རེ་ནེ་གཡུང་དྲུང་བསྟན་རྒྱས་གླིང་།

1
2841

རྩོམ་པ་པོ་ཞང་ཚུལ་མི།

ཁྱུང་ཡུལ་རེ་ནེ་དགོན་དུ་༸དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགེ་བཤེས་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་སློབ་འཁོར་ནས་བསྟན་འགྲོའི་མཛད་ཕྲིན་བསྐྱངས་པའི་སྐོར།

IMG_6244ཁྱུང་ཡུལ་རེ་ནེ་གཡུང་དྲུང་བསྟན་རྒྱས་གླིང་ནི་སྣང་སྟོན་ཟླ་བ་རྒྱལ་མཚན་གྱིས་དུས་རབས་བཅོ་བརྒྱད་པའི་སྟོད་༡༧༠༤ལོར་ཕྱག་བཏབ་ཅིང་ད་ལྟའི་བར་དགོན་གྱི་བླ་རབས་རིམ་བྱོན་གྱིས་རྒྱུན་སྐྱོང་མཛད། དགོན་འདི་ཉིད་བོད་ཆབ་སྟེང་ཆེན་རྫོང་གི་བྱང་རྒྱུད་ཟམ་ཞིག་ཤང་ལྷུ་ཐུང་གྲོང་ཚོའི་རི་གོང་དུ་གནས་པའི་བོན་དགོན་ཅུང་ཆེ་གྲས་ཤིག་རེད། མང་གཙོ་བཅོས་བསྒྱུར་རྗེས་བླ་མ་རིན་ཆེན་གསར་སྒོང་གིས་དགོན་གཞི་གནས་སྤོས་མཛད་ནས་ཕྱི་ནང་གི་རྟེན་དང་བརྟེན་པ་ཡོངས་སུ་བཞེངས་བསྐྲུན་མཛད་ནས་གྲ་རྒྱས་སུ་བཏང་བ་མ་ཟད་སྔགས་གྲྭ་བཙུན་གསུམ་དང་ཡུལ་སྡེ་མང་ཚོགས་ཀྱི་སྤྱི་རིམ་སྒྲུབ་པ་དང་དགེ་སྦྱོར་ཉམས་ལེན་བྱེད་སའི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཞིང་ལོ་རེའི་ཚོགས་དུས་མཆོད་དང་ཆོ་ག་བཅའ་འདོན་གྱི་བྱེད་སྒོ་བཅས་སྔར་བཞིན་གྲྭ་རྒྱས་པོར་གྱུར། ༢༠༠༥ལོར་བླ་མ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་དགོན་འདིར་སྒྲུབ་གྲྭ་གསར་བཙུགས་མཛད་ནས་ད་ལྟའི་བར་དུ་གྲྭ་པའི་སྒྲུབ་གྲྭ་ཐེངས་གཉིས་དང་བཙུན་མའི་སྒྲུབ་གྲྭ་ཐེངས་ལྔ༌བཅས་ཁྱོན་སྒྲུབ་གྲྭ་ཐེངས་བརྒྱད༌ བཏང་ཟིན་འདུག དེ་རྗེས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཆུང་རྒྱུད་དྲང་སྲོང་ཚུལ་ཁྲིམས་མཐར་ཕྱིན་མཆོག་དགོན་འདིའི་མཁན་པོ་ཁྲི་བཞེངས་མཛད། ཁོང་ནི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་ཟམ་ཞིག་ཤང་རེ་ནེ་གྲོང་ཚོར་ཕྱི་ལོ་༡༩༦༨ལོར་སྐུ་འཁྲུངས། སྐུ་ན་ཆེར་སོང་རྗེས་གཙང་བཀྲ་ཤིས་སྨན་རི་དགོན་དུ་སྨན་སློབ་སྐལ་བཟང་ཉི་མའི་མདུན་ནས་རབ་ཏུ་བྱུང་། དེ་ནས་རྒྱ་གར་དུ་འབྱོར་ནས་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་དྲུང་དུ་འཆད་ཉན་བྱེད་རྒྱུའི་གོ་སྐབས་ཐོབ། ཟམ་ཞིག་དགོན།༡༡༩༩༤ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་གྲྭར་ཞུགས་ནས་གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་བཅས་ལ་མི་ལོ་བཅུ་དྲུག་ཙམ་གྱི་རིང་སྦྱོང་པ་ཧུར་བརྩོན་མཛད། ༢༠༠༦ལོར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་འཕྲོད་བསྟེན་འགན་འཛིན་དང་༢༠༠༧ལོར་རྩིས་པ་དཔེ་མཛོད་ཁང་བཅས་ཀྱི་འགན་ཡང་བཞེས་མྱོང་། ༢༠༠༩ལོར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་པ་རྒྱ་མཚོའི་དབུས་སུ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས། དེ་རྗེས་ཡུལ་སྡེའི་རེ་འདུན་ལྟར་རེ་ནེ་གཡུང་དྲུང་བསྟན་རྒྱས་གླིང་གི་མཁན་པོར་ཁྲི་བཞེངས་མཛད་རྗེས་བོད་དུ་ཕེབས་ཏེ་སྨན་སྒྲུབ་ཆེན་མོ་བཙུགས་པ་དང་། ད་ལྟ་དགོན་འདིར་བཤད་གྲྭའི་བཙུན་མ་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས། ཉེ་བའི་ཆར་དགོན་འདིར་མཁན་པོ་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་མཆོག་དང་། དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན། བླ་མ་གཙུད་ཕུད་ཚུལ་ཁྲིམས་བཅས་ཀྱི་དབུ་ཁྲིད་འོག་ཡིག་བྲིས་པ་མཁས་ཅན་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་མཆོག་གདན་ཞུས་གནང་ནས་ཟླ་བ་སྔོན་མའི་བོད་ཚེས་ཉི་ཤུ་གསུམ་ནས་ཟླ་འདིའི་ཚེས་གསུམ་བར་བཤད་གྲྭའི་བཙུན་མ་རྣམས་ལ་བོད་ཀྱི་ཡིག་གཟུགས་ཟབ་སྦྱོང་ཉིན་བཅུ་གཅིག་གི་རིང་ལ་འཚོགས་གནང་ཡོད་པ་དང་། དེ་ཡང་དེང་སྐབས་མི་རྣམས་ཀྱིས་རྩོམ་ཡིག་བྲིས་པ་དང་ཡིག་གེ་དཔར་བ་བཅས་ནི་ཕལ་ཆེར་འཕྲུལ་ལམ་ནས་སྤེལ་བ་ལས་སྙུ་གུ་འཛིན་ནས་ཤོག་ཐོག་ཏུ་འབྲི་མཁན་ནི་ཆེས་དཀོན་པོར་གྱུར་བས་བོད་ཀྱི་ཡིག་གཟུགས་ལ་ཉམས་རྒུད་འགྲོ་བའི་སྔ་ལྟས་ཆེན་པོར་གྱུར་བ་དང་། ལྷག་པར་དུ་དེང་སྐབས་གཞོན་སྐྱེས་ཡིག་བྲིས་ལ་གོམས་པ་མེད་པའི་ལས་དང་པོ་བ་རྣམས་ཀྱིས་ཡིག་གཟུགས་དཀོལ་སྤྱོད་བྱེད་དུས་ཁ་པར་དང་རྩིས་འཁོར་བཅས་བེད་སྤྱོད་ནས་སྟབས་གང་བདེ་བྱས་པ་ལས་ཡིག་གཟུགས་དངོས་སུ་ཤོག་ཐོག་ནས་བཀོལ་མཁན་དཀོན་པས་དགོན་འདིར་ཡིག་གཟུགས་ཟབ་སྤྱོང་འཛིན་གྲྭ་བཙུགས་དགོས་དམིགས་ཡུལ་གཅིག་དང་། ཡུལ་འདིར་ལོ་རྒྱུས་ཐོག་གྲགས་ཆེ་བའི་ཡིག་བྲིས་མཁས་ཅན་མ་ནི་དང་རིག་ཚ་བཅས་མང་པོ་བྱུང་ཞིང་ཁོངས་རྣམས་ཀྱི་ཡིག་བྲིས་སྒྱུ་རྩལ་གྱིས་བོན་གྱི་གསུང་རབ་འབྲི་བཞེངས་ཁྲོད་དུ་བྱས་རྗེས་ཤུགས་ཆེར་འཇོག་མྱོང་བ་མ་ཟད་ས་གནས་འདིར་དར་བའི་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ནི་ཐུན་མིན་གྱི་ཁྱད་བོན་དུ་མ་དང་ལྡན་པའི་བོད་ཀྱི་ཡིག་ཟུགས་རྩེ་གྲས་ཤིག་ཡིན་ཡིན་སྟབས་དེ་དག་སླར་གསོ་བཅས་དགོས་པ་དུ་མར་དམིགས་ནས་དགོན་འདིར་ཡིག་བྲིས་པ་གསོ་སྐྱོང་མཛད་བཞིན་འདུག  ལོ་འདིར་ཡིག་གཟུགས་ཟབ་སྦྱོང་ཉིན་བཅུ་ལས་དུས་ཚོད་ཀྱིས་མ་འདང་ན་ཡང་། ཡིག་གཟུགས་རྒན་ལགས་ཀྱིས་མ་འོངས་པར་མུ་མཐུད་དེ་ཡིག་གཟུགས་སློབ་ཁྲིད་གནང་རྒྱུ་ཡིན་ཞེས་གསུངས་འདུག ཐེངས་འདིའི་ཐོག་དངོས་སུ་མཉམ་ཞུགས་གནང་མཁན་དགོན་གྱི་བཙུན་མ་རྣམས་གཏོགས་བྱུང་ཐུབ་མེད་ན་ཡང་། རྗེས་སོར་མུ་མཐུད་ནས་དགོན་པར་ཡིག་བྲིས་སློབ་ཁྲིད་བྱེད་འཆར་འདུག་པས། བོད་ཡིག་ལ་དགའ་ཞིང་བོད་སྐད་ལ་དུང་བའི་གཞོན་སྐྱེས་གང་མང་མཉམ་ཞུགས་ཀྱི་གནང་ཐུབ་པའི་རེ་འདུན་དང་བཅས་༢༠༡༧། ༣། ༢༢། ཉིན་ཞང་ཚུལ་མིས་སྤེལ།

དགོངས་ཚུལ་གཅིག

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།