ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་གསེར་གདུང་དཀར་ཆག

0
5549
རྒྱ་གར་སྨན་རི་དགོན་དུ་བཞུགས་པའི་༸སྐྱབས་རྗེ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་གསེར་གདུང་།

མཛད་པ་པོ་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།

གསེར་གདུང་མཐོང་གྲོལ་ནོར་བུ་རིན་པོ་ཆེའི་དཀར་ཆག་ལྷ་ཡི་བ་དན་གཡོ་བའི་རྒྱལ་མཚན་ཞེས་བྱ་བ་བཞུགས།

༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ། ༼༡༩༡༢།༡༩༧༨༽
༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ། ༼༡༩༡༢།༡༩༧༨༽

སྔོན་འགྲོ་ཀླད་ཀྱི་དོན་བསྟན་པ

གང་གི་ངོ་བོ་ཟག་མེད་ཡོན་ཏན་ཀུན། །རྫོགས་པའི་རྣམ་མཁྱེན་གཤེན་རབ་དང་མཚུངས་ཤིང་། །བརྩེ་བའི་བཀའ་དྲིན་བདག་ལ་ཆེས་ལྷག་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ།། ༧ ཁྱད་པར་འཕགས་པའི་ཡོན་ཏན་བདུན་ལྡན་པའི། །རྣམ་དཔྱོད་མཚུངས་མེད་མཚོན་པའི་རལ་གྲི་འཆང་། །སྒྲིབ་ཚོགས་གཞོམ་པའི་དོན་ཅན་པུསྟི་འཛིན། །ལྷག་པའི་ལྷ་མཆོག་རྒྱལ་བ་སྨྲ་བའི་སེང་།། ༧ ཁྱེད་ཀྱི་མཁྱེན་བརྩེའི་བསིལ་ཟེར་གཡོ་བ་ཅན། །གང་གི་དད་པའི་པད་དཀར་ལ་འཁྱུད་པས།  །བློ་གྲོས་གེ་སར་རྒོད་པའི་རང་བཞིན་ཅན། །རྒྱལ་སྲས་དཔའ་བོའི་བཀའ་དྲིན་དྲན་གྱིན་དད།། ༧ གང་སྐུ་མཛེས་པས་མིག་ལ་བདུད་རྩི་སྟེར། །གང་གསུང་སྙན་པས་ཚིག་སྦྱོར་སྦུབ་རྒྱ་གྲོལ།  །གང་ཐུགས་བརྩེ་བས་འགྲོ་བ་མི་འདོར་བ། །མཚོ་བྱུང་ལྷ་མོ་ཀུན་དགའི་དཔལ་འཆང་མ།། ༧ གང་གིས་ཁྱོད་ལ་མོས་པའི་བློ་གཏད་ཙ། །དངོས་ཤུགས་བརྒྱུད་པའི་སྒོ་ནས་ཐར་པའི་ལམ། །མ་ནོར་སྟོན་དང་འདོམས་ལ་ངེས་པར་སྦྱོར། །མཁའ་འགྲོ་རྒྱ་མཚོའི་འཕྲིན་ལས་མྱུར་བར་མཛོད།། ༧ ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་པ་རིན་ཆེན་ཕྱོགས་ཀུན་གྱི། །འགྲོ་བའི་ཁམས་ལ་ཡུན་རིང་གནས་པ་དང་། །དེ་ཡི་འཕྲིན་ལས་གྲོགས་མཛད་བོན་སྐྱོང་ཚོགས།། ༧ དཔལ་ལྡན་བླ་མའི་གདུང་བྱོན་རིང་བསྲེལ་གྱི། །ནོར་བུ་ལས་བསྐྲུན་བཀོད་ལེགས་གསེར་གདུང་གི།  །དཀར་ཆག་ལྷ་ཡི་བ་དན་ཕྱར་བ་ནི། །རྟེན་འདིར་དད་པས་བལྟ་བའི་ལམ་མཁན་ཡིན། །

དངོས་གཞི་གཞུང་གི་དོན་བསྟན་པ།

དངོས་གཞི་གཞུང་དོན་ལ་དང་པོ་སྤྱི་དོན་གྱི་ཁོག་དབུབ་པ། དེ་ལྟར་སྔོན་བརྗོད་ཀྱི་རིམ་པ་རྣམས་ཀྱིས་མདུན་བསུས་ནས། གང་ལ་འཇུག་པའི་བྱ་བ་ནི། རིང་བསྲེལ་གྱི་ནོར་བུ་རིན་པོ་ཆེ་བཞུགས་པའི་གསེར་གདུང་བཀོད་ལེགས་ཀྱི་དཀར་ཆག་ཉུང་ངུ་དོན་གསལ་ཞིག་འབྲི་བ་ལ། སྤྱི་དོན་གྱི་ཁོག་དབུབ་པ་དང་། སྒོས་དོན་བཞེངས་པའི་རིམ་པ། མཐར་ཐུག་དོན་གྱི་འབྲས་བུ་བཤད་པའོ།  དང་པོ་ནི། མདོ་ལས། སྤྱིར་ནི་བོན་ཉིད་རབ་འབྱམས་ལས། བོན་ཅན་མཚན་མ་མངོན་རྫོགས་པ། ཚད་དང་གཞལ་ལས་མི་ལོང་སྟེ། སྒོས་སུ་སེམས་ཅན་བློ་ངོས་ལས། བོན་སྒོ་བརྒྱད་ཁྲི་བཞི་སྟོང་དབྱེ། དེ་དག་ཐེག་པ་རིམ་དགུར་བསྡུད། དེ་ཉིད་སྒོ་བཞི་མཛོད་ལྔར་དབྱེ། དེ་ཡི་ནང་ནས་འཕན་ཡུལ་བོན། སྒྲིབ་སྦྱང་ཚོགས་རྫོགས་འཇུག་སྒོ་ལས། འདོན་མཆོད་རྣམ་པ་གཉིས་སུ་དབྱེ། བཀའ་རྒྱུད་ཀློག་དང་མཆོད་སྦྱིན་བཏང་༌། འདི་ནི་མཆོད་སྦྱིན་གཏོང་བའི་དོན། དེ་ཡང་རྣམ་པ་གཉིས་ཡིན་ཏེ། མཆོད་པའི་གནས་ནི་སྐུ་གདུང་སྟེ། ཐབས་ནི་དཀྱིལ་འཁོར་ལྷ་ཞལ་དབྱེ། དེ་ཡང་ཐོག་མར་སྐུ་གདུང་ལ། རྣམ་པ་གསུམ་དུ་དབྱེ་བ་སྟེ། སྐུ་གདུང་ཚྭ་ཚྭ་མཆོད་རྟེན་གསུམ། སྐུ་གསུང་ཐུགས་ཀྱི་རྟེན་དུ་སྦྱར། སྐུ་གདུང་ཕོ་བྲང་གཞལ་ཡས་ཁང་༌། སྐུ་དང་ཞིང་ཁམས་ལོངས་སྤྱོད་རྫོགས། བདེར་གཤེགས་སྤྱན་དྲངས་བཞུགས་པའི་གནས། མི་གཡོ་མི་འཇིག་བོན་གྱི་སྐུ། བདེ་བར་གཤེགས་པའི་སྐུ་དང་སྦྱར། ཚྭ་ཚྭ་འཛབ་བསྙེན་རབ་གནས་རྟེན། བདེ་བར་གཤེགས་པའི་ཐུགས་འཛབ་ལས། འབྱུང་བ་བཞི་པོ་གང་ལ་གདབ། དེ་དག་སེམས་ཅན་སྒྲིབ་སྦྱང་སྟེ། རང་བཞིན་འགག་མེད་བོན་གྱི་གསུང་། བདེ་བར་གཤེགས་པའི་གསུང་དང་སྦྱར། མཆོད་རྟེན་ཐུགས་ལས་བྱུང་བ་སྟེ། ཙི་ཏ་རིན་ཆེན་གཞལ་ཡས་ཁང་། སྐུ་གདུང་རིང་བསྲེལ་བཞུགས་པའི་གནས། མཉམ་ཉིད་འཁྲུལ་མེད་བོན་གྱི་ཐུགས། བདེ་བར་གཤེགས་པའི་ཐུགས་དང་སྦྱར། དེ་དག་རྒྱུད་སྡེ་གསུམ་ལས་སུ། མཚན་ཉིད་སོ་སོར་དབྱེ་བ་ཡི། སྐུ་གདུང་འབུམ་ཕྲག་མཐའ་ཡས་ཤིང་། བྱེ་བ་ས་ཡ་བསམ་མི་ཁྱབ། འགྲོ་བ་འདྲེན་པའི་དཔལ་དུ་སྟེ། ཞེས་དང་། མཁན་ཆེན་ཉི་མའི་གཟུངས་གཞུག་གི་ལག་ལེན་དུ་ལུང་དྲངས་པ་ལའང་༌། སྐུ་གདུང་སྐུ་ཡི་རྟེན། ཚྭ་ཚྭ་གསུང་གི་རྟེན། མཆོད་རྟེན་ཐུགས་ཀྱི་རྟེན་སོགས་གསུངས་ཀྱང༌། ཞེས་དང༌། ཡང་དེ་ལས། ཡང་སྤ་གྲོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནས། མཆོད་རྟེན་བོན་གྱི་སྐུ་དང་ཐུགས་ཀྱི་རྟེན། གསུང་རབ་རྫོགས་པའི་སྐུ་དང་གསུང་གི་རྟེན། སྐུ་གཟུགས་སྤྲུལ་པའི་སྐུ་དང་སྐུ་ཡི་རྟེན། ཞེས་གསུངས། ཞེས་སོགས་རྟེན་གསུམ་སྐུ་གསུམ་དང་སྦྱར་ཚུལ་ལ་མི་མཐུན་པ་ཅུང་མཆིས་ཀྱང་། མཁན་ཆེན་གྱིས་ལུང་ཕྱི་མ་ངེས་དོན་སྒྲ་ཇི་བཞིན་དུ་འདོད་ཞེས་གསུངས་སོ། །མདོ་ལས། སྐུ་གདུང་མཆོད་རྟེན་རིམ་པ་ལས། སྤྱི་རུ་རྣམ་པ་གསུམ་དུ་དབྱེ། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་དང༌། རང་བཞིན་མཁའ་ཡི་མཆོད་རྟེན་དང་། སྤྲུལ་པ་ཀློང་གི་མཆོད་རྟེན་ཏེ། སྤྱི་རུ་སྡེ་གསུམ་དབྱེ་བའོ།  །སྒོས་སུ་སོ་སོར་དབྱེ་བ་ནི། འཁོར་བའི་སེམས་ཅན་མ་རིག་པ། ཀུན་གཞིའི་རྣམ་པར་ཤེས་པ་ལ། ཉོན་མོངས་དུག་ལྔའི་རྩ་བ་གྱེས། མ་རིག་མ་རྟོགས་འཁྲུལ་པ་ཡི། ལས་དང་བག་ཆགས་རྐྱེན་བསྐུལ་ནས། འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་ལྡང༌། དེ་དག་འདུལ་བའི་གཉེན་པོ་ལས། ཡེ་ཤེས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ཉིད་འགྲོ་བ་འདུལ་བའི་ཕྱིར། དབྱིངས་ན་བཞུགས་པའི་བདེ་བར་གཤེགས། ཐུགས་རྗེ་ཐབས་མཆོག་སྤྲུལ་པ་དང༌། མཁྱེན་དང་བརྩེ་བའི་བདག་ཉིད་ལས། ཐབས་དང་ཤེས་རབ་ཟུང་འབྲེལ་ཕྱིར། བླ་ན་མེད་ཅིང་བླ་མེད་པའི། འགྲོ་ཀུན་ཐར་པར་འདྲེན་པའི་ཕྱིར། མཆོད་པའི་གནས་དང་བཀུར་བའི་ཞིང་། མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སྟེ། བོན་ཉིད་དབྱིངས་ན་སྐུ་བཞུགས་ཤིང་། ངང་ཉིད་གཡོ་བ་མེད་པ་ཡི། ཉག་གཅིག་དོན་ལས་མི་འདའ་བ། དབྱིངས་ན་བཞུགས་པ་བརྒྱ་ཉི་ཤུ། བོན་ཉིད་དབྱིངས་ནས་སྐུ་སྤྲུལ་ཞིང༌། མཁྱེན་དང་བརྩེ་བའི་བདག་ཉིད་ཅན། རང་བཞིན་མཁའ་ལ་རྫོགས་པ་ཡི། ལྷུན་གྱིས་གྲུབ་པ་བརྒྱ་ཉི་ཤུ། རང་བཞིན་མཁའ་ལ་སྐུར་བསྐྱོད་ཅིང༌། ཀློང་དུ་འགྲོ་བའི་དོན་དགོངས་ནས། གང་ལ་གང་འདུལ་དེར་སྟོན་ཅིང་། དེ་ཉིད་གཉེན་པོར་གྱུར་པ་ཡི། ཅིར་ཡང་སྤྲུལ་པ་བརྒྱ་ཉི་ཤུ། དེ་ལྟར་སུམ་བརྒྱ་དྲུག་ཅུ་སྟེ། ཞེས་གསུངས་པ། གཞི་ཡི་གནས་ལུགས་ཀ་དག་འདུས་མ་བྱས་པའི་ཡོན་ཏན་གྱི་ལྡོག་ཆ་ནས་ཕྱེ་བའི་མཆོད་རྟེན་གྱི་མཚན་གྲངས་བརྒྱ་དང་ཉི་ཤུ། དེ་ཡི་ཡོན་ཏན་གྱི་རྩལ་ཐོགས་པ་མེད་པ་འཆར་བའི་གཞིར་ལྷུན་གྱིས་གྲུབ་པ་ཡེ་ཤེས་ཆེན་པོ་ལྔ་དང་དེ་ལས་སྤྲོས་པ་བརྒྱ་དང་ཉི་ཤུ། གཞི་རྩལ་གསལ་སྟོང་ཟུང་འཇུག་གི་རོལ་པ་འདུས་བྱས་མཚན་མའི་མཆོད་རྟེན་བརྒྱ་དང་ཉི་ཤུ་བཅས་བསྟན་པས་ཁོག་དབུབ་ཀྱི་བསྡུས་དོན་ནོ། །

གཉིས་པ་སྒོས་དོན་བཞེངས་པའི་རིམ་པ་བཤད་པ། གཉིས་པ་བཞེངས་པའི་རིམ་པ་ལ། བཞེངས་བཀོད་ཀྱི་བྱ་བ་མི་འཇུག་པའི་མཆོད་རྟེན་དང་༌། བཞེངས་བཀོད་ཀྱི་བྱ་བ་འཇུག་པའི་མཆོད་རྟེན་གྱི་རྣམ་པར་བཤད་པའོ།། དང་པོ་ནི། མདོ་ལས། དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ། ཡེ་ནས་བོན་སྐུ་འགྱུར་མེད་ལ། ཚིག་དང་མིང་ཙམ་མ་གཏོགས་པ། གང་གིས་དཔེ་བྱ་མཚོན་དུ་མེད། ཞེས་དང་། ཡང་མདོ་ལས། ལྷུན་གྱིས་གྲུབ་པའི་མཆོད་རྟེན་ནི། ཞེས་པ་ནས། རང་བཞིན་ལྷུན་གྲུབ་མཆོད་པའི་རྟེན། བྱ་བརྩལ་གང་དུ་མ་གྲུབ་ཀྱང༌། མཉམ་ཉིད་གང་དུ་མ་འགག་ཕྱིར། ལྷུན་གྱིས་གྲུབ་སྟེ་གནས་པའོ།།  ཞེས་པའི་བར་དུ་གཞི་ཡི་རྩལ་ལས་ཡེ་ཤེས་དང་སྐུ་དང་འོད་སོགས་ཀྱི་རྣམ་པ་རོལ་པར་ཤར་བས་བྱ་བརྩལ་མི་འཇུག་པ་བསྟན་ཏོ།།  གཉིས་པ་ལ་རྒྱུ་དང༌། རྐྱེན་དང་། དོན་ཆེད་དང༌། བཞེངས་བཀོད་དངོས་སོ།  དང་པོ་ནི། རྒྱུ་རིན་པོ་ཆེ་ཟངས་ལ་གཞི་བྱས་ཏེ། རིན་ཆེན་གསེར་གྱི་རྩི་ཡིས་བྱུགས་པ་དང་། དངུལ་གྱི་རྒྱན་ལ་བྱུ་རུ། མན་ཤེལ། ཕ་ལམ་གཉིས་པ་སོགས་ཀྱི་རིན་པོ་ཆེ་ལས་བསྐྲུན་པའོ།།  གཉིས་པ་ནི། དཔལ་ལྡན་བླ་མ་སྨྲ་བའི་སེང་གེ་མི་ཡི་ཟོལ་དུ་བཞུགས་པ་གང་གི་སྐུ་པུར་རིན་པོ་ཆེའི་ཟེགས་མ་རྣམས་མཉེན་པའི་འདམ་ལ་བཟང་དྲུག་སྨན་དང་། དྲི་བཟང་གི་སྤོས་ཕྱེ། རིན་ཆེན་སྣ་ཚོགས་བསྲེས་པའི་ཚྭ་ཚྭ་བཞུགས་པའི་གནས་སུ་གཙོ་བོར་བྱས་པ་ཡིན་ཏེ། མདོ་ལས། སྐུ་གདུང་རིང་བསྲེལ་བཞུགས་པའི་གནས། ཞེས་གསུངས་པས་སོ།།  གཞན་ཡང་རྐྱེན་དུ་གྱུར་པའི་ཕྱོགས་ནི། དད་པ་དང་དམ་ཚིག་མོས་གུས་མི་དམན་པའི་སྐལ་ལྡན་གྱི་སློབ་འཁོར་རྣམས་ཀྱིས་དངོས་རྫས་ཀྱི་ཞལ་འདེབས་དང༌། དགེ་བསྐུལ་གྱི་གྲོས་འདེབས། གུས་བཏུད་ཀྱི་ཞབས་ཞུ་སོགས་དང་དུ་བླངས་ཏེ། རྣམ་གཡེང་གི་སད་ལ་མ་ཤོར་བའི་བྱ་བ་ལས་ཀྱི་འཁོར་ལོའི་རྒྱུན་ལ་ཟླ་འཁོར་དུ་མའི་བར་དུ་ལྷུར་བླངས་པ་རྣམས་ནི། བདག་ཅག་གི་རྣམ་འདྲེན་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟར་མདོ་ལས་གསུངས་པ་བཞིན་བསྒྲུབས་པའི་ཚུལ་ནི། མདོ་ལས། རིན་ཆེན་སྣ་བདུན་ལས་བྱུང་བ། བླ་མེད་མཆོད་པའི་རྟེན་དུ་བཞེངས། རྐྱེན་ནི་དད་པ་ལས་བྱུང་སྟེ། སྐྱེས་བུ་རྟུལ་ཤུགས་ལྡན་པ་དང༌། དད་དང་བརྩོན་འགྲུས་ལྡན་པ་སྟེ། རྩོལ་བས་བསྒྲུབས་ཏེ་བཞེངས་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དོན་ཆེད་ལ་གཉིས་ཏེ། ཚེ་འདི་དང་། ཕྱི་མའི་ཆེད་དོ།།  དང་པོ་ནི། མདོ་ཡི་ལུང་རྣམས་ཞལ་གསལ་དུ་བྱུང་བ་ཡིན་པས་བཤད་ཡམ་དུ་མའི་སྤྲོས་པ་བསྐྱུངས་པ་ཡིན། མདོ་ལས་འཇིག་རྟེན་ཞི་ཞིང་བདེ་ལེགས་དང་། སྣང་སྲིད་ཁ་ཡོ་བསྙམས་པ་དང༌། སྟོང་ཁམས་འཇིག་རྟེན་རེ་བསྐང་དང༌། ཕ་རོལ་བར་ཆད་ཞི་བ་དང་། མི་མཐུན་ཚོགས་རྣམས་བཟློག་ཕྱིར་དང༌། ཚེ་གཡང་བསོད་ནམས་སྤེལ་ཕྱིར་དང༌། དཔལ་དང་གྲགས་པ་བསྐྱེད་ཕྱིར་དང༌། གཡུང་དྲུང་བསྟན་པ་རྒྱས་ཕྱིར་རོ།། ཞེས་སོ།། གཉིས་པ་ནི། མདོ་དེ་ཉིད་ལས། སྒྲིབ་གཉིས་རྣམ་པར་སྦྱང་ཕྱིར་དང་། ཚོགས་གཉིས་ཡོངས་སུ་རྫོགས་ཕྱིར་དང་༌། སྨོན་ལམ་མཐའ་རུ་འགྲུབ་ཕྱིར་དང༌། གཡུང་དྲུང་ས་བཅུ་བགྲོད་ཕྱིར་དང༌། ལམ་ལྔའི་ཡོན་ཏན་འཐོབ་ཕྱིར་དང་། བླ་མེད་འབྲས་བུ་འཐོབ་ཕྱིར་རོ།  ཞེས་སོགས་གསུངས་སོ།།  གདུང་འབུམ་གྱི་དཀར་ཆག་སྐབས་སུ། བཞི་པ་ལ་གཉིས་ཏེ། བཞེངས་པའི་གནས་དང༌། བཞེངས་པའི་ཐབས་སོ།།  དང་པོ་ནི། མདོ་ལས། གནས་ནི་་། ཡིད་འོང་གནས་སུ་བཤད། ཞེས་གསུངས་པ་དང་མཐུན་པའི་ས་གཞི་འདི་ཉིད་གྲུབ་པའི་སྐུ་མཆོག་དམ་པ་དཔལ་ལྡན་བླ་མ་མི་ཡི་སེང་གེ་གསེར་ཞལ་འཇིག་རྟེན་འདིར་འཚོ་ཞིང་གཞེས་པའི་རིང་དུ་བྱིན་གྱིས་བརླབས། གདུལ་བྱའི་ཞིང་ཁམས་གཞན་དུ་གཟིགས་པའི་ཚེ་ན་ཡང་བདེ་བར་གཤེགས་པ་སྟོང་རྩ་བརྒྱད་དང༌། ཡི་དམ་ཞི་རྒྱས་དབང་དྲག་རྒྱུན་དང་བཅས་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང༌། གདུང་མཆོད་ཕུལ་བའི་ས་གཞི་བྱིན་བརླབས་ཅན་འདི་ཉིད་དོ།།  གཉིས་པ་ལ་ཡང༌། ཕྱི་ཡི་བཞེངས་བཀོད་དང༌། ནང་གི་བཞེངས་བཀོད་དང༌། ཕན་ཡོན་བཤད་པའོ།།  འདི་དག་ནི་འོག་ཏུ། དང་པོ་ཅི་ཡང་ནས་དྲན་པ་རྣམས་ཀྱི་ཚུལ་ལོ་བར་དུ་གསལ། མཆན་མདུན་གྱི་གཡས་གཡོན་གྱི་ཅོག་གཉིས་སྐུ་གདུང་རིན་པོ་ཆེ་ཟེགས་མ་ལས་བསྐྲུན་པའི་ཚྭ་ཚྭ་ལྔ་བརྒྱ་ལས་བརྒལ་བ་བཞུགས་པའི་ཁང་བུ་བརྩེགས་པའི་མཆོད་རྟེན་གྱི་ཚུལ་ལོ།། བཞི་པ་བཞེངས་པའི་ཐབས་ལ་ཡང་། ཕྱི་ཡི་བཞེངས་བཀོད་དང༌། ནང་གི་བཞེངས་བཀོད་དང༌། ཕན་ཡོན་བཤད་པའོ།  དང་པོ་ནི། ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་ཉི་ཤུའི་ནང་ཚན་གཡུང་དྲུང་བཀོད་ལེགས་ཀྱི་དབྱིབས་སུ་བཞེངས་པ་ཡིན་ཞིང༌། ཐིག་རྩ་ནི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས་བྱུང་བ་བཞིན་དུ་བཀོད་པ་ཡིན་ལ། དེ་ཡི་ཕྱི་དབྱིབས་ལྷ་ཡི་དག་པ་དང་སྦྱར་བ་ནི། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། བདེར་གཤེགས་སྐུ་ཡི་རྟེན་བཀོད་པ། རྨེང་གཞི་མི་འགྱུར་གཡུང་དྲུང་མཁའ་ཡི་ཀློང༌། མཁའ་ཀློང་དབྱིངས་ཀྱི་ལྷ་དང་གཉིས་སུ་མེད། འདེགས་བྱེད་ཁྲི་འཕང་དང་པོ་ཀུན་དུ་འདེགས། རླུང་གི་ལྷ་མོའི་སྐུ་དང་གཉིས་སུ་མེད། གསལ་བྱེད་ཁྲི་འཕང་གཉིས་པས་མུན་པ་འཇོམ། མེ་ཡི་ལྷ་མོའི་སྐུ་དང་གཉིས་སུ་མེད། རླན་བྱེད་ཁྲི་འཕང་གསུམ་པས་བག་ཆགས་འཁྲུད། ཆུ་ཡི་ལྷ་མོའི་སྐུ་དང་གཉིས་སུ་མེད། སྐྱེད་བྱེད་ཁྲི་འཕང་བཞི་པ་ཀུན་གྱི་གཞི། ས་ཡི་ལྷ་མོའི་སྐུ་དང་གཉིས་སུ་མེད། གསེར་གྱི་རི་རབ་རིན་ཆེན་འོད་དུ་འབར། རྒྱལ་ཆེན་བཞི་ཡི་སྐུ་དང་གཉིས་སུ་མེད། གསེར་གྱི་རི་རབ་ཟུར་བཞི་ནི། རྒྱལ་མོ་བཞི་ཡི་སྐུ་དང་གཉིས་སུ་མེད། དགེ་བཅུ་རྣམ་དག་བང་རིམ་དང་པོ་བདེ། ཀླུ་ཆེན་བརྒྱད་ཀྱི་སྐུ་དང་གཉིས་སུ་མེད། དྲན་རིག་འདུལ་ཁྲིམས་བང་རིམ་གཉིས་པ་བརྟན། ལྷ་ཆེན་བརྒྱད་ཀྱི་སྐུ་དང་གཉིས་སུ་མེད། སྣང་མེད་རྫུ་འཕྲུལ་བང་རིམ་གསུམ་པ་མཐོ། ཕྱོགས་སྐྱོང་བཅུ་ཡི་སྐུ་དང་གཉིས་སུ་མེད། ཤེས་བཅུ་རྣམ་གྲོལ་བང་རིམ་བཞི་པ་རྒྱས། དབང་གི་ལྷ་བཅུའི་སྐུ་དང་གཉིས་སུ་མེད། བསམ་བརྟན་ཏིང་འཛིན་མགུར་ཆུ་བྱམས་སྙོམས་ལྡན། ཡེ་གཤེན་བརྒྱད་ཅུའི་སྐུ་དང་གཉིས་སུ་མེད། མཁའ་ཡངས་དབྱིངས་ཆེན་བུམ་པ་ཀུན་ཏུ་ཟླུམ། དབྱིངས་ཀྱི་ལྷ་མོའི་སྐུ་དང་གཉིས་སུ་མེད། གཤེན་ལམ་བྲེ་ལེགས་གྲུ་བཞི་ཀུན་ཏུ་བདེ། གཅོད་སྦྱོང་ལྷ་བཞིའི་སྐུ་དང་གཉིས་སུ་མེད། ཐར་ལམ་འཇིགས་མེད་སྲོག་ཤིང་གཞུང་ཤུགས་དྲང༌། ཡེ་གཤེན་བརྒྱད་ཀྱི་སྐུ་དང་གཉིས་སུ་མེད། མི་འཇིགས་འཁོར་ལོ་བཅུ་གསུམ་སྒྲིབ་དཔངས་མཐོ། སྲིད་པའི་ལྷ་མོ་བཅུ་གཉིས་སྐུ་དང་གཉིས་སུ་མེད། ཐུགས་རྗེ་ཆར་ཁེབས་བདེ་སྙོམས་ཡོངས་ཀྱི་མགོན། རྫུ་འཕྲུལ་ཉི་ཤུའི་སྐུ་དང་གཉིས་སུ་མེད། ཐབས་དང་ཤེས་རབ་བྱ་རུ་ཀུན་སྤྲུལ་ཆེ། ཀུན་སྣང་ཡབ་ཡུམ་སྐུ་དང་གཉིས་སུ་མེད། མ་བཅོས་ཏོག་ཆེན་བདལ་པ་བོན་གྱི་སྐུ། གཤེན་ལྷ་འོད་དཀར་སྐུ་དང་གཉིས་སུ་མེད། རྣོ་དབལ་བྱ་གྲི་ཐམས་ཅད་རྩེ་རུ་ཆིབ། ཞེས་དང༌། མདོ་ལས། བདེ་བར་གཤེགས་པའི་ཐུགས་རྟེན་གྱི། སྐུ་གདུང་མཆོད་རྟེན་རིམ་པ་ལ། ཕྱི་ནང་སྣོད་བཅུད་སྦྱར་ལུགས་ཏེ། དེ་ཡང་ཕྱི་ནང་གསང་བ་གསུམ། ཕྱི་ལྟར་ཕྱི་སྣོད་འཇིག་རྟེན་དང༌། ནང་བཅུད་སེམས་ཅན་དག་དང་སྦྱར། ནང་ལྟར་ཞི་རྒྱས་དབང་དྲག་སྟེ། ལས་བཞི་རྒྱུན་ལྔའི་ལྷ་དང་སྦྱར། གསང་བ་ཐེག་པ་རིམ་དགུ་དང༌། ཕྱི་ནང་གསང་གསུམ་བོན་དང་སྦྱར། ཞེས་སོགས་ནས། འཁོར་བ་མྱ་ངན་འདས་པའི་བོན། ཐམས་ཅད་དོན་དང་སྦྱར་ནས་སུ། སྐུ་གདུང་དག་ལ་འདུས་ཚུལ་ལོ།།  ཞེས་དང༌། བདེ་བར་གཤེགས་པའི་སྐུ་གདུང་ནི་རིས་སུ་བྲིས་དང་འབུར་དུ་བཏོད། ལུགས་སུ་བླུགས་ཏེ་བཞེངས་པ་ཡི། དོན་དང་གོ་རིམ་སྦྱར་ཚུལ་ལོ།  ཞེས་གསུངས་པ་རྣམས་ཀྱིས་བདེ་བར་གཤེགས་པའི་སྐུ་གདུང་ནི་གོང་དུ་བཤད་པ་ལྟར་གྱི་དོན་རྟགས་གྱི་བརྡ་ལ་སྦྱར་བ་དང་དག་པ་དྲན་པ་རྣམས་ཀྱི་ཚུལ་ལོ།།  གཉིས་པ་ནང་གི་བཞེངས་བཀོད་ནི། གཟུངས་གཞུག་གི་ཚུལ་ནི་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་གཟུངས་གཞུག་འབུལ་བའི་ལག་ལེན་བཞིན་དགོས་སོ་འཚལ་གྱི་རྫས་དང་གཟུངས་རྫོང་ལྟར་གྱི་གཟུངས་གཞུག་རྒྱས་པ་ཚར་གཅིག་ཐུགས་ཁར་གཤེན་རབ་རྣམ་པར་རྒྱལ་བའི་བསྙེན་འཛབ་གཟུངས་བཅས་ཀྱི་གཤམ་དུ་ཁྱབ་བདག་འཁོར་ལོའི་མགོན་པོ་སྨྲ་དབང་མི་ཡི་སེང་གེ་ཡོངས་འཛིན་རིན་པོ་ཆེའི་རྩ་བའི་ཐུགས་དམ་གྱི་གཙོ་བོ་རྒྱལ་ཀུན་ཡུམ་གྱུར་ཤེས་རབ་བྱམས་པའི་རྩ་བསྙེན་རིན་ཆེན་བཻཌཱུཥྱའི་མདངས་འོད་འཕྲོ་བའི་ཤོག་གཞི་ལ། གུ་ལང་གསེར་གྱིས་བྲིས་པ་ཚར་བདུན། གསང་མཆོག་མཐར་ཐུག་རྒྱལ་པོ་ལྷ་སུམ་བརྒྱ་དྲུག་ཅུ་རྩ་དྲུག་པའི་རྩ་བསྙེན་འཛབ་རིང་བཅས་གསེར་གྱིས་དབུ་ཅན་ཚེག་མེད་བྲིས་པ་བལྟ་བས་ཆོག་མི་ཤེས་པ་ཚར་གཅིག་བཅས་བཀོད་མཛེས་ཡིད་དུ་འོང་བའི་རང་བཞིན་ཅན་དུ་ཕུལ་བ་དང་༌། བུམ་དཀྱིལ་གྱི་ཕྱོགས་བཞི་དབུས་དང་ལྔར་ཡི་དམ་ཞི་རྒྱས་དབང་དྲག་རྒྱུན་དང་བཅས་པའི་ཐུགས་འཛབ་རྣམས་ཀྱི་མཐར་མཁན་ཆེན་ཉི་མའི་དབང་པོས་འདོད་གསོལ་སྨོན་ལམ་གྱིས་བརྒྱན་འཐུས་གསུངས་པ་བཞིན་སྐྱབས་མཆོག་དམ་པ་འདི་ཉིད་གདུལ་བྱའི་ཞིང་ཁམས་གཞན་དུ་གཟིགས་པར་གྱུར་པའི་སྐབས་སུ་ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་དུ་འགྲུབ་ཅིང༌། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེའི་འཁོར་ལོ་རིམ་བཞི་བསྐོར་བས་གདུལ་བྱའི་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཡོངས་སུ་རྒྱས་ཏེ་རྒྱལ་བསྟན་རིན་པོ་ཆེ་ཡུན་དུ་གནས་པ་དང་། བདག་སོགས་མོས་འདུན་གུས་པའི་རྒྱ་མཚོ་ཆེན་པོ་ཡང་གོང་གི་མཁྱེན་བརྩེའི་འོད་འབུམ་གཡོ་བའི་བསིལ་ཟེར་ཅན་གྱིས་མི་འདོར་བར་དུས་རྟག་ཏུ་འཁྱུད་པའི་སྨོན་ལམ་འདོད་གསོལ་བཅས་རྒྱ་མཚལ་གྱིས་བྲིས་ཏེ་ཕུལ། གདུང་ཆེན་གྱི་ནང་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་ཉམས་མེད་ཡུན་དུ་སྐྱོང་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་རྩ་བསྙེན་རྣམས་དང༌། གཟུངས་རྫོང་ནང་ལྟར་སྨོན་ཚིག་འདོད་གསོལ་གྱི་མཐའ་ཅན་དང་། རི་རབ་ནང་དུ་གཤེན་རབ་རྣམ་པར་རྒྱལ་བའི་འཁོར་གྱི་མགོན་ཆེན་རྣམ་དགུའི་གཏེར་བུམ་གཅིག་ལ་རྫས་མཆོག་ཕུན་སུམ་ཚོགས་པས་སྤྲས་པ་དང་། སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང༌། ནོར་བདུན་འཁོར་ལོ་ཁ་སྦྱར། འོག་ཏུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་ཁ་སྦྱོར་བཅས་ལ་རྫས་དང་ནབ་བཟའ་ཆིངས་བཅས་བཀོད་ལེགས་ཡིད་དུ་འོང་བས་བརྒྱན་པ་བཅས་བཞུགས། གཞན་ཡང་འཛབ་ཆེན་གྱི་རྫས་དང་རྩ་བའི་སྲོག་ཤིང་གི་དབུ་ནས་མཇུག་བར་དུ་རྟེན་མཆོག་ཇི་ལྟར་བཞུགས་པ་ནི། རྨེའུ་རྒྱལ་བ་དབང་དྲག་གི་རིང་བསྲེལ་༡། བྲམ་ཟེའི་རིང་བསྲེལ་འཕེལ་གདུང་༡། བྲམ་ཟེའི་དབུ་གཡང་ཚལ་བུ་༡། སྤ་སྟོན་དཔལ་ལྡན་བཟང་པོའི་གཙོ་མཆོག་ཐུགས་ཀྱི་དངོས་གྲུབ་མཁའ་ལ་གདུག་མོའི་རཀྟ་རིལ་ནག་ཉག་གཏེར་གསང་གླིང་དང་། མཁའ་འགྲོ་དབང་མོ། སྣང་ཞིག་ཟླ་རྒྱན། མེ་སྟོན་གོང་འོག་སོགས་ཀྱི་དབུ་སྐྲ། མཁན་ཆེན་ཉི་མའི་གདུང་རུས། བྲུ་རྒྱལ་བའི་དབུ་གཡང་ཚལ་བུ་༡། མཁའ་འགྲོ་སྐལ་བཟང་ལྷ་མོའི་རིང་བསྲེལ། ཟླ་ཕུ་མཁའ་འགྲོ་སྨོན་ལམ་སྒྲོན་མའི་གདུང་རུས། ཤེལ་བཙུན་ཚུལ་ཁྲིམས་བཟང་མོའི་རིང་བསྲེལ་ཤ་རི་རམ་༡། ཆུ་རི་རམ་༡། བ་རི་རམ་༡། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་སྐུ་ཤ། གཡུང་དྲུང་ཡེ་ཤེས་ཆེན་པོའི་གདུང་རུས། ཨུ་རི་རྒྱལ་བ་ཚུལ་ཁྲིམས་ཀྱི་དབུ་སྐྲ། རྨེའུ་གཡུང་དྲུང་ལྷ་སྲས་ཀྱི་རིང་བསྲེལ། གཏེར་སྟོན་བདེ་ཆེན་གླིང་པའི་གདུང་རུས། གཤེན་འཛམ་གླིང་གི་དབུ་སྐྲ། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་དབུ་སྐྲ། ཁྱུང་སྤྲུལ་རིན་པོ་ཆེའི་གདུང་རུས། ཁྱུང་སྤྲུལ་རིན་པོ་ཆེའི་རིང་བསྲེལ། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་གདུང་རུས། དབུས་ཕུག་མཚམས་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་དབུ་སྐྲ། སྤ་གཏེར་ཡེ་ཤེས་གཡུང་དྲུང་གི་ཤངས་མཚལ། ཤར་རྫའི་ནབ་བཟའ་དབུ་སྐྲ་སོགས། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཕྱག་འཕྲེང་འབོ་ཏི་ཙེའི་རྡོག་༡། བུམ་དཀྱིལ་དུ་སྐྱབས་རྗེ་ཡོངས་འཛིན་དམ་པའི་ཚེམས་༡། ཕྱག་འཕྲེང་གི་རྒྱན་མུ་མེན་༡དང་༌། དུང་ཕྲེང་རྡོག་༡། སངས་རྒྱས་འོད་སྲུང་གི་རིང་བསྲེལ་༡། སེམས་དཔའ་ཟླ་བ་གྲགས་པའི་རིང་བསྲེལ་༢། མེ་སྟོན་ཉི་མ་རྒྱལ་མཚན་གྱི་དབུ་སྐྲ་བཅས་བཞུགས་པའོ།།  གསུམ་པ་ཕན་ཡོན་བཤད་པ་ནི། མདོ་ལས། དེ་ལྟར་ཆག་ཚད་ལྡན་པ་ཡི། མཆོད་རྟེན་བཞེངས་དང་བཞེངས་སོ་འཚལ། བཞེངས་ལ་འཇུག་པ་ལས་གྱུར་སོགས། བཞེངས་སོགས་གོམས་པ་གཅིག་དོན་ཀྱང་། དེ་ཉིད་ཐར་པའི་འབྲས་བུ་འཐོབ། བླ་མེད་གོ་འཕང་གདོན་མི་ཟ། ཞེས་དང་། ཐེག་དགུ་རྗེས་བཞག་མདོ་ལས། སྐུ་གདུང་བརྩེགས་ཤིང་སྐུ་གཟུགས་བཞེངས་པ་དང་། གསུང་རབ་ཡི་གེའི་རྒྱུད་བྲིས་ཐར་པ་འཐོབ། བསྐལ་པར་བསགས་པའི་བག་ཆགས་སྒྲིབ་པ་འབྱོང༌། བསོད་ནམས་ཚོགས་ཆེན་རབ་ཏུ་རྫོགས་ནས་ཀྱང༌། འབྲས་བུ་སྐུ་གསུམ་སངས་རྒྱས་ཐོབ་པ་ཡི། སྣང་ཞིང་སྲིད་པའི་འཁོར་ལོ་བསྒྱུར་བར་འགྱུར། ཞེས་དང༌། སྐུ་གདུང་བསྟན་པ་རྗེས་བཞག་མདོ་ལས། བདེར་གཤེགས་མཆོད་རྟེན་བཞེངས་སུ་གསོལ་བ་ཡི། ངན་སོང་གསུམ་ལས་གཏན་དུ་ཐར་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་སྐོས་མཁན་བྱེད་པ་ནི། སྒམ་པོ་ཕྱྭ་ཡི་ལུས་སུ་སྐྱེ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ལས་དཔོན་བྱེད་པ་ནི། སྲིད་པའི་རྒྱལ་པོའི་ལུས་བཞིན་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་བཟོ་རིགས་བྱེད་པོ་ནི། ཤེས་རིག་རྒྱལ་པོའི་སྐུ་རུ་སྐྱེ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་གཞི་རྨེང་འདིངས་པ་ནི། ཁམས་སུམ་འཁོར་བའི་ས་དགུ་ནོན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ཁྲི་འཕང་འདེགས་པ་ནི། གཡུང་དྲུང་ས་བཅུའི་ལམ་ལ་བགྲོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་བརྩེགས་པ་བྱེད་པ་ནི། དགེ་བཅུ་ཡོན་ཏན་མྱུར་དུ་འཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འཇིམ་པ་གཅིག་བོར་བས། ཇི་སྙེད་རྡུལ་གྱི་གྲངས་ནི་དེ་སྙེད་དུ། བསོད་ནམས་རྒྱུན་ཀྱང་དེ་བཞིན་ཟད་མི་ཤེས། གང་ཞིག་མཆོད་རྟེན་སྐུ་ལ་ཆག་ཆག་གདབ་པ་ནི། ཉོན་མོངས་བག་ཆགས་དྲི་མ་དག་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ཀ་གདུང་འདེགས་པ་ནི། རབ་ཏུ་དགའ་བའི་ས་ཆེན་གནོན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་དྲལ་དཔྱམ་བཀྱེ་བ་ནི། དྲི་མ་མེད་པའི་ས་ལ་གནོན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ཁ་བད་འདོགས་པ་ནི། སྒྲིབ་མེད་འོད་ཟེར་ཀུན་ནས་འཕྲོ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་རྟ་བབ་འདོགས་པ་ནི། ཕྱག་རྒྱ་སྒྱུར་བྱེད་དོན་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་བུམ་པ་དབུབ་པ་ནི། སྟོང་ཉིད་བཅོ་བརྒྱད་དོན་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མགུལ་ཆུ་གསོལ་བ་ནི། ཏིང་འཛིན་ཡན་ལག་བརྒྱད་ཅུ་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་བྲེ་ལེགས་བཀོད་པ་ནི། ཐུགས་རྗེ་ཚད་མེད་བཞི་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་སྲོག་ཤིང་འཛུག་པ་ནི། ཐར་ལམ་བཅུ་གཉིས་མྱུར་དུ་བགྲོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འཁོར་ལོ་བཀོད་པ་ནི། མི་འཇིགས་སྟོབས་མཆོག་བཅུ་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ཆར་ཁེབས་དབུབ་པ་ནི། ཐུགས་རྗེ་ཚད་མེད་ཡོངས་ལ་སྙོམས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཏོག་ཆེན་དབུབ་པ་ནི། དབྱིངས་ཤེས་དབྱེར་མེད་དོན་དམ་རྟོགས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་བྱ་རུ་འཛུག་པ་ནི། ཐབས་དང་ཤེས་རབ་ཟུང་འབྲེལ་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དར་རྒྱན་འདོགས་པ་ནི། སྤྲུལ་པ་འོད་ཟེར་ཀུན་ཏུ་འགྱེད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྒོ་མོ་འཛུག་པ་ནི། སྐྱེ་བཞི་འཁོར་བའི་བདུད་ལས་རྒྱལ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དཀྱིལ་འཁོར་བཀྲམ་པ་ནི། ལོངས་སྤྱོད་རྫོགས་པའི་ཞིང་དུ་སྐྱེ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྒོ་སྲུང་བཀོད་པ་ནི། ཕྱི་ནང་གསང་བའི་བར་ཆོད་ཞི་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ལྕགས་རི་བཀོད་པ་ནི། སྣང་སྲིད་དགེ་བ་རྒྱ་ཆེ་འཕེལ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ནགས་ཚལ་བསྐོར་བ་ནི། བསོད་ནམས་ལོངས་སྤྱོད་ཕུན་སུམ་འཚོགས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཆུ་གླིང་བསྐྱིལ་བ་ནི། ཐུགས་རྗེ་རྒྱུན་མེད་འགྲོ་བ་འདྲེན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ནབ་བཟའ་གསོལ་བ་ནི། ཡེ་ཤེས་རྒྱན་གྱི་རང་ཆས་འཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སེང་གེའི་རྒྱན་ཕུལ་བ། ཞེ་སྡང་དམྱལ་བའི་སྐྱེ་སྒོ་ཆོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གླང་པོའི་གདན་ཕུལ་བ། གཏི་མུག་བྱོལ་སོང་སྐྱེ་སྒོ་ཆོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རྟ་མཆོག་གདན་ཕུལ་བ། ང་རྒྱལ་ལྷ་མིན་སྐྱེ་སྒོ་ཆོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གཡུ་འབྲུག་གདན་ཕུལ་བ། འདོད་ཆགས་ཡི་དྭགས་སྐྱེ་སྒོ་ཆོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་བྱ་ཁྱུང་གདན་ཕུལ་བ། འཕྲག་དོག་མི་ཡི་སྐྱེ་སྒོ་ཆོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་པདྨའི་གདན་ཕུལ་བ། རབ་འཇམ་མཛེས་པའི་གདན་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཉི་ཟླའི་གདན་ཕུལ་བ། མ་རིག་བློ་ཡི་མུན་པ་སངས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཕྱི་བདར་བྱེད་པ་ནི། གཟུགས་བཟང་ཆས་དང་བཞིན་ལེགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྐུ་ཁྲུས་གསོལ་བ་ནི། དྲི་མ་མེད་ཅིང་མདོག་བཟང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གཡོག་བྱར་བྱེད་པ་ནི། རྫུ་འཕྲུལ་རྐང་བཞི་མྱུར་མགྱོགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རིན་ཆེན་འབུལ་བ་ནི། དབུལ་འཕོངས་མེད་ཅིང་དཀོར་ཆ་འཚོགས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྤོས་ལྔ་འབུལ་བ་ནི། དྲི་ཞིམ་ངད་ལྡན་ཡིད་འོང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྨན་ལྔ་འབུལ་བ་ནི། གདུག་པའི་ནད་འཇོམ་བདུད་རྩི་སྤྱོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྙིང་པོ་འབུལ་བ་ནི། ངན་འགྲོའི་སྡུག་བསྔལ་ཞི་ཞིང་སྙིང་པོ་མཆོག་འཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མར་མེ་འབུལ་བ་ནི། ཡེ་ཤེས་བསལ་བའི་སྒྲོན་མེ་འདེགས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཡོན་ཆབ་འབུལ་བ་ནི། བག་ཆགས་མེད་ཅིང་གནས་གཙང་འཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ལྷ་སངས་འབུལ་བ་ནི། བཀྲེས་སྐོམ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འབྲུ་བཅུད་འབུལ་བ་ནི། བདུད་རྩི་རྒྱ་མཚོ་དག་ལ་སྤྱོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ལོ་ཏོག་འབུལ་བ་ནི། དབུལ་འཕོངས་སྡུག་བསྔལ་གཏན་ནས་བྲལ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མེ་ཏོག་འབུལ་བ་ནི། སྒྲིབ་པ་བྱང་ཞིང་ཡོན་ཏན་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དཀར་གསུམ་འབུལ་བ་ནི། འདོད་འཇོ་བ་དང་རྐང་འགྲོས་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མངར་གསུམ་འབུལ་བ་ནི། ཞལ་ཟས་བདའ་དགུའི་རོ་མཆོག་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྤྱན་གཟིགས་འབུལ་བ་ནི། བསོད་ནམས་ཚོགས་བསྐྱེད་ལོངས་སྤྱོད་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འབྲུ་ལྔ་འབུལ་བ་ནི། བཏབ་མེད་མ་རྨོས་ལོ་ཏོག་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དར་དཔྱངས་འབུལ་བ་ནི། ལྷ་ཡི་ནབ་བཟའ་ཆས་རྒྱན་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཆས་རྒྱན་འབུལ་བ་ནི། གཟུགས་བཟང་ཡན་ལག་བདེ་ཞིང་སྟོབས་ཆེན་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རོལ་མོ་འབུལ་བ་ནི། དབྱངས་སྙན་ངག་བདེ་བསོད་ནམས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རྟ་མཆོག་འབུལ་བ་ནི། ཤུགས་ལྡན་བསྐྱོད་མེད་གནས་སུ་བགྲོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གླང་པོ་འབུལ་བ་ནི། བསྟན་པ་རིན་ཆེན་རབ་བརྟན་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མ་ཧེ་འབུལ་བ་ནི། ལྷ་ཡི་ལོངས་སྤྱོད་དཀོར་ནོར་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་བ་མོ་འབུལ་བ་ནི། ཡིད་བཞིན་ཞལ་ཟས་ཟད་མེད་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཕྱག་སྐོར་འབུལ་བ་ནི། རྩ་གསུམ་གནས་སུ་བོན་འཁོར་བསྐོར་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མཆོད་བརྗོད་འབུལ་བ་ནི། འཁོར་བ་མེད་ཅིང་མྱ་ངན་འདའ་བར་འགྱུར། དེ་ཕྱིར་གང་ཞིག་གཡུང་དྲུང་སེམས་དཔའ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་༌། ཕྱི་རབས་གང་ཟག་མཐའ་ཡས་སེམས་ཅན་རྣམས། མཆོད་རྟེན་སྐུ་ལ་བླ་མར་བཀུར་བར་གྱིས། བླ་མེད་གོ་འཕང་ཐོབ་པར་གདོན་མི་ཟ། ཞེས་གསུངས། རྒྱུད་གཡུང་དྲུང་ལས་དག་ལས། གང་ཞིག་དད་པ་ལྡན་པའི་གཤེན་རབ་ཀྱིས། བདེར་གཤེགས་སྐུ་གདུང་གསུང་རབ་གང་བཞེངས་པ། ངན་སོང་གསུམ་ལས་གཏན་དུ་ཐར་པར་འགྱུར། སྐུ་གདུང་གསུང་རབ་སྐོས་མཁན་གང་བྱེད་པ། སྒོམ་པོ་ཕྱྭ་ཡི་ལུས་སུ་ཐོབ་པར་འགྱུར། བདེར་གཤེགས་སྐུ་ཡི་ལས་དཔོན་བྱེད་པ་ནི། སྲིད་པའི་རྒྱལ་པོའི་སྐུ་རུ་སྐྱེ་བར་འགྱུར། བདེར་གཤེགས་སྐུ་ཡི་བཟོ་རྣམས་བྱེད་པ་ནི། རིག་པའི་རྒྱལ་པོའི་སྐུ་རུ་སྐྱེ་བར་འགྱུར། བདེར་གཤེགས་སྐུ་ཡི་འདག་འཇིམ་གང་སྦྱོར་བ། ས་ཡི་རྡུལ་བཞིན་བསོད་ནམས་འཕེལ་བར་འགྱུར། བདེར་གཤེགས་སྐུ་ལ་ནབ་བཟའ་གསོལ་བ་ནི། ཡེ་ཤེས་རྒྱན་གྱི་རང་ཆས་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་པདྨའི་གདན་འབུལ་བ། རེག་འཇམ་མཛེས་པའི་གདན་དང་ལྡན་པར་འགྱུར། བདེར་གཤེགས་སྐུ་ཡི་རྡུལ་ཕྱིས་བྱེད་པ་ནི། གཟུགས་བཟང་ཆས་དང་མདོག་སྡུག་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་ཁྲུས་ཆབ་འབུལ་བ་ནི། དྲི་མེད་ཡིད་འོང་མདོག་བཟང་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་མཆོད་གཡོག་བྱེད་པ་ནི། རྫུ་འཕྲུལ་རྐང་པའི་མྱུར་མགྱོགས་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་མར་མེ་འབུལ་བ་ནི། མུན་པ་སེལ་ཞིང་བློ་རིག་གསལ་བར་འགྱུར། བདེར་གཤེགས་སྐུ་ལ་རིན་ཆེན་འབུལ་བ་ནི། དབུལ་འཕོངས་མེད་ཅིང་དཀོར་ཆ་འཚོགས་པར་འགྱུར། བདེར་གཤེགས་སྐུ་ལ་སྤོས་ལྔ་འབུལ་བ་ནི། དྲི་ཞིམ་ངད་ལྡན་ཡིད་དུ་འོང་བར་འགྱུར། བདེར་གཤེགས་སྐུ་ལ་སྨན་ལྔ་འབུལ་བ་ནི། གདུག་པའི་ནད་ཞི་བདུད་རྩི་སྤྱོད་པར་འགྱུར། བདེར་གཤེགས་སྐུ་ལ་སྙིང་པོ་ལྔ་ཕུལ་བས། སྡུག་བསྔལ་མེད་ཅིང་སྙིང་པོ་མཆོག་འཐོབ་འགྱུར། བདེར་གཤེགས་སྐུ་ལ་ཚན་ཆབ་ཕུལ་བས་ན། གནས་གཙང་ཐོབ་ཅིང་དྲི་མ་མེད་པར་འགྱུར། བདེར་གཤེགས་སྐུ་ལ་ལྷ་སངས་ཕུལ་བས་ན། བཀྲེས་སྐོམ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་འབྲུ་བཅུད་ཕུལ་བས་ན། བདུད་རྩི་རྒྱ་མཚོའི་གསོས་ལ་སྤྱོད་པར་འགྱུར། བདེར་གཤེགས་སྐུ་ལ་མེ་ཏོག་ཕུལ་བས་ན། སྒྲིབ་པ་བྱང་ཞིང་ཡེ་ཤེས་ལྔ་ཐོབ་འགྱུར། བདེར་གཤེགས་སྐུ་ལ་དཀར་གསུམ་མཆོད་ཕུལ་བས། འདོད་འཇོའི་བ་དང་རྐང་འགྲོས་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་མངར་གསུམ་ཕུལ་བས་ན། ཞལ་ཟས་བདའ་དགུའི་ལོངས་སྤྱོད་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་སྤྱན་གཟིགས་ཕུལ་བས་ན། བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུར། བདེར་གཤེགས་སྐུ་ལ་འབྲུ་ལྔ་ཕུལ་བས་ན། བཏབ་པ་མེད་པའི་ལོ་ཏོག་བསྩལ་བར་འགྱུར། བདེར་གཤེགས་སྐུ་ལ་དར་དཔྱང་ཕུལ་བས་ན། ལྷ་ཡི་ནབ་བཟའ་རྒྱན་བཟང་ཐོབ་པར་འགྱུར། བདེར་གཤེགས་སྐུ་ལ་སིལ་སྙན་ཕུལ་བས་ན། དབྱངས་བདེ་ངག་སྙན་དབང་པོ་གསལ་བར་འགྱུར། བདེར་གཤེགས་སྐུ་ལ་རོལ་མོ་ཕུལ་བས་ན། སྟོབས་ཆེན་གཟུགས་བཟང་ཡན་ལག་བདེ་བར་འགྱུར། བདེར་གཤེགས་སྐུ་ལ་རྟ་མཆོག་ཕུལ་བས་ན། རྫུ་འཕྲུལ་རྐང་བཞི་མྱུར་མགྱོགས་ལྡན་པར་འགྱུར། བདེར་གཤེགས་སྐུ་ལ་གླང་པོ་ཕུལ་བས་ན། སྟོབས་ཆེན་བརྟན་པས་བདེ་གནས་བགྲོད་པར་འགྱུར། བདེར་གཤེགས་སྐུ་ལ་སྐོར་ཕྱག་བྱེད་པ་ནི། འཁོར་བ་མེད་ཅིང་མྱ་ངན་སངས་པར་འགྱུར། བདེར་གཤེགས་སྐུ་ལ་གཙག་བུས་སྤྱན་འབྱེད་པ། ཡེ་ཤེས་སྤྱན་གྱིས་སྣོད་བཅུད་གསལ་བར་འགྱུར། བདེར་གཤེགས་སྐུ་ཡི་སྙན་རྣམས་བསལ་བ་ནི། ལྷ་སྙན་དལ་བུ་མཁའ་ལ་གསང་བར་འགྱུར། བདེར་གཤེགས་སྐུ་ཡི་ཤངས་རྣམས་བསལ་བ་ནི། དྲི་ཞིམ་ངད་ལྡན་རྒྱུན་ལ་གནས་པར་འགྱུར། བདེར་གཤེགས་སྐུ་ཡི་ཚེམས་རྣམས་བཀྲུས་པ་ནི། འཁོར་བ་དུག་གསུམ་རྩད་ནས་གཅོད་པར་འགྱུར། བདེར་གཤེགས་སྐུ་ཡི་ལྗགས་རྣམས་ཕྱིས་པ་ན། ཐམས་ཅད་གྲོལ་བྱེད་ལྗགས་དང་ལྡན་པར་འགྱུར། དེ་ལ་འདུན་ཅིང་མོས་པ་གང་བྱེད་པ། གཡུང་དྲུང་སེམས་དཔའི་ཞིང་དུ་འཁོད་པར་འགྱུར། དེ་ལྟར་གཞན་ལ་བསྐུལ་མ་གང་འདེབས་པ། ཕུན་སུམ་འཚོགས་པའི་དོན་དང་ལྡན་པར་འགྱུར། ཞེས་དང༌། མཆོད་རྟེན་གཞུང་ལས། གང་ཞིག་གཤེན་རབ་རྟོགས་པ་ཆེ་བ་དང་༌། གང་ཞིག་སེམས་ཅན་དད་པ་མོས་པ་ཡིས། བདེ་བར་གཤེགས་པའི་མཆོད་རྟེན་བཞེངས་སུ་གསོལ་བ་ཡིས། ངན་སོང་གསུམ་ལས་གཏན་དུ་ཐར་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་སྐོས་མཁན་བྱེད་པ་ནི། སྒམ་པོ་ཕྱྭ་ཡི་ལུས་སུ་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་ལས་དཔོན་བྱེད་པ་ནི། སྲིད་པའི་རྒྱལ་པོའི་ལུས་མཆོག་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ཡི་བཟོ་མཁན་བྱེད་པ་ནི། རིག་པའི་རྒྱལ་པོའི་སྐུ་རུ་སྐྱེ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འཇིམ་པ་བོར་བས་ན། ཇི་སྙེད་རྡུལ་གྱི་གྲངས་ནི་དེ་སྙེད་དུ། བསོད་ནམས་རྒྱུན་ཀྱང་དེ་བཞིན་ཟད་མི་ཤེས། གང་ཞིག་མཆོད་རྟེན་སྐུ་ལ་ནབ་བཟའ་གསོལ་བ་ནི། ཡེ་ཤེས་རྒྱན་གྱི་རང་ཆས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་པདྨའི་གདན་ཕུལ་བ། གདུག་རྩུབ་ཚེར་མས་བསྐྱད་དུ་མི་ཚུགས་ཤིང༌། རབ་འཇམ་མཛེས་པའི་གདན་དང་ལྡན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཕྱི་བདར་བྱེད་པ་ནི། གཟུགས་བཟང་ཆས་དང་བཞིན་ལེགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཁྲུས་ཆབ་གསོལ་བ་ནི། དྲི་མ་མེད་ཅིང་གཟུགས་བཟང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མཆོད་གཡོག་བྱེད་པ་ནི། རྫུ་འཕྲུལ་རྐང་བཞི་མྱུར་མགྱོགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མར་མེ་འབུལ་བ་ནི། མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རིན་ཆེན་འབུལ་བ་ནི། དབུལ་འཕོངས་མེད་ཅིང་དཀོར་ཆ་འཚོགས་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྤོས་ལྔ་འབུལ་བ་ནི། དྲི་ཞིམ་ངད་ལྡན་ཡིད་འོང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྨན་ལྔ་འབུལ་བ་ནི། གདུག་པའི་ནད་འཇིལ་བདུད་རྩི་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྙིང་པོ་འབུལ་བ་ནི། ངན་འགྲོའི་སྡུག་བསྔལ་མེད་ཅིང་སྙིང་པོ་མཆོག་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ཚན་ཆབ་འབུལ་བ་ནི། བག་ཆགས་མེད་ཅིང་གནས་གཙང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ལྷ་སངས་འབུལ་བ་ནི། བཀྲེས་སྐོམ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གཞལ་ཡས་ཕུལ་བ་ན། གནས་ཀྱི་གཞལ་ཡས་བཀྲ་ཤིས་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འབྲུ་བཅུད་འབུལ་བ་ནི། བདུད་རྩི་རྒྱ་མཚོ་དག་ལ་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མེ་ཏོག་ཕུལ་བ་ན། སྒྲིབ་པ་བྱང་ཞིང་ཡོན་ཏན་ལྔ་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དཀར་གསུམ་ཕུལ་བ་ན། འདོད་འཇོའི་བ་དང་རྐང་འགྲོས་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་མངར་གསུམ་ཕུལ་བ་ན། ཞལ་ཟས་བདའ་དགུ་རོ་མཆོག་སྤྱོད་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སྤྱན་གཟིགས་ཕུལ་བ་ནི། བསོད་ནམས་ཚོགས་བསྐྱེད་ལོངས་སྤྱོད་འཕེལ་བར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་འབྲུ་ལྔ་ཕུལ་བ་ན། བཏབ་མེད་མ་རྨོས་ལོངས་སྤྱོད་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་དར་དཔྱངས་ཕུལ་བ་ན། ལྷ་ཡི་ནབ་བཟའ་ཆས་བཟང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་སིལ་སྙན་ཕུལ་བ་ན། ངག་སྙན་དབྱངས་བདེ་དབང་པོ་གསལ་ཐོབ་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་རོལ་མོ་འབུལ་བ་ན། གཟུགས་བཟང་ཡན་ལག་བདེ་ཞིང་སྟོབས་ཆེན་ཐོབ། གང་ཞིག་མཆོད་རྟེན་སྐུ་ལ་རྟ་མཆོག་འབུལ་བ་ན། བསྐྱོད་པ་མེད་པར་གནས་སུ་ཕྱིན་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་གླང་ཆེན་འབུལ་བ་ན། སྟོབས་ཆེན་བརྟན་པས་བདེ་གནས་བགྲོད་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་སྐོར་ཕྱག་འབུལ་བ་ན། འཁོར་བ་མེད་ཅིང་མྱ་ངན་སངས་པར་འགྱུར། དེ་ལྟར་ངེས་ཀྱི་མཐའ་ཡས་སེམས་ཅན་རྣམས། མཆོད་རྟེན་སྐུ་ལ་བླ་མར་བཀུར་བར་གྱིས། ཞེས་གསུངས་པའི་ཕྱིར། །

སྙུང་གནས་ལྷ་ཁང་།

རྗེས་བྱ་མཇུག་གི་དོན་བསྟན་པ།

སླར་སྨྲས་པ། འདི་ལྟར་དམ་པ་གསུམ་གྱི་རྩི་བྱུགས་པའི། །ལྷག་བསམ་རྟ་བབ་མཛེས་པའི་གན་དྷོ་ལ། །གང་གིས་དད་ལ་བསོད་ནམས་ཕུང་པོའི་གཏེར། །མངོན་པར་སྦྱིན་མཛད་མཆོད་སྡོང་ལ་ཕྱག་འཚལ།། ༧ ཁྱུ་མཆོག་སྐྱོང་ནི་ངན་ངོན་ཟས་ཀྱིས་ཚིམས། །ཁྱིམ་བདག་རྗེ་བོ་བོན་བརྒྱད་གཡེངས་བས་ཚིམས། །ཆགས་ལྡན་སྐྱེ་བོ་དགའ་མའི་བྱ་བས་ཚིམས། །མང་ཐོས་དཔྱོད་ལྡན་ལུང་དོན་གྲུབ་པས་ཚིམས།། ༧ ཉག་གཅིག་བོན་ལ་རྩེ་གཅིག་མཉམ་པར་བཞག །བདེན་གཉིས་ལམ་གྱིས་སྐུ་གཉིས་འབྲས་བུ་ཐོབ། །གསང་གསུམ་བཀོད་པས་ཁམས་གསུམ་དོང་ནས་སྤྲུགས།  །སྐྱེ་བཞི་རྩད་གཅོད་བླ་མའི་རྣམ་ཐར་ལགས།། ༧ མང་མང་མི་ཁྱུའི་གཡོ་ལྡང་བྲེལ་ཟིང་ཟིང་།  །ཚུབ་ཚུབ་སེམས་ཀྱི་གླང་པོ་འགུལ་ཤིག་ཤིག །འུར་འུར་འཕྲུལ་ཆའི་གླུ་དབྱངས་གསལ་ལྷང་ལྷང་། །དེང་དུས་སྡོམ་ཅན་དགྲ་བོ་ཁྱོད་མིན་སུ།། ༧ བསླུ་མེད་ལུང་རིགས་རྣམས་དང་འགྲོགས་ཡུན་རིང་། །དེ་ཕྱིར་དེ་ལྟའི་གོམས་པ་ཆེ་དྲགས་པས། །གྱ་གྱུའི་རྣམ་འགྱུར་མཛེས་དང་གཅམ་ཚིག་གིས།  །གཡོ་བསྐྱོད་མི་ནུས་པ་འདི་དཔྱོད་ལྡན་བློ།། ༧ གསང་ཆེན་རིམ་གཉིས་ལས་འཁྲུངས་མེ་ན་ཀ །སོ་ཐར་རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཡེ་རིག་ཁྱེའུའི་དགའ་མར་བཏང་བ་ནི། །ཁྱད་འཕགས་མཁས་པའི་ལས་འདི་ཐུན་མོང་མིན།། ༧ སྒོ་གསུམ་དད་པ་རྒྱ་མཚོས་ལྷུར་བླངས་པའི། །གསེར་གདུང་ཡིད་བཞིན་འབྱུང་བའི་ནོར་བུ་ནི། །སྐལ་ལྡན་མོས་པའི་རྒྱལ་མཚན་རྩེར་མཆོད་ན།  །མཚན་དོན་ཟུང་དུ་འཇུག་པ་རྒྱལ་བས་གསུངས།། ༧ འདི་ལྟར་སྒོ་གསུམ་རྣམ་པར་དཀར་བ་ཡིས།  །དཔལ་ལྡན་བླ་མ་བཏེགས་པའི་དགེ་བ་རྣམས།  །ཕན་དང་བདེ་བ་མ་ལུས་འབྱུང་བའི་སྒོ།  །དཔལ་ལྡན་བླ་མ་མཉེས་པའི་རྒྱུར་གྱུར་ཅིག། ༧ ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་རྗེའི།  །མཉེས་པ་ཆེན་པོས་རྗེས་སུ་བཟུང་ནས་ནི།  །ཟབ་མོའི་ལམ་ལ་ལོག་འཁྲུལ་མི་མངའ་ཞིང་། །རྒྱལ་གཤེན་བསྟན་དང་འབྲལ་བ་མེད་གྱུར་ཅིག།ཡོངས་འཛིན་གདུང་འབུམ།

 ཅེས་པའི་དཔལ་ལྡན་བླ་མ་མི་ཡི་སེང་གེ་མཁས་པའི་དབང་པོ་ཡོངས་འཛིན་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་རྫོགས་པ་ཆེན་པོ་ཡོངས་རྩེ་བླ་ན་མེད་པའི་རྣལ་འབྱོར་༸སངས་རྒྱས་བསྟན་འཛིན་ཉིད་གདུལ་བྱའི་ཞིང་ཁམས་གཞན་དུ་གཟིགས་པ་ལ་ཕྱོགས་པ་དང་གུས་ལ་ཇི་ལྟར་གདམས་པ་རྣམས་སྤྱི་བོའི་གཙུག་ཏུ་བཅིངས་ཏེ་སྒོ་གསུམ་གྱིས་འབད་པ་ལྷུར་བླངས་པ་ལས་བྱུང་བའི་གདུང་འབུམ་རིན་པོ་ཆེ་མཐོང་བ་དོན་ལྡན་དང༌། གསེར་གདུང་ཡིད་བཞིན་ནོར་བུ་བཅས་ཀྱི་དཀར་ཆག་བདེ་བར་གཤེགས་པའི་གསུང་རབ་རྣམས་ལས་ཇི་ལྟར་བྱུང་བ་དག་ལ་གཞིར་བླངས་ཏེ་བཀོད་པས་དད་ལྡན་རྣམས་ཀྱི་མཆོད་པའི་དམིགས་བུ་རུ་འགྱུར་བའི་སྨོན་འདུན་བཅས་དམ་པ་གོང་གི་ཞབས་རྡུལ་དྲི་མ་མེད་པ་ཡུན་རིང་པོར་སྤྱི་བོའི་གཙུག་རྒྱན་བྱེད་པ་ཁྱུང་དཀར་མི་ཡི་དབང་པོའི་མངའ་འབངས་པ་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གདན་སའི་གྲལ་མཐར་འཛིན་པ་རྣམ་པར་སྨིན་པའི་འབྲས་བུ་ཟད་མི་ཤེས་པ་ལ་ལོངས་སུ་སྤྱོད་པ་བསྟན་འཛིན་རྣམ་དག་འབོད་པས་རབ་བྱུང་བཅུ་དྲུག་པའི་ས་ཕོ་རྟ་ཡི་ལོར་ཟླ་བ་དྲུག་པའི་ཚེས་སུམ་ཅུ་ལ་གྲུབ་པར་སྦྱར་བས། འགྲོ་རྣམས་ཀ་དག་གདོད་མའི་གཞིར་ལ་བཟླའ་བའི་རྒྱུར་གྱུར་ཅིག།   །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།