དཔྱིད་ཟླ་ར་བ་དང་འབྲེལ་བའི་བོན་གྱི་བཀའ་ལུང་ཕྱོགས་བསྡུས།

0
4279
རྩིས་འཁོར་པར་རིས་དྲ་ལམ་ནས་བཏུས།

རྩོམ་བྲིས་པ།  ཧི་མ་ལ་ཡི་རྒྱལ་སྲས། <མ་རྩོམ་ཡོང་ཁུངས་བོན་དྲིས་ལན་དྲ་བ།>

ད་ལན་འདི་ནས་(དཔྱིད་ཟླ་ར་བ་དང་འབྲེལ་བའི་བོན་གྱི་བཀའ་ལུང་ཕྱོགས་བསྡུས་)ཞེས་པ་འདི་བསྒྲིགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙོ་བོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱི་འཁྲུངས་ཟླ་དང་འབྲེལ་ཏེ། དེའི་རྗེས་འཇུག་དད་ལྡན་རྣམས་ཀྱིས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའམ་ཡང་ན་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་སྟེ་འཁྲུངས་མཆོད་སྲུང་གཙི་བྱེད་ཚུལ་མི་འདྲ་བ་གཉིས་སུ་ཡོད་པ་དང་། ལུགས་དེ་དག་སྲིད་པ་ཆགས་པའི་གངས་རྒན་ལྟར་ལོ་རབས་བཅུ་ཕྲག་མང་པོའི་གོང་ནས་ཡོད་པ་ལས། མདང་དགོང་ཆགས་པའི་བ་མོ་ལྟ་བུའི་ཉེ་བའི་ལོ་ཤས་ནང་བླ་སྤྲུལ་ག་གེ་མོས་བཟོས་གནང་བ་ཞིག་མིན་རྩང་། རྗེ་བདག་ཉིད་ཆེན་པོས།མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། །ཅེས་གསུངས་པ་ལྟར། ལུགས་དེ་གཉིས་ཀྱི་རྒྱབ་རྟེན་ལུང་གི་ཚད་མ་གང་རྙེད་རྣམས་ཕྱོགས་གཅིག་ཏུ་འགོད་ཐུབ་ན་ཕྱི་རབས་ཞིབ་འཇུག་པ་དང་རྩིས་རིག་སྨྲ་བ་རྣམས་ལ་ཕན་འཐོག་གང་མང་ཞིག་ཡོང་བ་འདུག་སྙམ་པའི་ཀུན་སློང་གིས་གཞི་བཟུང་།


གནད་དོན་འདི་དང་འབྲེལ་བའི་སྐོར་དེང་བོན་འབྲེལ་གླེང་སྟེགས་ཁག་ཏུ་ལུང་རིག་སྨྲ་བའི་བཤེས་གཉེན་མཁས་དབང་ཚོས་བགྲོ་གླེང་རབ་དང་རིམ་པ་གནང་བཞིན་པར་མ་ཚད། ཁོང་རྣམ་པས་དཀའ་བ་བརྒྱ་ཕྲག་སྤྱད་དེ་གྱེར་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་སྟོན་པའི་འཁྲུངས་ཟླ་དང་དཔྱིད་ཟླ་ར་བ་སོགས་ཀྱི་སྐོར་རང་རེ་བོན་གྱི་བཀའ་ལུང་གང་མང་ཞིག་འཚོལ་སྒྲུབ་གནང་སྟེ། ཕན་ཚུན་བརྒྱུད་གཏོང་གང་མང་ཞིག་གནང་བཞིན་ཡོད་པ་འདི་དག་གིས་དོན་གཉེར་ཅན་གང་མང་ཞིག་ལ་སྐོམ་པར་ཆུ་སྦྱིན་ལྟ་བུའི་ཕན་པ་རྒྱ་ཆེར་སྐྲུན་བཞིན་འདུག་པས་བཀའ་དྲིན་ཆེ་ཞུ།


གོང་ཞུས་ལྟར་དྲ་སྟེང་ནས་ཕན་ཚུན་བརྒྱུད་བསྐུར་གནང་བ་གཅིག་པུ་མིན་པར་བཀའ་ལུང་དེ་དག་ཕྱོགས་གཅིག་ཏུ་བསྒྲིག་ཐུབ་ན་ཕྱི་རབས་པ་རྣམས་ལའང་དེ་བས་ཕན་པ་འབྱུང་བར་གདོན་མི་ཟ་བས། གུས་པས་གསེར་སྲང་སྟོང་གིས་གཞལ་མི་ཐུབ་པའི་བཀའ་ལུང་འདི་དག་དྲ་སྟེང་དུ་ལ་འཐོར་ལུང་འཐོར་མི་འགྲོ་བའི་ཆེད། བཀའ་ལུང་དེ་དག་གི་དཔེ་ཁུངས་དང་བཀའ་དང་བཀའ་བརྟེན་གང་ཡིན་སོགས་གསལ་པོ་གང་ཡོང་བཟོས་ཁུལ་ཞུས་ནས། དེ་དང་འབྲེལ་རང་ཉིད་ཀྱིས་ཀྱང་ལས་ཀའི་བར་གསེང་རྣམས་སུ་གནད་དོན་འདི་དང་འབྲེལ་བའི་བཀའ་ལུང་ཐ་ཐོར་གང་རྙེད་རྣམས་ཀྱང་མཉམ་དུ་བསྒྲིགས་ཏེ་རྒྱ་ཆེའི་དོན་གཉེར་ཅན་རྣམས་ལ་བོན་སྦྱིན་གྱི་ཕན་པ་ཅུང་ཙམ་རེ་འཐོག་པའི་ཀུན་སློང་གཙང་མ་ཞིག་འཆང་བཞིན་ཡོད།


གཤམ་དུ་བསྒྲིགས་པའི་རྒྱུད་རིམ་ནི་གོང་ཞུས་ལྟར་ཕྱི་རབས་ཞིབ་འཇུག་པ་དང་རྩིས་རིག་སྨྲ་བ་རྣམས་གནད་འདི་དག་ལ་འཇུག་བདེ་བའི་ཆེད་ལས། རང་ཉིད་རེ་ཞིག་གཡས་ཕྱོགས་གཡོན་འཐེན་དང་། རང་བདེན་གཞན་རྫུན་ལྟ་བུའི་སྒྲུབ་ཕྱོགས་གང་ཡང་མེད་པས་དེ་ལུགས་ལྷན་རྒྱས་ནས་མཁྱེན་པ་གནང་དགོས། དེ་བཞིན་འདིར་མ་གསལ་བའི་ད་དུང་དཔྱིད་ཟླ་ར་བའམ་སྟོན་པའི་འཁྲུངས་ཚེས་དང་འབྲེལ་བའི་ལུང་གང་མང་ཞིག་ཡོད་སྟབས་ཁྱེད་རྣམ་པས་མུ་མཐུད་གཤམ་ནས་མཆན་འཇོག་པའང་ཡང་ན་གུས་པར་ཐད་ཀར་བཀའ་སློབ་གནང་རོགས། །

གུས་པའི་གློག་འཕྲིན། woserkham@gmail.com དང་། ཁིའུ་ཁིའུ། 1927810933@qq.com སྐད་འཕྲིན། himalayanprince ཡིན།

    དགེ་མིང་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༩ ཉིན་ནུབ་ཕྱོགས་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་གཟའ་མཇུག་གུང་གསེང་ཉིན་བྲིས། །

བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད། (བཀའ། གངས་ཏི་སེའི་བོམ་གཞུང་རིག་མཛོད། དེབ་ཨང་། ༡༣ )

(བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད་)ལས།སྔོན་སྟོན་པ་གཤེན་རབ་མྱ་ངན་འདས་འོག མི་ལོ་ལྔ་བདུན་སྟག་གི་ལོ། །ཟླ་འབྱུང་དཀར་པོ་རྒྱལ་གྱི་བཅུ་གསུམ། རྒྱུ་སྐར་གྲངས་འཛིན་ལྡན་པ་མགོ། དུས་རིག་པ་གསལ་ཉི་མ་རྩེ་དྲོས། །ཞེས་སོ། །

གཙང་མའི་ཀླུ་འབུམ་དཀར་པོ།  (བཀའ། ལྷ་སྲས་པར་མ། པོད། ༡༣༥ )

(གཙང་མའི་ཀླུ་འབུམ་དཀར་པོ་)ལས།དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ། སྐར་མ་གནམ་མཐོང་ཉི་མ་ཕྱེད་ཡོལ་ལ་ཀླུ་ལྡང་བའི་དུས་སུ། དེ་ཡི་དུས་སུ་ཕྱོགས་འཚམས་ཁྱབ་པར་གནས་ཤིང་རྒྱུའོ། དེ་ཡི་དུས་སུ་རིག་ལྔ་ཀླུའི་དཀྱིལ་འཁོར་ཞལ་དབྱེ་ལ། གཉེན་པོ་སྒོམ་པར་བྱའོ། མཆོད་ཅིང་བརྟན་པར་བྱའོ། གཙང་མའི་ལས་སྤྱོད་རྣམས་དང་དུ་བླང་པས་རབ་ཏུ་བསྲིད་དོ། རྒུན་ཟླ་ར་བའི་ཚེས་བཅོ་ལྔ་ལས། སྐར་མ་སྨིན་དྲུག་ཉའི་ཉིན་ཕྱེད་མགོ་ཡོལ་ལ་ཀླུ་ཉལ་བའི་དུས་སུ། དེ་ཡའི་དུས་སུ་ཕྱོགས་འཚམས་སུ་ཁྱབ་པར་ཉལ་ལོ། དེའི་དུས་སུ་དྲག་པོའི་ལས་བྱས་གཏེར་བཞུགས་ཡོངས་སུ་རྒྱས་པའི་མཆོད་པ་བཏང་། རིགས་ལྔ་ཀླུ་ཡི་དཀྱིར་འཁོར་དབྱིངས་སུ་བསྐྱེད་དོ། སྟོན་ཟླ་ར་བ་དང་དཔྱིད་ཟླ་ར་བའི་ཉ་ལ། སྐར་མ་ཏ་དང་བྱ་བོ་ལ། ཀླུ་དར་བའི་དུས་སུ། དེ་ཡི་དུས་སུ་ཕྱོགས་འཚམས་ཁྱབ་པར་དར་རོ། དེའི་དུས་སུ་རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་ཞལ་ཕྱེས་ལ། གཉན་པོ་སྒོམས་པ་དང་། སྒྲུབ་པར་བྱའོ། གཙང་མ་ཀླུ་འབུམ་དཀར་པོ་བདུད་རྩིའི་ཆུ་རྒྱུན་དང་འདྲ་བ་གསུང་བསྒྲགས་པར་བྱའོ། །ཞེས་སོ། །

ཀླུ་ཡི་པང་ཀོང་ཀླུ་ཡི་སྙིང་བཅོས་འབུམ་ནག (བཀའ། ལྷ་སྲས་པར་མ། པོད། ༡༣༥ )

(ཀླུ་ཡི་པང་ཀོང་ཀླུ་ཡི་སྙིང་བཅོས་འབུམ་ནག་) ལས།ཀླུ་བོན་ཡེ་ཤེས་སྙིང་པོ་དད་པའི་སེམས་ཀྱིས་ཐང་ཆོད་ཉོན། །དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་ནབས་སོ་ལ་བབས་པའི་ཚེ། །ཉི་མ་ཕྱེད་ཡོལ་ལ་ཀླུ་ལྡང་སྟེ། དེའི་དུས་སུ་ཕྱོགས་མཚམས་ཀུན་ཏུ་འགྱུའོ། །དེའི་དུས་སུ་གཙང་མའི་ཀླུ་ཡི་དཀྱིལ་འཁོར་འཁོར་ཞལ་ཕྱེ་ནས་རིགས་ལྔ་གཉན་པོ་བསྒོམ་པར་བྱའོ། །གཙང་མའི་ལས་སྤྱོད་ལ་རབ་ཏུ་བརྟེན་པར་བྱའོ། །མི་གཙང་བའི་ལས་སྤྱོད་ལ་རབ་ཏུ་སྤང་བར་བྱའོ། །རྒུན་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་གི་ཉི་མ་ཕྱེད་ཡོལ་བ་ལ་ཀླུ་ཉལ་ཏེ། དེའི་དུས་སུ་ཕྱོགས་མཚམས་ཀུན་ཁྱབ་པར་ཉལ་ལོ། །དེའི་དུས་སུ་གཏད་གཞུག་སྦྱིན་སྲེག་གི་ལས་བྱའོ། །རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་དབྱིངས་སུ་བཀོད། སྟོན་ཟླ་ར་བ་དང་། དཔྱིད་ཟླ་ར་བའི་ཉ་ལ་སྐར་མ་རྟ་ཆུང་དང་བྱ་བོ་ལ་ཀླུ་ཀུན་ཏུ་དར་ཏེ། དེའི་དུས་སུ་ཕྱོགས་མཚམས་ཁྱབ་པར་དར་རོ། །ཞེས་སོ། །

གཙང་མ་ཀླུ་འབུམ་དཀར་པོ། (བཀའ། ལྷ་སྲས་པར་མ། པོད། ༡༣༥ )

(གཙང་མ་ཀླུ་འབུམ་དཀར་པོ། ལེའུ་ང་བདུན་པ། སྲིད་པའི་རྒྱལ་མོ་ཡོངས་སུ་ཤེས་བྱ་བ་དེས་སྟོན་པ་གཤེན་རབ་ལ་ཞུས་པ་)ལས།ནམ་ཟླ་དུས་བཞི་ནི། དཔྱིད་ཅེས་བྱ་སྟེ། དྲོད་རྟ་བླ་ཙམ། དཔྱིད་འབྲིང་པོ་ཞེས་བྱ་སྟེ། སྦ་ལྕག་ཙམ། དཔྱིད་ཐ་མ་ཞེས་བྱ་སྟེ། དྲོད་རྟ་མགོ་ཙམ། དབྱར་ཟླ་ར་བ་ཞེས་བྱ་སྟེ། ཐལ་བ་འགྲུམ། དབྱར་ཟླ་འབྲིང་པོ་ཞེས་བྱ་སྟེ། ས་བཟང་ས་བཏབ། དབྱར་ཟླ་ཐ་ཆུང་ཞེས་བྱ་སྟེ། བྲ་ཉུང་བཏབ། སྟོན་ཟླ་ར་བ་ལས་ཀྱང་མི་སྐྱེ་བར་ཆར་པ་བྲི། སྟོན་ཟླ་རབ་ལ་སྙེ་མ་དང་ཞེ་ལུ་འབྱུང་། སྟོན་ཟླ་འབྲིང་པོ་ལ་སྐྱེད་པ་རྫོགས། སྟོན་ཟླ་ཐ་ཆུང་ལ་རིགས་ངན་བྲ་བོ་བརྔ། དེ་ལས་ཕྱི་ན་ལྷག་པ་འོང་། ཐ་ཆུང་ཟླ་བ་མར་ངོ་ལ་འབྲས་རྩ། དེ་ལས་ཕྱི་ན་སྐམ། དགུན་ཟླ་ར་བ་ལ་འཁྱག་བྲེ་མོ་ཙམ་འབྱུང་སྟེ། རིགས་ངན་ཉུངས་མ་བཏུབ་ལ་བཏང་། དེ་ལས་ཕྱི་ན་ཁ་འཁོར་ཏེ་འཁྱག འབྲིང་པོ་ལ་དབང་ཐེབས་བྱ་སྟེ། ལྕགས་གཟེར་བས་དམ། དགུན་ཟླ་ཐ་ཆུང་ལ་འཁྱགས་པས་རྒྱ་མཚོ་ཁ་ལས་མཁར་བརྩིགས་སུ་འདོད། །ཅེས་སོ། །

བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་ནག་པོའི་གཞུང་། (བཀའ། ལྷ་སྲས་པར་མ། པོད། ༡༣༦ )

(བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་ནག་པོའི་གཞུང་)ལས།དེ་ནས་སྟོན་པས་བཀའ་བསྩལ་པ། དྲང་སྲངས་ཀར་མ་དགའ་བའི་ཞུས་སམ་གསོལ་པ་དེ་དེ་ལེགས་སོ། །འཇིག་རྟེན་ཁམས་བདེ་བ་ཅན་དུ། དོན་དམ་དང་ཀུན་རྫབ་གཉིས་ཡོད། དོན་དམ་པ་ལ་གཟའ་དང་སྐར་རྒྱུ་སྐར་གཉིས་མེ་དོ། །དེ་ཡོད་དམ་མེད་པ་ནི། ང་སྐྱེས་པའི་ཉིན་པར་འབྲུ་སྦྲང་དྲོད་ལས་གཤེར་བ་སྐྱེས་པའི་ཐ་མ་ལ་གྱིས་སེམས་ཅན་ཕྱི་ཕག་སྣ་ཚོགས་བརྒྱ་སྟོན་སྐྱེ་བ་བླང་པ་དང་འདྲ། དོན་དམ་པ་སྔོན་ལས་དབང་ཆེ་བས། ད་ཡང་སྔོན་གྱིས་ལས་འཕྲོ་བཟང་པོ་ཡོད་པས། སྐར་མ་རྒྱལ་ལ་བཙས་པའོ། །བླ་མ་ཆེན་གྲུབ་པ་ཐོབས་པའི་སྐར་མ་ཡང་རྒྱལ་ལོ། །བརླ་སྐར་ནི་རྒྱའི་སྐར་མ་སྨིན་དྲུག་ལགས། བོད་ཀྱི་སྐར་མ་མགོ་ལག་ཡིན། ལྷོ་བལ་གྱི་སྐར་མ་ཝ་ལགས། འཇང་གི་སྐར་མ་བོང་བུ་ལགས། །ཞེས་སོ། ། (མ་དཔེ་ཇི་བཞིན་བཀོད་ཡོད)

གཙང་མ་ཀླུ་འབུམ་དོན་བསྡུས་ཆུང་ངུ་། (བཀའ། ལྷ་སྲས་པར་མ། པོད། ༡༣༦ )

(གཙང་མ་ཀླུ་འབུམ་དོན་བསྡུས་ཆུང་ངུ་)ལས།དེས་གཟའ་སྤེན་པ་ནི་སྟོན་མི་རྒྱུ་བར་དཔྱིད་ཟླ་ར་བ་ལ་རྒྱུའོ། །ཕུར་བུ་དབྱར་ཟླ་ར་བ་ལ་རྒྱུ། མིག་དམར་སྟོན་ཟླ་ར་བ་ལ་རྒྱུ། ཕྱི་མ་བཞི་ཟླ་བ་རེ་མོས་རྒྱུ་ཡིན་ནོ། །ཞེས་སོ། །

གཙང་མའི་ཀླུ་འབུམ་ནག་པོ། (བཀའ། ལྷ་སྲས་པར་མ། པོད། ༡༣༥ )

(གཙང་མའི་ཀླུ་འབུམ་ནག་པོ་)ལས།དེ་ནས་སྲིད་པའི་དབང་བྱེད་པའི་ནི། ཀླུའི་རྒྱལ་མོ་བཞིས་བྱེད་དེ། ནམ་ཟླ་དུས་བཞི་ལ་ཀླུའི་དབང་བྱེད་དེ། དུས་དེ་ཙམ་ན་དཔྱིད་ར་བ་དང་། འབྲིང་པོ་དང་། ཐ་མ་གསུམ་ལ་ཀླུའི་རྒྱལ་མོ་དྲོད་འབེབ་ཀྱིས། དཔྱིད་ཟླ་ར་བ་ལ་དྲོད་པ་ལྕགས་ཅན་ཙམ་ཡང་འབེབསོ། དཔྱིད་ཟླ་འབྲིང་པོ་ལ་དྲོད་ལུག་མགོ་ཅིག་འབེབསོ། །དཔྱིད་ཟླ་ཐ་མ་ལ་དྲོད་གཡག་ཤད་ཙམ་ཅིག་འབེབསོ། །དེ་ནས་འཁྱགས་པ་ཡང་གཞུད་གྲོལ་ནས། དྲོད་ཀྱང་ལྡེམ་གྱིས་བཏངོ་། །ཞེས་སོ། །(མ་དཔེ་ཇི་བཞིན་བཀོད་ཡོད)

འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད། (བཀའ། ཀུན་སྣང་ཁྱབ་པའི་གློག་དེབ།)

(འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད་ལེའུ་བཅུ་བདུན་པ། དྲང་སྲོང་མ་ཡི་སྤྱི་དོན་བསྟན་པ་)ལས།སྟོན་དཔྱིད་ཉིན་མཚན་མཉམ་བཞིན་པར། ཉིན་མཚན་ཆ་བགོས་ཚད་ཟིན་བྱས་ལ། དྲོ་དང་གུང་གི་ཚད་ཟིན་མ་ཡོལ་གསོལ། དཔྱིད་དང་པོ་སྒྲོག་ལ་ཚེས་ནས་སྟ་རི་ལ་ཉ། དབྱར་དང་པོ་སྨིན་དྲུག་གིས་ཚེས་ནས་ལག་སོར་ལ་ཉ། སྟོན་དང་པོ་ནམ་ཐོང་ལ་ཚེས་སྟོང་དབྱུག་པ་ཉ། དགུན་དང་པོ་དཔུང་པས་ཚེས་སྨིན་དྲུག་ལ་ཉའོ། དཔྱིད་འབྲིང་པོ་སྐར་མ་བཅུ་བཞིས་ཉ་གོང་། ཉ་འོག་ཕྱེད་དང་བཅོ་ལྔའོ། །དཔྱིད་ཐ་ཆུང་སྐར་མ་ཉི་ཤུ་དགུ་ལ་རྫོགས། དབྱར་འབྲིང་པོ་མགོ་ལ་ཚེས་ཏེ་ལག་དབང་བ་འདྲ། སྐར་མ་ཕྱེད་དང་བཅོ་ལྔས་ཉ་རྫོགས། ཉ་འོག་བཅོ་ལྔ་ཅུང་མེད་ཙམ། དབྱར་ཐ་ཆུང་ཉ་གོང་སྐར་མ་བཅུ་དྲུག ཉ་འོག་ཕྱེད་དང་བཅོ་ལྔ་རྫོགས་སོ། །སྟོན་འབྲིང་པོ་དཔུང་པས་ཚེས། དབྱུག་པ་ཉ། སྐར་མ་བཅོ་ལྔ་ཉ། འོག་ཕྱེད་དང་བཅུ་བཞི་རྫོགས། སྟོན་ཐ་ཆུང་མཆུ་ལ་ཚེས། རྒྱལ་སྟོད་ཉ། ཉ་གང་སྐར་མ་བཅུ་དྲུག ཉ་འོག་སྐར་མ་བཅོ་ལྔ་རྫོགས་སོ། །ཞེས་སོ། །

དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ།

(བཀའ། བོད་ཀྱི་གློག་རྡུལ་འཕྲུལ་དེབ་ཁང་གི་དེབ་གཟུགས།)

(དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ)ལས།རྩ་བཞི་འབྱུང་བ་བཞི་ལ་རྒྱུ། དར་གུད་ནམ་ཟླ་དུས་བཞིའི་ཁམས་ལས་འོང་། དཔྱིད་ཟླ་གསུམ་ལ་གློ་བ་རླུང་གི་རྩ་དར་ཞིང་རྒྱུའོ། །དབྱར་ཟླ་གསུམ་ལ་སྙིང་མེའི་རྩ་དར་ཞིང་རྒྱུའོ། །སྟོན་ཟླ་གསུམ་ལ་མཁལ་མ་ཆུ་ཡི་རྩ་དར་ཞིང་རྒྱུའོ། །དགུན་ཟླ་གསུམ་ལ་མཁྲིས་པ་སའི་རྩ་དར་ཞིང་རྒྱུའོ། །ཞེས་དང་།
ཡང་དེ་ཉིད་ལས།འཕྲིན་ལས་བཅོ་བརྒྱད་ཀྱི་དོན་ལ། དང་པོ་གཞི་སླང་ཡོ་བྱད་བཙལ་བའི་དོན་བསྟན་ཏོ། །དཀར་ནག་བཀྲ་གསལ་འཁོར་བའི་རྩར། སྡེ་བརྒྱད་སེམས་ཅན་ཀུན་འདུས་པས། ཅུང་ཙམ་མཐའ་རུ་ཞེན་པར་བཅད། མུ་ཁྱུད་བདལ་པའི་མཚོ་འགྲམ་དུ། གཞི་བཙལ་གནས་ཀྱི་ཕོ་བྲང་ནི། དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབང་བསྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། དེ་ལ་ཀོང་ཙེས་ལན་གསོལ་པ། གཏོ་བུ་འབུམ་སངས་མཁས་པའི་མཆོག ཤིན་ཏུ་རྩུབ་པའི་བཤའ་ལག་ལ། ཞི་རྒྱས་མཆོད་པ་ཅང་རུང་ངམ། དྲག་པོས་སྲིན་པོ་བསྒྲལ་བའི་དུས་ལགས་ན། གཏོ་བུའི་ཐུགས་ལ་འཁྲུལ་བ་ཅང་སྲིད་དམ། དེ་སྐད་ཅེས་ཀོང་ཙེས་གསོལ་པས། དེ་ལ་ཡང་གཏོ་བུས་གསུངས་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། དབང་སྒྱུར་ལག་འདི་བསྔགས་པ་ཡིན། བཟང་ཡང་དབང་སྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོ་བཤའ་བ་ཡིན་ཏེ་ཟློས། ངན་ཀྱང་དབང་བསྒྱུར་ལག་གིས་བཅོས་ཏེ། ཡང་ཡང་མང་པོར་བཤའ་བ་ཡིན་ཏེ་ཟློས། དེ་ཕྱིར་ལག་འདི་བཟང་ལ་ཡང་ཡང་ཟློས་ཏེ་འོང་བས་བསྔགས་པ་ཡིན། དེ་སྐད་ཅེས་གཏོ་བུས་གསུངས་པས་ཀུན་ཀྱང་རྟོག་པ་ཚིམ། དེ་རིང་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད། །ཅེས་སོ། །

ཀུན་འབུམ་ཁྲ་བོ། (བཀའ། ཀུན་སྣང་ཁྱབ་པའི་གློག་དེབ།)

(ཀུན་འབུམ་ཁྲ་བོ་ལེའུ་དྲུག་པ། གཡུང་དྲུང་སྲིད་རྒྱས་ལུས་ཀྱི་ཀུན་འབུམ་བསྟན་པ་)ལས།ལོ་ལ་དགོངས་པ་བྱི་བ་སྟེ། །མཛད་པ་དྲུག་ཅུ་མཐར་ཕྱིན་འགྱུར། །ཟླ་བ་དཔྱིད་ཟླ་ར་བ་ཡི། །ཟླ་བཅས་བདུད་དཔུང་འདུལ་བར་བྱེད། །སྐར་མའི་དམ་པ་རྒྱལ་གྱི་ནི། །བདུད་ལྔ་དབང་དུ་སྡུད་པར་ངེས། །ཞེས་སོ། །

འདུལ་བ་གསང་ལུང་མ། (བཀའ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ།)

(འདུལ་བ་གསང་ལུང་མ་)ལས།རྒྱལ་བུ་དེ་ཡང་ལོའི་དང་པོ་སྙིང་པོ་ཤིང་ཕོ་བྱི་བའི་ཟླ་བ་དཔྱིད་ཟླ་ར་བའི་ཚེས་གྲངས་བཅོ་ལྔ། སྐར་མ་རྒྱལ་གྱི་རུ་གོང་། གཟའ་པ་སངས། དུས་ཚོད་མདུང་རྩེ་ཉི་མ་ཤར་ཙམ་ན། རླངས་དང་འོད་དང་ཆས་ནས་བྱོན་ནོ། །ཞེས་སོ། །

བྱམས་འབུམ། (བཀའ། ཀུན་སྣང་ཁྱབ་པའི་གློག་དེབ།)

(བྱམས་འབུམ་གྱི་བྱམས་མ་ཆེན་མོ་དགྲ་ཡི་འཇིགས་སྐྱོབས་ཀྱི་གཟུངས་)ལས།ཡུལ་སྲིད་ཡུལ་ལྷ་མདངས་ན། ཡབ་ཡང་རྒྱལ་ལྷ་ཡི་རྒྱལ་པོ་དེས། ཁབ་སྟག་ཟ་ཧེ་ཏིང་མ་བཞེས་པ་ལ། སྲིན་ཛ་ལ་མེ་གདོང་བྱ་བ་ཞུགས་ནས། འཇིག་རྟེན་ཁམས་གསུམ་དུས་གཅིག་ཕུང་ལ་ཁད་དེ། འདུལ་བའི་གཉེན་དུ་གཡུང་དྲུང་ལྷ་ཡི་སྤྲུལ་པའི་སྲས་ཅིག་རུམ་ནས་བཏང་བས། མེ་ཕོ་སྟག་གི་ལོ། དཔྱིད་ཟླ་ར་བ་ས་ཕོ་སྟག་གི་ཚེས་གཅིག ལྕགས་ཕོ་སྟག་གི་དུས་ཚོད། ཐོ་རངས་ཆུ་ཕོ་སྟག་གི་ཐང་ངམ། ཤིང་ཕོ་སྟག་གི་ཚེས་ན། ལྷ་སྲིན་གྱི་བུ་གཉིས་འཁྲུངས། །ཞེས་སོ། །

གསོ་རིག་འབུམ་བཞི་སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ།

(བཀའ། གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་ཨང་། ༥ )

(གསོ་རིག་འབུམ་བཞི་སྡུག་བསྔལ་ཞི་བྱེད་གསོ་བྱེད་སྨན་འབུམ་དཀར་པོ་)ལས།ལྔ་པ་དུས་བཞི་ཁམས་ལྔར་ཕྱེས་ནས་རྩི་བ་ནི། །དང་པོ་དུས་ཚོད་ཁམས་དང་རྩ་རུ་སྦྱར་བ་ནི། །དཔྱིད་དང་དབྱར་སྟོན་རྒུན་དུས་བཞི་དང་མཚམས། །རྩི་ཤིང་ཁ་འབུད་དུས་ནི་དཔྱིད་ཟླ་གསུམ། །བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན། །བྱེལ་ཆུང་ཐེ་བས་དུས་ཚོད་འཛིན་པའི་དུས། །བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །འཕྲ་ལ་འཁྲང་སྟེ་ཐེ་བའི་སྐད་ལྟར་འཕར། །དབྱར་ཟླ་གསུམ་ནི་ཤིང་ལོ་འདབ་རྒྱས་ཆར་བབས་དུས། །བྲེ་དང་བོན་དང་སྒྲོག་གིས་ནམ་སྐྱེལ་ཏེ། །ཁུ་བྱུག་གསུང་སྒྲོགས་དུས་ཚོད་འཛིན་པའི་དུས། །བདུན་བཅུ་རྩ་གཉིས་སྙིང་རྩ་མེ་ཁམས་རྒྱུ། །སྦོམ་ལ་རིང་བ་ཁུ་བྱུག་སྐད་ལྟར་འཕར། །སྟོན་ཟླ་གསམ་ནི་རྩི་ཐོག་སྨིན་པའི་དུས། །ཁྲུམས་སྟོད་དབྱུག་པ་སྨིན་དྲུག་ནམ་ཚོད་འཛིན། །བྱིལ་ཆུང་ཅོ་ཀས་དུས་ཚོད་འཛིན་པའི་དུས།  །བདུན་བཅུ་དོན་གཉིས་ལྕགས་ཁམས་གློ་རྩ་རྒྱུ། །ལྕོ་གའི་སྐད་ལྟར་ཐང་ལ་རྩུབ་པར་འཕར། །རྒུན་ཟླ་གསུམ་ནི་ས་འཁྱག་ཆུ་འཁྱག་དུས། །མགོ་རྒྱལ་རྟ་དང་གསུམ་གྱིས་ནམ་སྐྱེལ་དུས། །ཤ་བས་ངུ་སྐད་འཛིན་པའི་དུས་ཚོད་འཛིན། །བདུན་བཅུ་དོན་གཉིས་ས་འཁྱག་ཆུ་འཁྱག་ཆུ་ཁམས་མཁལ་རྩ་རྒྱུ། །འཇམ་ལ་འཁྲང་བ་མཐིང་རིལ་སྐད་་ལྟར་འཕར། །ཞེས་སོ། །

དྲི་མེད་རྩ་མདོ། (བཀའ། ཀུན་སྣང་ཁྱབ་པའི་གློག་དེབ།)

(དྲི་མེད་རྩ་མདོ་ལེའུ་བཅུ་གཉིས་པ། བདེ་བར་གཤེགས་པའི་མཚན་གྱི་ཐོག་མ་དང་བོན་རྣམ་པར་དག་པའི་ཡང་སྙིང་སོགས་བསྟན་པ་)ལས།དེ་ཡང་དང་པོ་སྤྲུལ་པ་ནི་དུས་ཚོད་རྣམས་ཀྱི་འགོ་བོ་ནི། དཔྱིད་ཟླ་ར་བ་ཞེས་བྱ་བ་ལགས་སོ། །ལོ་རྣམས་ཀུན་གྱི་དང་པོ་ནི་ང་རྒྱལ་བྱི་བའི་ལོ་ཞེས་བྱ་བ་ལགས་སོ། །ཚེས་རྣམས་ཀུན་གྱི་འགོ་བོ་ནི་རྒྱལ་གཅིག་ཡར་ཚེས་དང་པོ་ཞེས་བྱ་བ་ལགས་སོ། །སྐར་མ་རྣམས་ཀྱི་དང་པོ་ནི་སྟོང་པ་ནང་བཅུད་སྨིན་པས་སྨིན་དྲུག་ཞེས་བྱ་བ་ལགས་སོ། །རི་རྣམས་ཀུན་གྱི་རྒྱལ་པོ་ནི་དབུས་ཀྱི་རི་རབ་ལྷུན་པོ་ཞེས་བྱ་བ་ལགས་སོ། །ཞེས་སོ། །

བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེའུ་མིག (སི་ཁྲོན་པར་མ།)

མཛད་པ་པོ། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། (ཕྱི་ལོ་ ༡༢༣༧ འཁྲུངས།)

(བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེའུ་མིག་)ལས།གང་བ་ནི་ཕོ་ཟླ་དྲུག་སྟེ་ཞག་སུམ་ཅུ་རེའོ། །བོ་ནི་མོ་ཟླ་དྲུག་སྟེ་གླང་ལུག་བྱ་ཡོས་བཞི་ལ་ཞག་ཉེར་བརྒྱད་ལས་མེད། ཕག་སྦྲུལ་གཉིས་གདུག་པ་ཅན་ཡིན་པས་ཞག་རེ་ལས་མི་བོ་སྟེ་ཉེར་དགུ་རེའོ། །དེས་ན་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུར་བརྩི་ཡང་སུམ་བརྒྱ་ལྔ་བཅུ་རྩ་གཉིས་ལས་མེད་པས། ཉི་མ་ལྡོག་པ་ལ་ཞག་བརྒྱད་རེས་ཕྱིར་ནུར་བ་ཡང་དེའི་གནད་ཀའོ། །ཡང་ལོ་གསུམ་ན་སྔར་མལ་ལ་ལྡོག་པའོ། །འཕར་བ་ནི་ཞག་ཆད་པ་ཟླ་བར་འགྲོ་བས་ཟླ་བ་ལྷག་པ་སྟེ། དེ་ཡང་ལོ་གསུམ་རེ་ན་ཟླ་བ་ལྷག་པས་གདུག་པ་ཅན་བཞིའི་ལོ་ལ་ལྷག་པར་མངོན་ཏེ། དེ་ལ་ཁག་གཅིག་གིས་ཕག་སྦྲུལ་སྟག་སྤྲེའུ་བཞིའི་ལོའི་རང་རང་གི་ཟླ་ལ་ལྷག་པར་འདོད་དེ། དཔྱིད་དང་དབྱར་ལྷག་པ་དེ་མི་འཐད་པས། སྟོན་ར་བ་གཉིས་ཡོད་དེ་གཅིག་ལྷག་པས་ཕྱི་མ་དོར་བ་ཡིན་ཞེས་འགའ་ཞིག་གིས་འདོད་པ་དེ་འཐད་པར་མངོན་ནོ། །ཕྱེད་པྱེད་བརྩི་བ་ནི་ཟླ་བ་བཅུ་གཉིས་པྱེད་ལ་གང་། ཕྱེད་ལ་བོ་བའོ། །རྒྱལ་ཉ་ར་བར་འདོད་པ་ནི་མདོ་ལགས་ཀྱིས་བཞེད་དོ། །མཆུ་ཉ་ར་བར་འདོད་པ་ནི་ཀླུ་འབུམ་གྱིས་བཞེད་དོ། །ཞེས་སོ། །

གཤེན་གྱི་རྩིས་གསར་རྣམ་དག་ལས་སྔོན་འགྲོའི་ལེའུ་བློ་མུན་སེལ་བའི་འོད་རྣོན། (སྒོ་བཞི་མཛོད་ལྔའི་ཡང་བཅུད། པོད། ༣༠ )

མཛད་པ་པོ། གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་རྒྱལ་མཚན། ( ༡༧༨༣  ལ་འཁྲུངས། )

(གཤེན་གྱི་རྩིས་གསར་རྣམ་དག་ལས་སྔོན་འགྲོའི་ལེའུ་བློ་མུན་སེལ་བའི་འོད་རྣོན་) ལས།ལོ་འགོ་འཛིན་ཚུལ་མང་ཡོད་ཀྱང་། །ཤིང་ཕོ་བྱི་བ་བསྟན་གཙོ་ཡི། །འཁྲུངས་ལོ་ཡིན་ཅིང་དཀར་ནག་རྩིས། །ཀུན་གྱི་ཐོག་མར་མཁས་ཀུན་བཞེད། །ཟླ་འགོ་ཁྱིམ་གྱི་ཐོག་མ་ལུག །ཡིན་ཕྱིར་ཁྱིམ་ཞག་ལུགས་ལ་ཡང་། །ལུག་ཁྱིམ་ནས་བཟུང་འདས་ཁྱིམ་བསྲེ། །དཀར་རྩིས་ནག་ཟླ་ནས་བརྩི་སྟེ། །འདས་ཟླ་བསྲེ་བའི་ལུགས་ལ་སོགས། །གཉིས་ཆར་ནག་ཟླར་འགྲིག་པ་དང་། །རགས་པ་རྙེད་དང་མྱུར་རྩིས་ཀྱི། །རེའུ་མིག་འགོ་ཟུག་སོགས་འགྲིག་ཕྱིར། །ནག་པ་ཟླ་བ་དཀར་རྩིས་པའི། །ཟླ་འགོ་བྱེད་པ་འཁྲུལ་མེད་ལུགས། །མཆུ་ཟླ་དཔྱིད་རར་འདོད་པ་ནི། །ཀླུ་འབུམ་དང་ནི་གསོ་དཔྱད་ལུགས། །ནག་རྩིས་པ་ནི་ཕལ་ཆེར་དང་། །འཁྲུལ་བྲལ་གཟེར་མིག་མདོ་སོགས་དང་། །ཧོར་ལུགས་ཁུངས་གཙང་སོགས་མཐུན་པར། །རྒྱལ་གྱི་ཟླ་བ་དཔྱིད་རར་འདོད། །ཟླ་བའི་འགོ་ནི་དཔྱིད་ར་སྟག །ཞག་གི་འགོ་ནི་ཚེས་པ་གཅིག །དུས་ཚོད་འགོ་ནི་ནམ་ལངས་ཡོས། །རྒྱལ་ཟླ་སྟག་ལ་རྟ་ཟླ་ཡོས། །དེ་བཞིན་འབྲུག་སྦྲུལ་རྟ་ལུག་སོགས། །ཟླ་བ་བཅུ་གཉིས་སྦྱར་ལ་བརྩི། །ཞེས་སོ། །

གཤེན་གྱི་རྩིས་གསར་རྣམ་དག་གི་རྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༣༠ )

མཛད་པ་པོ། ཁྱུང་སློབ་༧ ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན། ( ༡༨༩༣༡༩༦༧)

(གཤེན་གྱི་རྩིས་གསར་རྣམ་དག་གི་རྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ་)ལས།ཞང་ཞུང་པ་དང་རྒྱ་ནག་པའི་ལུགས་དང་། ནག་རྩིས་ཕལ་ཆེར་དང་། མདོ་གཟེར་མིག་སོགས་ཀྱི་ཟླ་འགོ་དཔྱིད་ར་སྟག་གི་ཟླ་བ་འཁྲུལ་མེད། ཧོར་ཟླ་བཅུ་གཉིས་པ། ཁམས་ལྟོས། སྟག་གི་ཟླ་བ་ཆེ་ཆུང་བལྟ། གནམ་རྟགས་སུ་སྐར་མ་རྒྱལ་གྱིས་ནམ་སྐྱེལ། བར་རྟགས་སུ་རི་ལུང་ཀུན་འཁྱག ས་རྟགས་སུ་ཆུ་བྲན་བསྐམ། ༢༠་༡༩་༣༠ བཅུ་གཉིས་པའི་དབུགས་ཐོབ། གྲང་བའི་ངར་རྒྱས། གྲང་མོ་ཆུང་བ་ཟེར། ༢༡་༢༧ བཅུ་གཉིས་པའི་སྒང་གྲང་མོ་ཆེ་བ་ཟེར། ཤིན་ཏུ་གྲང་བའི་སྒང་། གྲང་ངར་སོད་ཚུད། །ཅེས་སོ། །

བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག (ལྔ་རིག་བོན་གྱི་སྙིང་གཏེར། པོད། ༢ )

མཛད་པ་པོ། ཁོད་སྤུངས་དྲན་པ་ནམ་མཁས་(ཕྱི་ལོའི་སྔོན ༩༡༤ འཁྲུངས།)

(བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་)ལས།ཉི་མ་ཕྱེད་དང་ནམ་ཕྱེད་དང་། །ཞེས་པའི་ཚིག་གཉིས་དཀྱུས་ཀྱིས་འཐེམས་སོ།། སྟོན་དང་ཞེས་པ་གང་ཞེ་ན། ཧ་ནུ་ཝིང་ཞེས་བྱ་སྟེ་སྙིང་པོ་སྤྲེའུ་ཡིས་འཛིན་ནོ། །དེ་སྐར་མ་བྱ་གསུམ་གྱིས་ཚེས་སོ། །ནམ་ཟླ་སྟོན་ར་བ་ཡིན་ནོ། །དེ་བཞིན་དུ་འབྲིང་པོ་བྱ་སྒྲོག ཐ་ཆུང་ཁྱི་ཁྲུམས་སོ། །དང་པོ་ཞག་ལྷག་མ་བསགས་ཙམ་ན་ཚེས་གཅིག་ལ་སླུངས་སུ་ཆུད་ནས་དགུ་ལ་ལྡོག་གོ །དེ་ནས་བཅུ་ན་ཞུགས་ནས་བཅུ་དགུ་ན་ལྡོག་གོ །ཉི་ཤུ་ལ་ཞུགས་རྩ་དགུ་ལ་ལྡོག་པའོ། །དགུན་གྱི་ཞེས་པ་དུ་རེ་ཝིང་ཞེས་བྱ་སྟེ། སྙིང་པོ་ཕག་གིས་འཛིན་ནོ། །སྐར་མ་དབྱུག་གུས་ཚེས། ནམ་ཟླ་དགུན་ར་བའོ། །འབྲིང་པོ་བྱི་བ་སྨིན་དྲུག ཐ་ཆུང་སྨལ་པོ་གླང་པོ། དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ། །ནམ་ཟླ་དཔྱིད་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་ཡོས་བུ་སྟ་ཡིས་ཚེས། ཐ་ཆུང་འབྲུག་སྟེ་བྱ་ཡིས་ཚེས་སོ། །སླུངས་མལ་དབྱར་གང་ཞེ་ན། མུར་ཏི་ཝིང་ཞེས་བྱ་སྟེ་སྙིང་པོ་སྦྲུལ་གྱིས་འཛིན་ནོ། །སྐར་མ་ནམ་འཐོངས་ཀྱིས་ཚེས་སོ། །ནམ་ཟླ་དབྱར་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་རྟ་ལག་སོར་གྱིས་ཚེས། ཐ་ཆུང་ལུག་བྲེ་ལ་ཚེས་སོ། །ཚེས་གཅིག་དགུ་དགུས་དུས་བཟུང་ཞེས་པ། ཚེས་གཅིག་དང་བཅུ་དང་ཉི་ཤུ་སླུངས་སུ་འཇུག་པའི་དུས་སོ། །དགུ་བཅུ་དགུ་ཉི་ཤུ་དགུ་ནི་ལྡོག་པའི་དུས་དེ་དཔྱིད་དེ་དང་འདྲའོ། །སྟོན་གྱི་གཅིག་བཅུ་ཉི་ཤུ་ཉིན་མཚན་རྗེ་བའི་དུས་སོ། །དགུ་བཅུ་དགུ་ཉི་ཤུ་དགུ་ནི་ཉིན་མཚན་མཉམ་པའི་དུས་སོ། །དབྱར་དེ་དང་འདྲའོ། །ཞེས་སོ། །

ཡང་དེ་ཉིད་ལས།རྒུན་གྱི་སླུངས་སུ་ཆུད་པ་ནི། །ཞེས་པ། དགུན་ཟླ་གསུམ་གྱི་ཉི་མ་སླུངས་སུ་བསྐྱལ་ནས། དཔྱིད་ཟླ་ར་བ་ལ་ལྡོག་པའོ། །དེའི་མཚན་རྟགས་གང་ལ་འཛིན་ཞེ་ན། གེ་ཕག་ཡོར་ལྡེ་ཙེ་ཟེ་འཚོ། །ཞེས་པས་སྟོན་ཏེ། ལྷོ་ཤར་ནས་ལྷོ་ནུབ་ཏུ་རྒྱུ་བའི་སྐར་མ། ཕག་འདྲ་སྐྱིང་དམར་བྱ་བ་ལ་ཞོན་ནས། སླུངས་མལ་སྙོག་སྟེ། བདུད་ཡོར་ལྡེ་ནག་པོ་བྱ་བ་དང་ཉི་མ་སླུངས་འཇོམ་པས། སྐར་མ་དེ་ཡང་མུན་ཚབ་ཚུབ་དང་འགྲོགས་ནས་འཆར། མུན་འཇུག་དང་འགྲོགས་ནས་རྒས་སོ། །ཙེ་ཟེ་འཚོ་ཞེས་པ། རྣ་བ་ཕོ་ཁྱུ་མོ་ཁྱུ་འདྲེས་ཏེ་སྦྱོར་ཅིང་འཁྲིག་པའོ། །དེ་ལ་ལས་རྩུབ་མོ་གང་བྱས་བདུད་ཀྱི་དབང་དུ་འགྱུར་བའོ། །ཞེས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༣༧ )

མཛད་པ་པོ། འགྲོ་མགོན་བློ་གྲོས་རྒྱལ་མཚན། (ཕྱི་ལོ་ ༡༡༩༨༡༢༦༣)

(སྲིད་པའི་མཛོད་ཕུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་འགྲེལ་བ་)ལས།གཉིས་པ་ལོ་བྱི་བ་ནི་ཞིབ་ཏིག་ནན་ཏན་གྱི་འགྲོ་དོན་མཛད་པའོ། །ཟླ་བ་དཔྱིད་ཟླ་ར་བ་ནི་མཛད་པ་བཅུ་གཉིས་ཀྱི་དོན་དང་། ཚེས་བཅོ་ལྔ་ནི་ཟླ་གསང་ཐིག་ལེའི་དངོས་གྲུབ་དང་། སྐར་མ་རྒྱལ་ནི་བདུད་ལྔ་དབང་དུ་འདུས་པ་དང་། དུས་ནམ་ལངས་པ་ནི་སྟོན་པའི་རྒྱལ་ཐེབས་མིང་འཆད་པའི་དོན་ལ་དགོངས་པའོ། །ཞེས་སོ། །

མཁས་པ་དཔལ་ཆེན་པོའི་རྣམ་ཐར་མཛད་པ་བཅུ་གཉིས་ནོར་བུའི་ཕྲེང་བ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༤༠ )

མཛད་པ་པོ། སྤ་སྟོན་འོད་གསལ་རྒྱལ་མཚན།

(མཁས་པ་དཔལ་ཆེན་པོའི་རྣམ་ཐར་མཛད་པ་བཅུ་གཉིས་ནོར་བུའི་ཕྲེང་བ་)ལས།ཨེ། སང་ཕོད་ཉི་མ་དེ་རིང་ཙམ་ན། །ཁྱོད་ལ་སྲས་ཞིག་འཁྲུངས་པ་སྟེ། །མི་ལུས་བསམ་ལེགས་ཀྱིས་བྱིན་གྱིས་བརླབས་ནས། །ཟླ་བ་རྒྱལ་མཚན་ངོ་བོ་ཉིད། །ལོ་པཎ་ཆེན་པོ་འབྱོན་པ་ཡིན། །བོན་གྱི་བཀའ་རྒྱུད་གཤག་པའི་སྟ་རེ་ཡིན། །མིང་ཡང་མཁས་པ་དཔལ་ཆེན་བྱ་བ་ཐོགས་ཤིག་གསུངས། དེའི་ཕྱི་ལོ་འབྲུག་གི་ལོ་དཔྱིད་ཟླ་ར་བའི། ཚེས་བཅོ་ལྔ་སྐར་མ་རྒྱལ་སྟོད་ཀྱི། ཐོ་རངས་སྐྱ་རེངས་ཤར་བ་ལ་སྐུ་འཁྲུངས་ཏེ། སྐུ་ལུས་མཚན་དང་ལྡན་པར་བྱོན་ནས་མཚན་ཡང་མཁས་པ་དཔལ་ཆེན་དུ་བཏགས་སོ། །ཞེས་སོ། །

དྲང་དོན་མུན་སེལ་སྒྲོན་མ་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༢༡ )

མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ་(ཕྱི་ལོའི་སྔོན་ ༩༡༤ )སོགས།

(དྲང་དོན་མུན་སེལ་སྒྲོན་མ་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་)ལས།དེ་ཡང་ལོའི་དང་པོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། ཞག་གི་དང་པོ་ཚེས་བཅོ་ལྔ་། སྐར་མའི་དང་པོ་རྒྱལ་གྱི་རུ་གོང་། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་པ་སྟེ། འཁོར་རྣམ་པ་གསུམ་དང་སྤྲུལ་པ་རྣམ་པ་གཉིས་སྤྲུལ་ཏེ། སྔར་འདས་པའི་བསྟན་པ་བརྗེས། ཡབ་ཡུམ་ལས་སོགས་པ་འཁོར་དུ་འཁོད་པ་ཐམས་ཅད་སངས་རྒྱས་པར་མཛད་པའོ། །ཞེས་སོ། །

དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་བ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༢༡ )

མཛད་པ་པོ། བླ་ཆེན་དྲན་པ་ནམ་མཁའ་(ཕྱི་ལོའི་སྔོན་ ༩༡༤ )སོགས།

(དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་བ་)ལས།ཁྱད་པར་གྱི་དགེ་ཚོགས་ཞེས་བྱ་བ། དུས་ཀྱི་ཁྱད་པར་ཆེན་པོ་ཐུན་མོང་གི་དགེ་བ་ཅི་དང་ཅི་བྱེད་པ་ཐམས་ཅད། ཆོ་འཕྲུལ་ཆེན་པོ་རྟ་པའི་ཟླ་བ་ལ་བྱ། བྱ་རྦོ་ཆུའི་ཟླ་བ་ལ་བྱ། དཔྱིད་ཟླ་ཐ་ཆུང་འབྲུག་གི་ཟླ་བ་ལ་བྱ། དེ་ཅིའི་ཕྱིར་ཞེ་ན། རྟ་པ་ལ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་དུས་སུ། མུ་སྟེགས་ཀྱི་སྟོན་པ་དང་ནང་པ་གཉིས། དང་པོར་རྩོད་པ་བྱས། དེ་ནས་སྒྱུ་རྩལ་འགྲན། དེ་ནས་ཆོ་འཕྲུལ་སྤྲུལ་པ་འགྲན། དེའི་སྡོང་གཏབ་བའི་དགེ་བ་འདི་བྱེ་བ་ཁྲི་འགྱུར་དུ་གསུང་། ཆོ་འཕྲུལ་འབྲིང་བ་བྱ་རྦོ་ཆུའི་ཟླ་བ་ལ། སྔོན་རྒྱལ་པོ་ཆེན་པོ་བཞི་ལ། དགེ་བ་རྒྱས་པར་སྤེལ་བའི་དུས་སུ། ལོག་ལྟའི་བདུད་རིགས་ཀྱི་སྡེས་དགེ་བ་ལ་བར་དུ་བཅད་ནས། སྟོན་པ་གཤེན་རབ་ཀྱིས་མཚན་ལྡན་གྱི་ཁྱེའུ་ཆུང་དགེ་བ་རྒྱས་པར་སྤེལ་ནུས་པ། སྟོང་སྤྲུལ་ནས་ལོག་ལྟའི་དམག་ཟློག་པའི་དུས་ཡིན་པས་ཚོགས་ཆེའོ། །ཆོ་འཕྲུལ་ཆུང་བ་དཔྱིད་ཟླ་ཐ་ཆུང་ནི། རྒྱ་གར་གྱི་རྒྱལ་པོ་རབ་མཛེས་ཀྱི། བཙུན་མོ་མེ་ཏོག་མཛེས་ལྡན་མ་བྱ་བ། རིན་པོ་ཆེ་སྣ་བདུན་ལུས་ལ་འཕྲོ་བ་གཅིག་ཡོད་པ་བདུད་ངམ་རྗེ་ནག་པོས་འཕྲོགས་པས་རྒྱལ་པོས་ཡུལ་ཕྱོགས་ཀྱི་སྟོན་པ་གྲུབ་ཐོབ་རྣམས་སྤྱན་དྲངས་ནས། ལྷ་དང་བདུད་ཀྱི་རྒྱལ་འདྲེ་ཡིས་ཉི་ཟླ་བསད། མུན་པའི་སྨག་གཏིབས། མཚོན་དང་མུ་གེ་དང་། ནད་རིམས་ཀྱི་བསྐལ་པ་བྱུང་། རེས་གྲུབ་ཐོབ་ཆེན་པོ་གྲོངས་ཞིང་སྒྲ་ཆེན་པོ་གྲགས་པ་དང་། ཀླུའི་ཕོ་བྲང་འཁྲུག དྲེག་པ་ཅན་རྣམས་ཚར་བཅད་ཅིང་ས་ཆེན་པོ་གཡོས་པར་བྱུང་པས། དེ་རྣམས་ཀྱི་དུས་སུ་དགེ་བ་ཅི་དང་ཅི་བྱས་པ་ཐམས་ཅད་བྱེ་བ་ཁྲི་འགྱུར་དུ་གསུངས་སོ། །ཞེས་དང་།
ཡང་དེ་ཉིད་ལས།ཡང་སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ་ཟླ་བ་རྟ་པ། སྐར་མ་རྒྱལ་གྱིས་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། འདས་པའི་དུས་སུ་དགུན་ཟླ་ར་བའི་གནམ་སྟོང་ཡིན་པས་ཚོགས་ཆེའོ། །བསྟན་པ་བཞག་དུས་དཔྱིད་ཟླར་བའི་ཉ་ཡིན་པས་ཚོགས་ཆེའོ། །གདུང་སོབ་བྱོན་དུས་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ཡིན་པས་ཚོགས་ཆེའོ། །ཞེས་སོ། །

མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན། (གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ།)

མཛད་པ་པོ། ཞང་བོད་རིག་འཛིན་རྣམས།

སྟག་གཟིགས་རྒྱ་གར་ཞང་བོད་ཀྱི་རིག་འཛིན་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པའི་(མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་)ལས།དགོངས་ཚད་ལྔ་ནི། ལོ་ཡི་འགོ་བོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་དང་པོ་སྟག ཞག་གི་སྙིང་པོ་བཅོ་ལྔའོ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་དགོངས་ནས་བྱོན་ཏེ། །ཞེས་དང་།
ཡང་དེ་ཉིད་ལས།ཁྱད་པར་ནི། ལོ་གཅིག་ལ་སངས་རྒྱས་ཀྱི་དུས་ཚོད་བཞི་སྟེ། སྔགས་པས་དཔྱིད་ར་བ་རྒྱ་རྩིས་བས་འབྲིང་པོ། ཝ་ཉ་ཆོ་འཕྲུལ་ཆེན་པོ་རྟ་ཟླ། མེ་ཏོག་ཨུ་དུ་འབར་འདྲ་སྐྱེས་དུས། ཚེས་གཅིག་ནས་ཉ་ཡི་བར་ལ། བསྟན་པའི་རྒྱང་འབྲེ་བྱེད་པ་སྟེ། ཞང་ཞུང་སྟོང་རྒྱུང་གྲོང་བའི་དུས་ཡིན་པས། འགྱུར་ཆེ། སྔགས་པས་དཔྱིད་ཐ་ཆུང་རྒྱ་རྩིས་ཀྱི་དབྱར་ར་བ། མེ་ཏོག་སེང་མ་སྐྱེ་བའི་ཟླ་བ་ལ་ལྷ་དང་བདུད་བརྒྱ་འབྲེལ་བའི་དུས། དེའི་ཚེས་བརྒྱད་ལ་སྟོན་པ་གསང་འདུས་ལྷུམས་སུ་ཞུགས་པའི་དུས་ཡིན། ཉ་ལ་སྐུ་བལྟམ་པ་དང་། ཉི་ཤུ་གཉིས་ལ་བཀའ་བསྒྲག་པ་དང་། ཕྱི་ལོ་ཡི་ཉ་ལ་སངས་རྒྱས་པ་དང་། གནམ་སྟོང་ལ་མྱ་ངན་འདས་པ་ལྔ་ཚང་བས་དུས་གཉན། སྔགས་པས་དབྱར་འབྲིང་པོ། རྒྱ་རྩིས་ཀྱི་དབྱར་ཐ་ཆུང་། མེ་ཏོག་ཁུག་ཆོས་སྐྱེས་པའི་ཟླ་བ་ལ། ཚེས་གཅིག་དང་བརྒྱད་ཀྱི་བཅུ་གཅིག་ལ། འཁོར་ཕྱི་ནང་དང་འབྲེལ་པ་ལ། གཡུང་དྲུང་བོན་གྱི་བསྒྲགས་པའི་པེའུ་ཙེ་གསུམ་འཁོར་ལོ་བསྐོར་བའི་དུས་ཡིན་པས་གཉན། སྔགས་པས་སྟོན་ར་བ། རྒྱ་རྩིས་ཀྱི་འབྲིང་པོ། རྩི་སྣོམ་མེ་ཏོག་རྒྱས་པའི་དུས་ལ། ཉི་ཤུ་གཉིས་ཀྱིས་ཉིན་ཞག་ཕྲུག་གཅིག་ལ། སྟོན་པས་ལོག་ལྟ་བདུད་རིག་འདུལ་བའི་ཡིན་པས། གཉན་ཏེ། ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱི། དུས་ཀྱིས་མཆོད་པ་ཆེན་པོ་བཞི་དེའི་ཚད་དེ་ལ། དགེ་བ་ཅི་བྱས་ཁྲི་འགྱུར་དུ་འགྲོའོ། །ཡང་ཁྱད་ནི། སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་ཏེ། ལོ་ཤིང་ཕོ་བྱི་བ། ཟླ་བ་སྔགས་པས་རྒུན་ཐ་ཆུང་། རྒྱ་རྩིས་ཀྱི་དཔྱིད་ར་བ། ཚེས་བཅོ་ལྔའོ། །སྐར་མ་རྒྱལ། དུས་ཚོད་ནམ་ལངས་པའོ། །སྔགས་པས་སྟོན་འབྲིང་པོ། རྒྱ་རྩིས་པ་ཐ་ཆུང་གི་ཚེས་བརྒྱད་ལ། བསྟན་པ་བཞག་པ་དང་། གདུང་ཚོབ་མུ་ཆོ་བྱོན་པའི་དུས་སོ། །སྔགས་པས་སྟོན་ཐ་ཆུང་རྒྱ་རྩིས་ཀྱི་རྒུན་ཟླ་ར་བའི་གནམ་སྟོང་ལ། མྱ་ངན་འདས་པའི་དུས་ཏེ། དེ་རྣམས་ལ་དགེ་བ་ཅི་བྱས་འབུམ་དུ་འགྲོའོ། །ཞེས་སོ། །

ཡོངས་རྩེ་ཀློང་ཆེན་གྱི་འགྲེལ་བ། (གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ།)

མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། ( ཕྱི་ལོ་ ༡༣༥༣ འཁྲུངས། )

(ཡོངས་རྩེ་ཀློང་ཆེན་གྱི་འགྲེལ་)ལས།གཉིས་པ་ཁྱད་པར་ནི། ཆོ་འཕྲུལ་གྱི་ཟླ་བ་གསུམ་མོ། སྟ་(རྟ་)པའི་ཟླ་བ་དང་། བྱ་སྦོ་ཆུའི་ཟླ་བ་དང་། དཔྱིད་ཟླ་ཐ་ཆུང་འབྲུག་གི་ཟླའོ། དེ་ཡང་ཆོ་འཕྲུལ་ཆེ་བའི་ཟླ་བ་གཉིས་ནི་སྟ་པ་དང་བྱ་སྦོ་ཆུའི་ཟླ་བ་གཉིས་སོ། །ཞེས་དང་།
ཡང་དེ་ཉིད་ལས།དགོངས་ཚད་ལྔ་ནི། ལོའི་འགོ་བྱི་བ་ལ་དགོངས་པ་དང་། ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་དང་། སྐར་མའི་དམ་པ་རྒྱལ་གྱི་རི་གོང་དང་། ཞག་གི་སྙིང་པོ་ཚེས་བཅོ་ལྔ་དང་། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་དགོངས་པའོ། །དེ་དག་གི་རྒྱས་བཤད་ནི་མདོ་ལྟར་རོ། །འདས་དུས་ནི། སྐུ་ཚེ་མི་ལོ་སུམ་སྟོང་ལྔ་བརྒྱ་སྟེ། བསྒྲགས་བྱང་ལས། སྐུ་ཚེའི་ཚད་ནི་བོད་ལོ་སུམ་སྟོང་ལྔ་བརྒྱ། གསུངས་སོ། །ཆུ་མོ་ལུག་གི་ལོ་དགུན་ཟླ་ར་བའི་གནམ་སྟོང་ལ་འདས་པའོ། །བསྟན་པ་སྤེལ་དུས་ནི། དཔྱིད་ཟླ་ར་བའི་ཉ་ལ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའོ། །གདུང་སོབ་མུ་ཆོ་བྱོན་དུས་ནི། སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་བྱོན་པ་ནི་མདོ་ལས་གསུངས། ཚེས་བརྒྱད་ལ་བྱོན་པ་ནི་དྲང་དོན་ལས་གསུངས་པའོ། །ཞེས་སོ། །

སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་ལ་དཔྱད་པ། (ཡོངས་འཛིན་གསུང་འབུམ། དེབ་ཨང་། ༤)

༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག (ཕྱི་ལོ་ ༡༩༢༦ འཁྲུངས།)

(སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་ལ་དཔྱད་པ་)ལས།གཞན་ཡང་ཁ་ཅིག་གིས་རྫོགས་པའི་སངས་རྒྱས་ལོ་ཡི་མཇུག་ཟླ་བ་བཅུ་གཉིས་པ་ཡིན་པས། འདིར་མི་འཁྲུངས་སོ་ཞེས་པའང་འདུག་སྟེ། དེ་ལྟ་བུའི་ལོ་ཡི་མཇུག་དེ་རང་གི་ལོག་བློས་བཏགས་པ་ཙམ་ཡིན་གྱི། ཟླ་བ་བཅུ་གཉིས་པ་ལ་དུས་འཁོར་གསོ་དཔྱད་རྒྱ་རྩིས་ཧོར་བོད་སོགས་ཀྱིས་དགུན་ཟླ་ཐ་ཆུང་། སྐར་རྩིས་རྒྱ་གར་སོགས་ཀྱིས་དགུན་ཟླ་འབྲིང་པོ། རྒྱུད་སྡེ་འགའ་དང་། ནག་རྩིས་འཐོར་བུ་བ་ཁག་ཅིག་གིས་ལོ་འགོ་ཡིན་པར་འདོད་པ་དང་། འབྱུང་རྩིས་པས་དཔྱིད་ཟླ་འབྲིང་པོར་འདོད་པ་སོགས་ཡོད་པས་ཕན་ཚུན་གཅིག་གིས་གཅིག་ལ་འགོག་པར་བྱེད་མི་ནུས་པའི་ཕྱིར། ཟླ་བ་དང་པོ་ལ་ཡང་། དུས་འཁོར་གསོ་དཔྱད། རྒྱ་རྩིས་ཧོར་ཞེས་པ་འདི་ནི་སོག་པོ་ལ་བརྗོད། བོད་སོགས་ཀྱིས་དཔྱིད་ར་དང་། སྐར་རྩིས་རྒྱ་གར་སོགས་ཀྱིས་དགུན་ཐ། འབྱུང་རྩིས་དཔྱིད་ཐ་སོགས་འདོད་པས་ངན་རྟོག་གིས་མཐའ་ཅིག་ཏུ་ལོ་མཇུག་ཏུ་བཟུང་བ་དང་དེར་སངས་རྒྱས་མི་འཁྲུངས་པ་སོགས་འདོད་པ་ནི་རྒྱུ་མཚན་ཆུང་ངོ་། །ཡང་ཁྱུང་སྤྲུལ་རིན་པོ་ཆེས་དུས་སྦྱོར་དང་བསྟུན་ཏེ་རྒྱལ་གྱི་རྐང་པ་དང་པོ་ལ་སངས་རྒྱས་འཁྲུངས་པས་རྒྱལ་གྱི་རུ་བ་གོང་མ་ལ་འཁྲུངས་ཞེས་བསྟུན་པར་མཛད་འདུག་མོད་ཀྱང་། དེ་ཡང་རྒྱུ་མཚན་ཆུང་སྟེ། མདོ་ཡི་ལུང་གིས་དངོས་སུ་ཟླ་བའི་ཉ་སྐར་རྒྱལ་ལ་བཤད་པ་མཛད་པ་མ་གཏོགས་དུས་སྦྱོར་དང་བསྟུན་པའི་ཚུལ་སོགས་ཀྱིས་བཤད་པ་མིན། འོན་ཀྱང་ཟླ་བའི་ཉ་སྐར་རྟ་པ་ཡིན་ཚེ་དེ་ལ་སངས་རྒྱས་འཁྲུངས་དགོས་པའི་རྒྱུ་མཚན་རྒྱལ་ལ་མཛད་པ་བཞིན་ཅིའི་ཕྱིར་མ་མཛད་པའི་རྒྱུ་མཚན་དེ་ཡང་སྨྲ་དགོས་སོ། །འདི་ལྟ་བུའི་རྒྱུ་མཚན་ལ་གཟིགས་ཏེ་གཤེན་གྱི་མཁས་གྲུབ་ཤི་ལ་དྷྭ་ཛ་དང་། ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱིས་ཀྱང་ནན་གྱིས་ལུང་འདི་རྣམས་ཀྱི་དོན་བསྒྲུབས་པའི་ཕྱིར་རོ། །དེ་ལྟར་ན་འདས་མཆོད་ཟླ་བ་དགུ་པའི་གནམ་གང་དུ་འབེབས་པའི་ཕྱིར། །ཞེས་སོ། །

གླེང་གཞི་བསྟན་པའི་འབྱུང་ཁུངས། (གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་ཨང་། ༡ )

མཛད་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན། ( ཕྱི་ལོ་ ༡༣༢༨ འཁྲུངས། )

གླེང་གཞི་བསྟན་པའི་འབྱུང་ཁུངས་ལས།དེ་ནས་བླ་ན་མེད་པའི་ས་ནོན་ནས་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་ཏེ། དགོངས་ཚད་རྣམ་པ་ལྔ་དང་ལྡན་ནས། ལོ་ཤིང་ཕོ་བྱི་བ། ཟླ་བ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ། དུས་ཚོད་ནམ་ལངས་པ་ལ་འཁྲུངས་པས། ལོ་གསར་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་ལ་བྱེད་པའི་གཏན་ཚིགས་ཀྱང་དེའོ། །ཞེས་སོ། །

 

དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་ཀྱི་འཁོར་ལོ་ལས་ཞག་གསུམ་རྩིས་གཞུང་ནམ་མཁའི་གཏེར་མཛོད། (ལྡི་ལིའི་པར་མ།)

མཛད་པ་པོ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ། (ཕྱི་ལོ ༡༨༩༧ འཁྲུངས། )

དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་ཀྱི་འཁོར་ལོ་ལས་ཞག་གསུམ་རྩིས་གཞུང་ནམ་མཁའི་གཏེར་མཛོད་ལས།ལོ་རྒྱལ་འབྱུང་ལྡན་དང་པོ་ཤིང་བྱི་ཡི། །དཔྱིད་ར་མེ་སྟག་ཟླ་བའི་ཚེས་བཅོ་ལྔ། །ཞིན་ཞག་རེས་གཟའ་ལྷ་ཡི་བླ་མ་སྟེ། །ཟླ་སྐར་རྟ་པ་ཉི་སྐར་མོན་དྲེ་དང་། །ཞེས་སོ། །


རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༡༣ )

མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (ཕྱི་ལོ་ ༡༨༡༣༡༩༧༠)

(རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་)ལས། རྗེའི་རྣམ་ཐར་སྐབས།དང་པོ་འཁྲུངས་པའི་ཡུལ་ནི། གངས་ཅན་ཤར་ཕྱོགས་རྒྱ་མོ་རོང་དུ། སྟོན་པའི་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་པའི་གནས་མཆོག དམུ་རྡོ་གཡུང་དྲུང་ལྷ་གཉན་དང་ཉེ་བའི་གནས་ལག་གཉན་རྗེ་གབ་ཏོག་ཤ་བ་རིའི་ཞོལ་ཆུ་ཆེན་དང་རབ་བརྟན་གྱི་ཞིང་ཁམས་སྟེང་ཅོག་ཞེས་བྱ་བར། ཡབ་རྒྱུའི་བོན་བཞི་ལ་མཁས་པ་དབྲ་རིགས་ཀླུ་རྒྱལ་ཞེས་བྱ་བ་དང་། ཡུམ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རིན་ཆེན་སྨན་ཞེས་བྱ་བ་གཉིས་ཀྱི་སྲས་སུ། དབང་ལྡན་ཞེས་པ་མེ་ཕོ་སྤྲེལ་གྱི་ལོ་ལ། དཔྱིད་ར་སྟག་ཟླའི་ཡར་ཚེས་ལྔའི་ཉི་ཤར་ལ་བདེ་བ་དང་བཅས་ཏེ་སྐུ་བལྟམས། །ཞེས་སོ། །
ཡང་དེ་ཉིད་ལས།དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ། ནུབ་ཕྱོགས་ནས་འཇའ་ཚོན་སྣ་ལྔའི་འོད་ལམ་ཞིག་གཟིམ་གུར་གྱི་རྩེ་མོར་ཟུག་པ་དང། མེ་ཏོག་གི་ཆར་བབས། འཇའ་ཚོན་གྱི་གུར་ཕུབ་སྟེ། སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། རྟག་གཟིགས་ཡུལ་དུ་སྟོན་པའི་རྒྱལ་ཐེབས་མཛད་པར་གཤེགས་སོ། །ཕྱི་ལོ་དཔྱིད་ཟླ་ར་བའི་ཚེས་ལྔའམ། འདུལ་རྩིས་ཚེས་བརྒྱད་ལ། གདུང་སྲེག་ལས་གཞི་རྒྱུན་ལྔ་ཀློང་རྒྱས་བཅས་པའི་གཞུང་བསྲང་སྟེ་སྐུ་གདུང་ཞུགས་ལ་བཞེན་པར་རྩོམ་ཚེ་མེ་ཡང་དཀར་སེར་རང་འབར་དུ་གྱུར་ཅིང་འཇའ་འོད་སྣ་ལྔས་ནམ་མཁའ་གང་བ་དང་། ནུབ་ཕྱོགས་ནས་འཇའ་འོད་ཀྱི་ལམ་ལས། བྱ་རྒྱལ་རྒོད་གཅིག་བྱོན་ནས། མདུན་གྱི་ནམ་མཁར་ཅུང་ཞིག་ལྡིང་པར་མཛད་པ་ཀུན་གྱིས་མཐོང་ཞིང། ཐུགས་སྲས་རྣམ་གཉིས་ལ་སོགས། ལས་དག་པ་རྣམས་ཀྱི་གཟིགས་སྣང་དུ་རྗེ་རིན་པོ་ཆེ་ཉིད་ནུབ་ཕྱོགས་རྟག་གཟིགས་ནས། འགྲོ་དོན་བྱོན་པར་དགོངས་ཏེ་སླར་ཡང་ཡང་འབྱོན་པར་གསོལ་བ་བཏབ་པས། དཔྱིད་རའི་ཚེས་ལྔའི་ཉིན་བོད་ཀྱི་ཡུལ་དུ་འགྲོ་དོན་ལ་ལན་རེ་འབྱོན་པར་ཞལ་གྱིས་བཞེས་ཏེ། སླར་ནུབ་ཕྱོགས་སུ་གཤེགས་སོ། །ཞེས་སོ། །

སྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ། (བོད་ཀྱི་གློག་རྡུལ་འཕྲུལ་དེབ་ཁང་གི་དེབ་གཟུགས།)

མཛད་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན། (ཕྱི་ལོ་ ༡༨༡༣༡༩༧༠)

(བསྟན་རྩིས་ཀྱི་རྣམ་བཤད་མཐོང་བའི་དགའ་སྟོན་ནམ་དྭོགས་བསལ་པན་ཙ་ལི་ཀའི་ཆུན་པོ་)ལས།  “ ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ། མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་དང་། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་པ་ཡན་ཆད། མདོ་རྒྱུད་མཐའ་དག་གི་དགོངས་པ་གཅིག་ཏུ་འདུས་པ་ཡིན་པས་སོམ་ཉི་དང་བྲལ་བ་ཡིན་ནོ། སྐབས་འདིར་ཁ་ཅིག་གིས་དཔྱིད་ཟླ་ར་བ་ཞེས་པ། ཧོར་ཟླ་བཅུ་གཉིས་པར་ངོས་འཛིན་བྱེད་པ་མི་འཐད་དེ། དྲང་དོན་མུན་སེལ་སྒྲོན་མའི་དགེ་སྤེལ་ཚོགས་འགྱུར་གྱི་གཟེར་བུ་ལས། སྟོན་པ་བྱོན་པའི་དུས་ནི། ལོ་བྱི་བ་ཟླ་བ་རྟ་པ་སྐར་མ་རྒྱལ་གྱི་ཁོངས་སུ་བྱོན་པའི་དུས་སུ་ཚོགས་ཆེ། ཞེས་གསུངས་པའི་ཕྱིར། དེས་ན་ཧོར་ཟླ་དང་པོར་འཁྲུལ་མེད་དུ་ངོས་འཛིན་དགོས་སོ། །ཞེས་སོ། །

ཞང་ཞུང་སྙན་རྒྱུད་བླ་མ་རྒྱུད་པའི་རྣམ་ཐར། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༢༤ )

མཛད་པ་པོ། སྤ་བཙུན་བསྟན་རྒྱལ་སེང་གེ་དཔལ་བཟང་། (ཕྱི་ལོ་ ༡༢༩༠༡༣༦༤) ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་འདིའི་ཐོག་མའི་གཞི་གང་ལ་འཛིན་པར་མ་ཤེས་ཀྱང་། Unbounded Wholeness: Dzogchen, Bon, and the Logic of the Nonconceptual By Anne C. Klein, Tenzin Wangyal ཞེས་པའི་དེབ་ནང་གསལ།

(ཞང་ཞུང་སྙན་རྒྱུད་བླ་མ་རྒྱུད་པའི་རྣམ་ཐར་)ལས།གཉིས་པ་སྟོན་པ་ནི། འགྲོ་བ་འདྲེན་པའི་གཤེན་རབ་ཆེན་པོ་དེས། དགའ་ལྡན་ལྷའི་ཡུལ་ནས། འཇིག་རྟེན་མིའི་ཡུལ་དུ་སྟོན་པ་ལ་གཤེགས་ཏེ། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཏུ་སྐུར་སྤྲུལ་ནས། འགྲོ་བ་རབ་འདྲེན་འོད་ཀྱི་མཆོད་རྟེན་ལ་ཡིད་ཀྱི་བབས། སྟོན་པ་ལྷ་ལས་བབས་པའི་མཆོད་རྟེན་ཞེས་དེ་ལ་བྱའོ། །དེ་ནས་ཡུམ་བཟང་ཟ་རིང་བཙུན་མཆོད་རྟེན་ལ་བསྐོར་བ་མཛད་པ་ལ། ཡི་གེ་ཨཱོྃ་མཐིང་ནག་གཅིག་ཏུ་སྤྲུལ་ནས་ལྷུམས་སུ་ཞུགས། ཟླ་དགུ་ངོ་བཅུ་ནས་གསལ་བ་འོད་ཀྱི་གླིང་། མེ་ཏོག་མཛེས་པའི་ཚལ། ཤིང་སྐྱེ་བ་མོང་ཙམ་གྱི་དྲུང་དུ། དཔྱིད་ཟླ་ར་བའི་ཚེས་བརྒྱད། སྐར་མ་སྨིན་དྲུག གཟའ་ཉི་མ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་ཏེ། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་རུ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་གསུངས་ཤིང་། ལོ་ཟླ་གཟའ་སྐར་དུས་ཚོད་ཀྱི་འགོ་དེ་ནས་མཛད་པ་དེའོ། །ཞེས་སོ། །


བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀ་ཡི་དོ་ཤལ། (གངས་ཏི་སེའི་བོན་གཞུང་རིག་མཛོད། དེབ་ཨང་། ༡ )

མཛད་པ་པོ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ( ཕྱི་ལོ་ ༡༨༧༩ འཁྲུངས། )

(བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀ་ཡི་དོ་ཤལ་)ལས།དེ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལ་དགོངས། ཟླ་བའི་རྒྱལ་པོ་དཔྱིད་ར་སྟག སྐར་མའི་དང་པོ་རྒྱལ། ཞག་གི་སྙིང་པོ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་ལ་དགོངས་ཏེ། བག་ཆགས་མངལ་གྱི་དྲི་མས་མ་གོས་པར་ཡུམ་གྱི་གློ་དཀར་གཡས་ནས་བལྟམས། །ཞེས་སོ། །

གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༢༩ )

མཛད་པ་པོ། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ( ཕྱི་ལོ་ ༡༨༧༩ འཁྲུངས། )

(གཙུག་ལག་རྩིས་ཀྱི་རིག་པ་ནག་རྩིས་སྣང་སྲིད་མེ་ལོང་)ལས།ཡོངས་གྲགས་རྒྱ་རྩིས་རྙིང་མའི་ལུགས། །དཔྱིད་ར་ཧོས་ཟླ་དང་པོ་ལ། །ཤར་སྟོད་སྟག་ནས་བརྩིས་པ་ཡི། །བདུན་ཟུར་ནུབ་སྟོད་སྤྲེལ་ལ་ཡིན། །ཞེས་དང་། ཡང་དེ་ཉིད་ལས།བདུན་པ་ཟླ་འགོ་འཛིན་ཚུལ་ནི། །རང་རང་འདོད་པ་མང་ཡོད་ཀྱང་། །འགའ་ཞིག་(པདྨ་དཀར་པོ་སོགས་)རྒྱ་རྩིས་དང་མི་མཐུན། འགའ་ཞིག་(རྩིས་གསར་རྣམ་དག་སོགས)མཐུན་སྣང་ཚད་མས་གནོད། །འགའ་ཞིག་དུས་ཀྱི་གཟེར་དང་འགལ། (བོན་རྒན་གྱི་རྩིས་རྒན་ཟེར་བའི་བླུན་གཏམ)འགའ་ཞིག་དབྱར་དགུན་གོ་ལོག་སྐྱོན། །དེས་ན་ངོ་མཚར་དུས་གཟེར་དང་། །མཐུན་པའི་རྒྱ་རྩིས་གསར་འགྱུར་གྱི། །དགོངས་དོན་འཁྲུལ་མེད་འདི་ལྟར་ཡིན། །དཔྱིད་ར་ཧོར་ཟླ་དང་པོ་འདི། །སྟག་གི་ཟླ་བ་རྩོད་བྲལ་ལོ། །དེས་ན་སྟག་ཡོས་འབྲུག་གསུམ་ནི། །དཔྱིད་ཟླ་ར་འབྲིང་ཐ་གསུམ་ནས། །དགུན་ཐ་གླང་གི་བར་དུ་འགྲེས། །ཞེས་སོ། །

ཚེ་རིག་རྒྱུད་འབུམ་བྱེ་བའི་ཡང་བཅུད་ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང་བཟང་པོ། (སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཨང་། ༣༡ )

མཛད་པ་པོ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའམ་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོ། (ཕྱི་ལོ ༡༨༩༧ འཁྲུངས། )

(ཚེ་རིག་རྒྱུད་འབུམ་བྱེ་བའི་ཡང་བཅུད་ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང་བཟང་པོ་)ལས།བདུན་པ་དུས་བཞི་ཁམས་ལྔའི་འབྱུང་བ་ནི། །དཔྱིད་དབྱར་སྟོན་དགུན་དུས་མཚམས་ལྔ་པོ་ནི། །རིམ་བཞིན་ཤིང་མེ་ལྕགས་ཆུ་ས་ཡི་ཁམས། །ཁྱིམ་ཞག་དབང་བྱས་རེ་རེར་དོན་གཉིས་དང་། །ཉིས་ཞག་དོན་གསུམ་ཚེས་ལྟར་དོན་བཞིར་འཐོབ། །མཆིན་སྙིང་གློ་མཁལ་མཚེར་རྩ་ལྔ་པོ་རྒྱུ། །དུས་དང་དོན་ལྔའི་ཁམས་དང་རྩ་རུ་སྦྱར། །དེ་དག་ཞིབ་པར་བཀྲོལ་ན་དཔྱིད་ཟླ་སོགས། །ཟླ་བའི་ངོས་འཛིན་ས་གནམ་བར་གྱི་རྟགས། །རིམ་པར་བརྗོད་ལ་དཔྱིད་ཟླ་(སྟག་ཡོས་འབྲུག)གསུམ་གྱི་དུས། །ས་ལ་ཤིང་རྩི་ཁ་འབུས་གནམ་རྟགས་སུ། །རྟ་པ༩་དབོ༡༡་དང་ནག༡༣་པས་ནམ་ཚོད་འཛིན། །བར་དུ་བྱིའུ་ཅོ་གས་རང་སྐད་འབྱིན། །བདུན་ཅུ་རྩ་གཉིས་ཤིང་(སྟག་ཡོས་སོགས་ཤིང་གི་ཕྱིར) ཁམས་མཆིན་རྩ་རྒྱུ། །ཅོ་གའི་སྐད་(དམ་པི་ཝང་རྒྱུད་ལྟར་)ལྟར་ཕྲ་ལ་གྲིམས་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ། །ཞེས་སོ། །

ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ། (གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་པར་མ།)

མཛད་པ་པོ། སྐྱབས་སྟོན་རིན་ཆེན་འོད་ཟེར། ( ཕྱི་ལོ་ ༡༣༥༣ འཁྲུངས། )

(ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ་)ལས།མེ་ལ་དབང་ཐོབ་པས་དགུན་དཔྱིད་མཚམས་ཏེ་རྒྱལ་ཟླ་ལ་ཐོག་སེར་བབས་པ་སྟེ། དེ་ཉིད་ནས། སྐམ་པ་དག་ལ་ཆུ་ལ་གསེར། །སོལ་བ་དག་ལ་ལྗོན་ཤིང་ཉིད། །འབྱུང་བར་གྱུར་ཀྱང་ནམ་མཁའ་ལ། །སྲ་བའི་རྡོ་རྗེ་འབྱུང་བ་དང་། །ཞེས་དང་།
ཡང་དེ་ཉིད་ལས།གསུམ་པ་དོན་འཇུག་གི་དུས་ཚོད་གསང་བ་ནི་དྲུག་ཡོད་དེ། ལོའི་དུས་སུ་ནི་སྟག་སྤྲེལ་ཕག་སྦྲུལ་བཞི་ཞེས་པ་གཤེད་བཞིར་ཡོད་ཆའོ། །ཟླ་བ་ནི་ར་བ་བཞི་ལ་དང་། ཞག་ནི་རབ་ཉེར་གཅིག འབྲིང་དགུ། ཐ་མ་ལྔ། ཟ་མའི་དུས་སྔ་དྲོ་དང་། དགོང་མོ་དང་ཉིན་གུང་དང་མཚན་གུང་ཟེར་བ་ལ་ལས་བཞིའི་བྱེ་བྲག་ཡོད་སྲིད་དོ། །གཟའ་སྐར་གྱི་དུས་ཉི་མ་དང་མིག་དམར་བ་ཝ་སངས་ཕུར་བུ་དར་བའི་དུས་ཟེར། སྐར་མ་ནི་སྨལ་པོ་མགོའི་རྒྱལ་སྟོད་དང་། ལག་སོར་རྩེ་མོའམ། སྟ་པ་ལ་གཏོད་དོ། །ཉི་ཚོད་ནམ་ལངས་ཉི་མ་ཤར་བའམ། ནམ་ཚོད་ནི་ནམ་སྲོད་དང་འཇིང་པ་ལ་བབ་པའོ། །ཞེས་སོ། །


སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ། (བོད་ཀྱི་གློག་རྡུལ་འཕྲུལ་དེབ་ཁང་གི་དེབ་གཟུགས།)

གཏེར་མ། གཏེར་སྟོན་བྲ་བོ་སྒོམ་ཉག (ཕྱི་ལོའི་དུས་རབ་བཅུ་གསུམ)

(སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ་)ལས།བྱོན་ཚུལ་ནི། དགོངས་ཚད་ལྔ་ཐུགས་ལ་བཞགས་ནས་བྱོན། ལོ་ཡི་འགོ་བྱི་བ་ལ་དགོངས་ནས། ནན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་དང་། ཟླ་བའི་འགོ་དཔྱིད་ཟླ་ར་བ་དགོངས་པས། མཛད་པ་བཅུ་གཉིས་ཀྱིས་དོན་མཐར་ཕྱིན་པ་དང་། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས་པས། སྔར་གྱི་སྟོན་པ་རྣམས་གཤེགས་དུས་ཁྱད་པར་ཅན་ཡིན་པ་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པའོ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་དགོངས་པ་ནི། བདུད་ལྔ་དབང་དུ་བསྡུ་ཞིང་རྒྱལ་བ་དང་། འཇིག་རྟེན་ཟིན་གྱིས་མནོན་པའི་ཕྱིར་རོ། དུས་ཚོད་ཀྱི་དང་པོ་ནམ་ལངས་ཡོས་བུ་ལ་དགོངས་པ་ནི། ནམ་ལངས་པའི་རྟིང་ཉི་མ་ཤར་ནས་འོང་བ་དང་འདྲ་སྟེ། སྟོན་པའི་སྒྲོན་མ་བྱོན་པའི་རྟིང་ལ། སྤྲུལ་སྐུ་བྱེ་བ་འབུམ་ཕྲག་མང་པོ་བྱོན་ནས་འདྲེན་པའི་ཕྱིར་རོ། །ཞེས་སོ། །

བསླབ་གསུམ་བསྟན་པའི་རྐང་འཛིན་དམ་པ་སྐྱང་སྤྲུལ་ཆེན་པོ་ནམ་མཁའ་རྒྱལ་མཚན་གྱིས་ཡོངས་ལ་སྨན་པའི་ཞལ་གདམས་ཀྱི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས།

ཐོག་མར་དགེ་སྡིག་འགྱུར་རྩིས་གསལ་བྱེད་འཁྲུལ་གྱི་ལྡེ་མིག (བརྟེན་འགྱུར། པོད། ༤༡ ལྷ་ས། སོག་སྤྲུལ་པར་མ།)

མཛད་པ་པོ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། (ཕྱི་ལོ་ ༡༧༧༠ འཁྲུངས།)

(དགེ་སྡིག་འགྱུར་རྩིས་གསལ་བྱེད་འཁྲུལ་གྱི་ལྡེ་མིག་)ལས། “ ཧོར་ཟླ་བཅུ་གཉིས་པ་ཡི་ཉ་འདི་ལ། རྒྱལ་བ་སྐུ་བལྟམས་ཨུ་དུམ་ཝར་བཞད་པ། ཆོས་ཀྱི་ལུགས་ལ་དེ་ལྟར་མི་འདོད་མོད། འོ་ཅག་བོན་གྱི་དེ་བཞིན་ཡིན་པར་ངེས། །” ཞེས་དང་། “ ཡང་ཁྱད་འགྱུར་གྱི་སངས་རྒྱས་འཁྲུངས་འདས་ནི། ཤིང་ཕོ་བྱི་བ་སྟག་ཟླའི་བཅོ་ལྔ་ཡི། སྐར་མ་རྒྱལ་གྱི་རུ་གོང་ནམ་ལངས་དུས། སྟོན་པ་གཤེན་རབ་མི་བོ་འཁྲུངས་པ་སྟེ། དེ་ལ་སྟག་ཟླའི་ངོས་འཛིན་མི་མཐུན་པ། ཡོད་ཀྱང་རྒྱ་རྩིས་པའམ་ནག་རྩིས་པས། རྒྱལ་ཉ་ཧོར་ཟླ་བཅུ་གཉིས་པར་འདོད་དོ། །མྱ་ངན་འདས་པ་ཆུ་ལུག་དགུན་ར་བའི། གནམ་གང་ཡིན་པ་བློ་གྲོས་(ཁྱུང་པོ་)རྒྱལ་མཚན་བཞེད། ཀུན་གྲོལ་གྲགས་པའི་ཆུ་གླང་དགུན་ར་སྟེ། ལོ་མི་མཐུན་ཀྱང་ཟླ་ཚེས་མཐུན་པར་སྣང་། འདི་ལུགས་དགུན་ཟླ་ར་བ་ཞེས་པ་དེ། ཧོར་ཟླ་དགུ་པའི་སྟོང་ལ་བདག་གིས་འདོད། །” ཞེས་སོ། །

(མུ་འགོད།)

<< གསལ་བཤད། རྩོམ་ཡིག་འདི་གནས་སྐབས་དྲ་ཐོག་གཞན་དང་སྟབས་བདེའི་ཡིག་ཆ་རིགས་མི་བཟོ་རོགས་ཞུ། རྒྱུ་མཚན་ནི། འདི་འབྲེལ་གྱི་བཀའ་ལུང་རིགས་རྙེད་ཚེ་མུ་འགོད་བྱ་འཆར་ཡིན། >>

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།