་ནམས་ཡིན། བཅུ་གསུམ་པ་སྤྲུལ་སྐུ་ཚེ་དབང་རྒྱལ་མཚན་ཡིན། བཅུ་བཞི་པ་མཁས་བཙུན་ནམ་མཁའ་རིན་ཆེན་ཡིན། བཅོ་ལྔ་པ་མཚན་ལྡན་རྣམ་རྒྱལ་ཀ་ར་ཡིན། བཅུ་དྲུག་པ་མཁས་གྲུབ་རིན་ཆེན་བློ་གྲོས་ཡིན། གཡས་རུ་དབེན་ས་ཁའི་སྟོན་པའམ་མཁན་པོ་ཐམས་ཅད་མདོ་སྔགས་སེམས་གསུམ་དང་རིག་པའི་གནས་བཅས་ལ་རབ་འབྱམས་པའི་མཁས་གྲུབ་གཉིས་ལྡན་དྲང་སྲོང་ཁོ་ནར་ཡིན་པ་མ་ཟད། དམིགས་བསལ་དུ་གབ་མཛོད་ས་གསུམ་ལ་ཆེས་མཁས་པ་ཁོ་ནར་ཡིན། ཁོང་རྣམ་པས་མི་ཚེ་གཅིག་ལ་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་ཕྲིན་སྐྱངས་ཏེ། སྟོན་པ་ཚོས་གབ་མཛོད་ས་གསུམ་སྟེ། རྫོགས་པ་ཆེན་པོ་གབ་པའི་སྡེ་དང་། སྲིད་པའི་མཛོད་ཕུགས་དང་། ས་ལམ་སྐོར་མདོ་གཟེར་མིག་དང་ཀློང་རྒྱས་བཅས་འཆད་ཉན་གཙོ་བོ་མཛད་པ་མ་ཟད། གཡས་རུ་སྟོན་པ་རེ་རེས་གབ་མཛོད་ས་གསུམ་གྱི་འགྲེལ་བ་རེ་རེ་མཛད་པའི་སྲོལ་ཡོད་པར་གྲགས་སོ།། གཡས་རུའི་སྟོན་པ་ཕལ་ཆེ་བ་ལ་གསུང་འབུམ་མང་ཉུང་མ་གཏོགས་མེད་མཁན་མེད་པ་ལྟ་བུ་སྣང་ལ། དེའི་ནང་ནས་མཁས་པའི་ཡང་རྩེ་སོན་པ་གསུང་འབུམ་མང་ཤོས་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཡིན། ཁྱད་པར་དུ་གཡས་རུའི་ཨ་ཁྲིད་ཅེས་བླ་མེད་རྫོགས་པ་ཆེན་པོའི་ལམ་རིམ་དང་པོ་སྔོན་འགྲོ་བསགས་སྦྱོང་གིས་རྒྱུད་སྦྱངས། དེ་ནས་མཚན་བཅས་ཨ་ལ་སེམས་བཟུང་། མཚན་མེད་དོན་ལ་ངོ་སྤྲད་དེ་བླ་མེད་རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་ཁྲིད་རིམ་ཐུན་མཚམས་བརྒྱད་དམ་བཅུ་པ་དེ་ཡང་སུམ་ལྡན་གཡོར་པོ་མེ་དཔལ་གྱིས་མཛད་ལ། དེ་ནས་བྲུ་རྒྱལ་བའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་མ་བུ་དང་བཅས་པ་མཛད་དེ་གཡས་རུའི་ཨ་ཁྲིད་ཀྱི་ཕུགས་དེ་གཡས་རུ་དབེན་ས་ཁ་ལ་ཐུག་ཡོད། གཡས་རུ་དབེན་ས་ཁའི་སྟོན་པའམ་མཁན་པོ་སྐོས་སྟངས་ནི་ཕ་ས་བུས་འཛིན་གྱི་ལམ་ལུགས་སྐྱངས་ཏེ་ཤེས་འཇོན་ཡོད་ན་འདྲ་མེད་ན་འདྲ་ཁྱིམ་ཚང་གི་ཁེ་དབང་ཆེད་དུ་དུད་ཚང་གཅིག་གི་བླ་མས་སྒེར་བདག་བྱེད་པ་མ་ཡིན་པ། བསྟན་པ་སྤྱི་ལ་ཐུགས་བསམ་བཞེས་ཏེ་འདུས་སྡེ་དེ་ནས་མཁས་བཙུན་བཟང་གསུམ་འཛོམས་པའི་ཤེས་འཇོན་གཉིས་ལྡན་གྱི་བླ་མ་སུ་བྱུང་ན་དེ་བསྐོས་པའི་སྲོལ་བཟང་པོ་ཞིག་བྱུང་སྟེ། དཔེར་ན་དགོན་པ་ཐོག་མར་བྲུ་ཚང་གི་བླ་མས་ཕྱག་བཏབ་ཀྱང་བརྒྱུད་འཇིན་གྱི་བླ་མ་བྲུ་ཚང་ཁོ་ནར་མ་ཡིན། མེ་ཡི་རུས་ལས་བྱོན་པའི་སུམ་ལྡན་གཡོར་པོ་མེ་དཔལ། གཉོས་ཀྱི་རུས་རྒྱུས་གཉོན་ཚུལ་ཁྲིམས་རྒྱལ་མཚན། འ་ཞའི་རུས་རྒྱུས་འ་ཞ་བདུད་རྩི་རྒྱལ་མཚན། འ་ཞ་བློ་གྲོས་རྒྱལ་མཚན། མཁས་གྲུབ་རིན་ཆེན་བློ་གྲོས་དང་དབུ་རྩེ་དཀར་དམར་གྱི་བདག་པོ་རྗེ་རིན་པོ་ཆེ་ལྟ་བུ་རིས་སུ་མེད་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཁོ་ནར་གདན་སའི་བདག་པོར་འདེམ་བསྐོས་བྱེད་པ་བྱུང་། དེང་དུས་བཤད་སྟངས་ལྟར་ན་དམངས་གཙོ་ཟེར་བ་དེ་སྐབས་དེ་དུས་གཡས་རུ་དབེན་ས་ཁ་ལ་བྱུང་འདུག ང་ཚོའི་ཉེ་རབས་ཀྱི་གཏམ་དཔེ་ལ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟ་བུ་བྱུང་། དགོན་པ་དེ་ཐོག་མར་ཆགས་ནས་ཆུ་ཡིས་མ་འཇིག་པར་ལོ་སུམ་བརྒྱ་ལྷག་གི་རིང་བོན་གྱི་དགོན་པའི་ཁྲོད་ན་འབུར་དུ་ཐོན་པའི་འདུས་སྡེ་ཞིག་བྱུང་བ་དེ་དགོན་བདག་གྱི་བླ་མ་སྐོས་སྟངས་དེ་ཡག་པོ་ཡོད་པའི་དབང་གིས་བྱུང་བ་ཡིན་པར་ངེས། སྤྱི་ལོ་ ༡༠༧༢ ནས་སྤྱི་ལོ་ ༡༤༠༣ སྟེ་མི་ལོ་ ༣༣༡ རིང་ལ་བསྟན་པ་མེ་ལྟར་འབར་ཏེ། བྲུ་རྗེ་གཡུང་དྲུང་བླ་མ་ནས་མཁས་གྲུབ་རིན་ཆེན་བློ་གྲོས་བར་དུ་གཡས་རུའི་སྟོན་པ་བཅུ་དྲུག་བྱུང་། མཁས་སྒྲུབ་རིན་ཆེན་བློ་གྲོས་ཀྱི་སློབ་མ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་དབུ་རྩེ་དཀར་དམར་གྱི་བསྟན་བདག་མཛད་དེ། མཉམ་མེད་ཤེས་རབ་རྒྱལ་མཚན་མདོ་སྨད་རྒྱ་རོང་ཡུལ་དུ་ཡབ་ཡུམ་དང་མཇལ་འཕྲད་ཕེབས་སྐབས། སྤྱི་ལོ་ ༡༤༠༣ ལོ་ར་ཨ་ཙ་རའི་ངན་སྔགས་ཀྱི་རྐྱེན་བྱས་ཏེ་གློ་བུར་ཆུ་ལོག་བྱུང་སྟེ་དགོན་པའི་རྟེན་དང་བརྟེན་པ་ཡོངས་རྫོགས་ཆུ་ཡིས་འཇིག་སྟེ་ཞྭ་དཀར་གཡུང་དྲུང་བོན་ལ་ལོ་རྒྱུས་ཀྱི་ཁྲོད་དུ་གོད་ཆག་ཆེན་ཤོས་ཤིག་བྱུང་སྟེ་དགོན་ཤུལ་ཙམ་ལས་མེད་པར་གྱུར། དེ་ཚབ་དུ་རྒྱལ་བ་མཉམ་མེད་བླ་མས་གདན་ས་བཀྲ་ཤིས་སྨན་རི་ཕྱག་བཏབ་པ་ཡིན་ནོ། །ཞེས་བོན་གྱི་དགོན་སྡེ་ཆེན་མོ་གཡས་རུ་དབེན་ས་ཁའི་ལོ་རྒྱུས་ངོ་སྤྲོད་མདོ་བསྡུས་འདི་ཁྱུང་ཁྲི་ལྡེས་བྲིས།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།