མདོ་དྲི་མེད་གཟི་བརྗིད་གཏན་ལ་འབེབ་སའི་གནས་མཆོག་གསའ་ཡི་བྲག་རའི་སྐོར་གྱི་ངོ་སྤྲོད།

0
5152
སྤྲུལ་སྐུ་བློ་ལྡན་མཆོག་ལ་དྲི་མེད་གཟི་བརྗིད་སྙན་རྒྱུད་འབེབས་སའི་གསའ་ཡི་བྲག་ར།

རྩོམ་པ་པོ་ཁྱུང་ཁྲི་ལྡེ།

གནས་མཆོག་གསའ་ཡི་བྲག་ར་ནི།  བོད་ལྗོངས་ཆབ་མདོའི་མངའ་ཁོངས་ཁྱུང་པོ་སྟེང་ཆེན་གྱི་ཡུལ། སྟེང་ཆེན་རྫོང་གི་ནུབ་ཕྱོགས། ར་ཁྲོམ་གྲོང་གི་ས་ཁོངས། སྟེང་ཆེན་དང་ལྷ་སའི་བར་གྱི་གཞུང་ལམ་བརྒྱུད་ནས་འཕྲུལ་རྟ་ཆུ་ཚོད་ཕྱེད་ཙམ་བསྐྱོད་ས་གསའ་མདའ་ནས་ལྷོ་ངོས་སུ་བསྐྱོད་དེ། གསའ་ནང་ཞེས་པའི་ལུང་འགོ་ལྷོ་ལ་ཟུག་ཅིང་། ལུང་མདའ་གཞུང་ལམ་ཕྱོགས་སུ་དོད་པའི་ལུང་པ་དེ་ཡི་གཡས་ཕྱོགས་ཀྱི་ལུང་རྐེད་དུ་ཡོད། དེ་ལ་གསའ་ཡི་བྲག་ར་གོང་མ་ཞེས་དབུས་སུ་བྲག་རི་མཐོ་ལ་བརྗིད་པ། མཐའ་སྐོར་དུ་སྤང་ལྗང་མེ་ཏོག་གིས་རབ་ཏུ་མཛེས་པའི་ས་གནས་ཡིད་དུ་འོང་བ་ཞིག་ཡོད།  གནས་དེ་ནི་དུས་རབས་བཅུ་བཞི་པའི་སྤྱི་ལོ་༡༣༦༠ལོར་སྐུ་འཁྲུངས་པའི་སྙན་བརྒྱུད་བསྟན་པའི་མངའ་བདག་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའམ་དབྲ་བཙུན་ནམ་མཁའ་རིན་ཆེན་མཆོག་གིས་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་མདོ་རྒྱས་པ་འདུས་པ་རིན་པོ་ཆེ་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་པོད་ཆེན་བཅུ་གཉིས་དེ་སྟོང་ཆེན་དམུ་ཙ་གྱེར་མེད་དང་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྙན་དུ་བརྒྱུད་སའི་ས་གནས་བྱིན་ཆེན་དེ་ཡིན།  སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་དེ་ཉིད་དགུང་གྲངས་ཉེར་ལྔ་ལ་ཕེབས་པའི་སྐབས་ཤིག་ལ་གནས་མཆོག་དེ་ལ་ཕེབས་སྐབས་བླ་ཆེན་དྲན་པ་ནམ་མཁའི་དངོས་སློབ། གྲོལ་ཐོབ་སེམས་དཔའ་བརྒྱད་ཀྱི་ནང་ཚན་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བདག་ཅག་གི་སྟོན་པའི་རྣམ་པར་ཐར་པ་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་དེ་སྤྲུ་སྐུ་ཁོང་ལ་སྙན་བརྒྱུད་བབ།  དང་པོ་ཤོག་གུའི་ཐོག་ཏུ་བྲིས་ཀྱང་ཤོག་བུས་མ་འདེངས་ནས།

གསའ་ཡི་བྲག་ར་ལ་རྒྱང་ལྟ་བྱས་པ།
གསའ་ཡི་བྲག་ར་ལ་རྒྱང་ལྟ་བྱས་པ།

གསའ་ཡི་བྲག་རའི་བྲག་རི་དཀར་པོའི་ལྡེབ་ཏུ་གཡའ་ལེབ་ཐོག་ཏུ་བྲིས།  པོད་བཅུ་གཉིས་ཙམ་བྲིས་ཚར་མཚམས་ཡུལ་དེའི་གཞི་བདག་གསའ་རྔུ་རལ་པ་གཡུ་རྩེས་བར་ཆད་བྱས་དེ་སྙན་རྒྱུད་བར་དུ་དམག་དང་གཡུལ་གྱི་བཅའ་བཀོད། གྲི་མཚོན་གྱི་བཅའ་ཚུལ་སོགས་མི་དགེ་བའི་ལས་སྤྱོད་ཁོ་ནར་བཤད།  སྤྲུལ་སྐུས་ཡི་གེ་ཤར་རེ་བྲིས་ཏེ་ནང་དོན་ཐུགས་བསམ་མ་བཞེས། བར་མཚམས་ཤིག་ལ་བསྐྱར་ཞིབ་གནང་བས་ཡུལ་སས་བར་ཆོད་བྱས་པ་དགོངས་ནས་མི་དགེ་བའི་ཕྱོགས་ཀྱི་སྐོར་དེ་མེད་པ་བཟོས།  དེ་ནས་ཡུལ་དེའི་གཞི་བདག་ལ་བཀའ་བགོ་ཡང་མཛད། དེ་རྗེས་བ྄སྐྱར་དུ་གསོལ་བ་བཏབ་པས་གོང་གི་འཕྲོ་ནས་མར་འབྲི་བར་འདོད་ཀྱང་རིག་འཛིན་ཆེན་པོས་སྔོན་ནས་གསུངས་ཟིན་ཏེ་བསྐྱར་དུ་སྙན་བརྒྱུད་མ་བབས། དེའི་དབང་གིས་ད་ལྟ་མཛད་མདོ་འདི་ལ་སྟོན་པས་བསྟན་པ་གཏད་གཉེར་མཛད་པའི་ལེའུ་ཡན་ལེའུ་དྲུག་ཅུ་རྩ་གསུམ་བྱུང་ལ།  དེའི་ཕྱིས་སུ་བྱུང་བའི་མྱང་ངན་འདས་པའི་སྐོར་མེད་པ་རྐྱེན་དེའི་དབང་གིས་བྱུང་བ་རེད། རྩ་རྒྱུད་ཉི་སྒྲོན་ལྟར་ན་བསྟན་པ་གཉེར་གཏད་དེ་སྟོན་པ་གཤེན་ལོ་བདུན་བཅུ་དོན་གཉིས་སྐབས་ཡིན་པར་གསུངས་ལ། བདུད་ཀྱི་རྒྱལ་པོ་སྡེ་བཞིས་སྟོན་པ་མྱང་ངན་ལས་འདས་པའི་གསོལ་བ་བཏབས། དེ་དག་ངག་བཅག་པའི་ཕྱིར་བོན་སྒོ་དགུས་ཚེ་སྒྲུབ་མཛད་པས་ལོ་དགུ་བཞུགས་པར་གསུངས་ལ།  མཛད་མདོ་འབྲིང་པོ་དང་མདོ་འདུས་གཉིས་ནང་དེ་ལྟར་གསལ་མེད། རྩ་རྒྱུད་ལྟར་ན་དྲི་མེད་གཟི་བརྗིད་ནང་སྟོན་པའི་དགུང་ལོ་བདུན་བཅུ་དོན་གཉིས་ཡན་གྱི་མཛད་པ་མ་གཏོགས་མ་འཁོད་པར་མངོན།  མཛད་མདོ་འབྲིང་པོ་གཟེར་མིག་ནང་སྟོན་པ་བསྙུངས་ནས་གཏོ་བུ་འབུམ་སངས་ཀྱིས་གཏོ་མཛད་པས་དགུང་གསུམ་ལ་བདེ་ནས་སླར་ཡང་ཐུ།  ཡང་དཔྱད་བུ་ཁྲི་ཤེས་ཀྱིས་དཔྱད་མཛད་པས་དགུང་གསུམ་བདེ་བར་གསུངས་ཡོད།  ལོ་རྒྱུས་ཁ་ཤས་ནང་ཐེག་དགུའི་སྒོ་ནས་ཚེ་སྒྲུབ་མཛད་པས་གཤེན་ལོ་རེ་རེ་ཚེ་བསྲིངས་ནས་བོན་སྡེ་མང་པོ་གསུངས་པ་བཤད་ཡོད། མཛད་མདོ་རྒྱས་པའི་ནང་བསྟན་པ་གཉེར་གཏད་གྱི་མཛད་པ་མ་གཏོགས་གསལ་མེད་ལ། དེའི་ཕྱིས་ཀྱི་མཛད་པ་མཛད་མདོ་འབྲིང་པོ་དང་རྒྱལ་གཤེན་རྣམ་ཐར་བཅས་ལ་གཟིགས་དགོས་སོ། །མདོ་དྲི་མེད་གཟི་བརྗིད་ཀྱི་བྱུངས་རབས་ནི། སྟོན་པ་གཤེན་རབ་མཆོག་གི་སྐུ་ཡིས་འགྲོ་བ་འདུལ་བའི་དུས་སུ། སྟོན་པ་མཆོག་གིས་སྟག་གཟིག་གི་ཡུལ་འོལ་མོ་གླིང་ཆེན་གྱི་དབུས། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། གཤེན་གྱི་རྒྱལ་ས་རིན་པོ་ཆེའི་གྲོང་ཁྱེར་དང་། ཕོ་བྲང་ཆེན་པོ་བརྒྱད་སོགས་སུ། འཁོར་མཚན་ལྡན་ཁྱེའུ་བཞི་དང་གཞན་ཡང་གཡུང་དྲུང་སེམས་དཔའི་ཚོགས་ལ་གསུངས། སྟོན་པ་མྱ་ངན་ལས་འདས་པའི་རྗེས་འ་ཞ་གསང་བ་མདོ་སྡུད་སོགས་བསྡུ་འཁོར་བཅུ་གསུམ་གྱིས་བཀའ་བསྡུ་མཛད། དེ་རྗེས་གསུང་གི་བསྟན་པའི་ཐོག་མར་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་བོན་འཁོར་བསྐོར་ཏེ། སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ་ལ་བརྒྱུད། དེས་ཞང་ཞུང་གི་མཁས་པ་ཁྲི་ཐོག་སྤར་རྩ་ལ་བརྒྱུད། དེས་སུམ་པའི་མཁས་པ་ཧུ་ལི་སྤར་ཡ་ལ་བརྒྱུད། གཤེན་པོ་དེ་གསུམ་སྟག་གཟིག་ཏུ་བཞུགས་ཤིང་ཚེ་ལ་གྲུབ་པ་བསྙེམས་པས་ལོ་བརྒྱ་སྟོང་ཕྲག་མང་པོའི་བར་དུ་འཆད་ཉན་མཛད་དེ་ཞིང་དེར་དར། དེའི་རྗེས་ལོ་ཙཱ་བ་གཡུང་དྲུང་བློ་གསལ་དང་གཤེན་དྲན་པ་ནམ་མཁའ་གཉིས་ཀྱིས་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་རྗེས་སྟང་ཆེན་དམུ་ཚ་གྱེར་མེད་སོགས་ཀྱིས་ཞུས་ཏེ་ལོ་བརྒྱ་སྟོང་དུ་མར་ཞང་བོད་དུ་དར། བར་སྐབས་ཞང་བོད་དུ་བོན་བསྟན་དར་ནུབ་སྐབས་སུ་གཏེར་ལ་སྦས་དགོས་བྱུང་།  སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་དྲི་མེད་གཟི་བརྗིད་གཏེར་སྐལ་ཡོད་ཀྱང་གཏེར་གྲོགས་མ་བཞེས་ནས་གཏེར་སྟོན་རྒྱུ་མེད་པ་བྱུང་སྟེ་སྙན་བརྒྱུད་བབས་ནས་ད་བར་དུ་དར་བ་ཡིན་ནོ། །
ཞེས་གནས་མཆོག་གསའ་ཡི་བྲག་ར་དང་མདོ་དྲི་མེད་གཟི་བརྗིད་སྙན་དུ་བརྒྱུད་ཚུལ་་བྱུང་རབས་བཅས་ཀྱི་ངོ་སྤྲོད་འདི་ཁྱུང་ཁྲི་ལྡེས་བྲིས།།  །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།