སྣ་ཆེན་བྲག་དཀར་སེང་གེ་གནམ་རྫོང་གནས་ཀྱི་ངོ་སྤྲོད་སྐལ་ལྡན་སྙིང་ནོར།

0
2316
པར་པ་ཁྱུང་ཐོག་རྒོད

རྩོམ་པ་པོ་བློ་གྲོས་འོད་གསལ།

སུ་རི་ཀ་ལ་ཐ་ཚན་དེ་པ་ཧོ།
གདོད་ནས་མ་བཅོས་ཁྱབ་གདལ་དེ་བཞིན་ཉིད། །ཕྱོགས་སུ་མ་ལྷུང་ཐིག་ལེ་ཉག་མ་གཅིག །
གཞི་རྩ་གཉུག་མའི་ངང་དུ་རོ་གཅིག་པའི། །ཀུན་གཞི་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

དབུ་ལ་བདེར་གཤེགས་ཞི་ལྷའི་ཟླ་ཞལ་འཛུམ། །ཐུགས་ཀར་དབང་དྲག་ཁྲོ་མོའི་ཉི་གཞོན་འཚེར། །
རྩ་བར་དམ་ཅན་སྲུང་མའི་ཆུ་ཁུར་འཁྲིགས། །ལྷ་མིའི་མཆོད་སྡོང་སེང་གེ་གནམ་རྫོང་བསྔགས། །

བྲག་དཀར་སེང་གེ་གནམ་རྫོང་གི། །གནས་ཡིག་ཅུང་ཟད་གསལ་འགོད་ན། །
གནས་བདག་དམ་ཅན་སྲུང་མ་ཡིས། །གནང་བ་སྩོལ་ཞིང་གྲོགས་ལ་བྱོན། །

ཐོག་མ་བཀྲ་ཤིས་ལ་བྱིན་ཆེ་བའི་ཕྱིར་དུ་ཞང་ཞུང་སྨར་གྱི་སྐད་ཐོག་ནས་ཀུན་གཞི་ཁྱབ་བདལ་ཆེན་པོ་ལ་མཆོད་པ་བརྗོད་པའི་ངག་གི་ཨུཏྤལ་ཅིར་ཡང་འཐོར་ཞིང་ལམ་ཡངས་པར་ཕྱེ་ནས་སྐབས་འདིར་གང་གླེང་བ་བྱ་བ་ནི། དེ་ལ་འདིར་འཇིག་རྟེན་གོ་ལའི་རྩེ་མོར་ཆགས་པའི་བོད་གངས་ཅན་གྱི་ཤར་ཕྱོགས་ཁམས་ལི་ཐང་བཞག་གསར་གྱི་ཡུལ་གྲུ་དེ་ལ་མཐའ་ནས་སྐྱོབ་པའི་ཚུལ་དུ་གནས་པའི་སྣ༵་ཆེན༵་བྲག༵་དཀར༵་སེང༵་གེ༵་གནམ༵་རྫོང༵་གི་གནས་ཡིག་འཆད་པ་ལ་ལྔ་སྟེ། སྤྱིར་གནས་ཀྱི་རང་བཞིན་དང་། གནས་འདི་ཉིད་བྱེ་བྲག་ཏུ་བཤད་པ་དང་། གནས་སྒོ་ཕྱེ་ཞིང་བྱིན་གྱིས་བརླབས་ཚུལ་དང་། གནས་ལ་བསྐོར་བ་བྱེད་ཚུལ་དང་། གནས་ལ་བསགས་སྦྱངས་བགྱིས་པའི་ཕན་ཡོན་སྨོས་པ་སྟེ་དབང་པོའི་གྲངས་ལྡན་གྱི་རྣམ་པར་བཞག་པ་ལས། དང་པོ་གནས་ཀྱི་རང་བཞིན་ནི་རྫོགས་པའི་སངས་རྒྱས་རྣམས་གདོད་ནས་སྐུ་གསུམ་གྱི་བདག་ཉིད་དབྱེར་མེད་རོ་གཅིག་ཏུ་གནས་པ་ལས་བོན་དབྱིངས་ཀ་དག་གི་ཀློང་ནས་ཕྱི་གསལ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་སྣ་ཚོགས་སུ་ཤར་ནས་གདུལ་བྱའི་དོན་མཐའ་ཡས་པར་མཛད་པ་སྟེ། དེ་ཡང་སངས་རྒྱས་ནང་ཕན་ཚུན་གྱི་སྣང་ངོར་བོན་དབྱིངས་འགྱུར་བ་མེད་པའི་ཀློང་དུ་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་ཡེ་ནས་རྣམ་པར་དག་པའི་གཞི་དབྱིངས་གདོད་མའི་གནས་ལུགས་དང་། གཡུང་དྲུང་སེམས་དཔའ་རྣམས་ཀྱི་སྣང་ངོར་གཞི་སྣང་ཡེ་ཤེས་ཀྱི་རང་རྩལ་ལས་རྡུལ་གཅིག་གི་སྟེང་དུ་ཡང་རྡུལ་སྙེད་ཀྱི་སྐུ་དང་ཞིང་ཁམས་སྣང་ཞིང་ངོ་བོ་ཕྱོགས་སུ་མ་ལྷུང་ཡང་རྣམ་པ་ལྷ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རྩལ་རིག་པའི་ཆོ་འཕྲུལ་དུ་ལོངས་སྤྱོད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པར་རང་སྣང་བའི་བཀོད་པ་དང་། སོ་སྐྱེས་ལ་ཡང་དབང་པོ་རབ་ལ་དག་སྣང་སྤྲུལ་སྐུའི་ཞིང་ཁམས་དང་འབྲིང་ལ་དག་པའི་གནས་དང་ཐ་མ་ཡང་སངས་རྒྱས་དང་སེམས་དཔའ་འཕགས་པ་དག་གི་ཐུགས་རྗེ་ལ་བརྟེན་ནས་ས་རྡོ་རི་བྲག་ལས་སོགས་དག་པའི་སྣང་བ་དང་ལས་དབང་གིས་མ་དག་པའི་གཟུགས་དང་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་འགྲོ་བ་རྣམས་ལ་དངོས་བརྒྱུད་གང་རུང་གི་སྒོ་ནས་ཕན་བདེའི་གསོས་སུ་ཤར་བ་སྟེ་ཀུན་ཀྱང་ཡེ་ནས་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་གཤིས་སུ་གྲུབ་པ་ཡིན་ནོ། །༢

༡རྫོགས་པའི་སངས་རྒྱས་ཀྱིས་རྗེས་སུ་བཞག་པའི་སྐུ་གཟུགས་དང་གསུང་རབས་སྐུ་གདུང་སྟེ་བསྟན་པ་རྣམ་གསུམ་ནི་དད་ལྡན་དང་བ་འདྲེན་ཞིང་བཞེངས་པ་པོའི་ཚོགས་རྫོགས་པ་ལ་སོགས་བསོད་ནམས་ཚད་མེད་ཀྱང་། གནས་སུ་གྲུབ་པ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བོན་ཉིད་བདེན་པ་ཆེན་པོའི་བྱིན་རླབས་དང་ཕྱི་ནང་གི་རྟེན་འབྲེལ་ལེགས་པའི་མཐུ་ལས་རང་བྱུང་བ་ཡིན་པས་བྱིན་རླབས་དང་འགྲོ་དོན་ལ་རྒྱུན་ཆད་མེད་པ་ལས་སོགས་པའི་ཆ་ནས་སྔ་མ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལ་ཡང་ནང་གསེས་སུ་གྲུབ་པའི་རིག་འཛིན་རྣམས་ཀྱི་སྒྲུབ་གནས་དང་སྦས་གནས་སོགས་གསང་སྔགས་ཀྱི་འབྱུང་གནས་སུ་གྱུར་པའི་རྒྱུད་སྡེ་ལས་བསྟན་པའི་གནས་ཆེན་ཉེར་བཞི་ལས་སོགས་ནི་གདོད་ནས་གྲུབ་པའི་གནས་དང་། ས་ལ་གནས་པའི་གྲུབ་པའི་རིག་འཛིན་དང་རྣལ་འབྱོར་མའི་ཚོགས་ཀྱིས་སྒྲུབ་གནས་སུ་མཛད་ཅིང་ལྷ་སྔགས་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་པའི་བཀའ་རྟགས་ཀྱི་ཞབས་རྗེས་ལས་སོགས་པས་མཚན་པ་རྣམས་ནི་གང་ཟག་གིས་གནས་བྱིན་གྱིས་བརླབས་པ་ཡིན་ཡང་ཕྱི་རབས་སྒྲུབ་གཤེན་རྣམས་ལ་བར་ཆད་མེད་ཅིང་ཡུར་བ་རྙིང་པ་ལ་ཆུ་འདྲེན་པ་བཞིན་དུ་དངོས་གྲུབ་མྱུར་བ་ལས་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་སྟེ་ཞང་བོད་རིག་འཛིན་རྣམས་ཀྱི་གནས་ཆེན་མང་དུ་བཞུགས་པ་ནི་རྗེས་སུ་མཐུན་པ་ལགས་སོ། །སྤྱི་སྤུངས་དང་མ་རྒྱུད་རྣམས་ལས་གསལ་བའི་གཡུ་ལུང་ཤེལ་བྲག་ལས་སོགས་གསང་བ་འདུས་པའི་གནས་དགུ། བྲག་ཕུག་རོང་ཆེན་ལས་སོགས་ངོ་མཚར་རྒྱས་པའི་གནས་བཞི། གྱང་མ་གྱང་ཐོ་ལས་སོགས་དྲེགས་པ་འདུལ་བའི་གནས་བརྒྱད། དང་ར་གཡུ་བུན་ལས་སོགས་བོད་ཀྱི་འདུ་གནས་ཉི་ཤུ་རྩ་བཞི་དང་། འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་གཏེར་ལུང་ལས་གསལ་བའི་དུར་ཁྲོད་གནས་བརྒྱད་དང་གནས་ཆེན་བརྒྱ་རྩ། སྒྲུབ་གནས་སུམ་བཅུ་རྩ་བདུན་ལས་སོགས་ནི་གནས་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན། དེ་ལས་གྱེས་པའི་ཡན་ལག་ནི་བསམ་གྱིས་མི་ཁྱབ་སྟེ། བཀའ་ཐང་ཆེན་མོ་ལས། གནས་ཆེན་རེ་ལ་གནས་ཕྲན་བཞི་རེ་དང་། །གནས་ཕྲན་རེ་ལའང་བཞི་རེས་བསྐོར་བ་སྟེ། །དེ་ལས་གྱེས་པ་བསམ་གྱིས་མི་ཁྱབ་བོ། །ཞེས་དང་། མདོ་དྲི་མེད་ལས། ལྷོ་ནུབ་མཚལ་རི་ལྷ་ཡི་མདུན། །ཟུར་བཞི་ཆུ་ཞིང་མཉམ་པ་ཡི། །དཔག་ཚད་ཉིས་བརྒྱ་ལྔ་བཅུས་འཁོར། །ཡར་ལ་བཅུ་གསུམ་རྡོ་རིང་ཤེལ། །མཚལ་འོད་ནམ་མཁའི་དབྱིངས་སུ་འཕྲོད། །ཞེས་དང་། དེའི་ཕྱོགས་བཞི་མཚམས་བཞི་རུ། །གཡུང་དྲུང་འཁོར་ལོ་པད་མ་དང།  །རིན་ཆེན་དགོས་འདོད་ཚལ་དང་བཞི། །ལྷོ་ཤར་གཡུ་ལུང་ཤེལ་གྱི་བྲག །བྱང་ཤར་བདུད་འཇོམས་གཡུང་དྲུང་གནས། །བྱང་ནུབ་ལྷ་མདུན་གསང་བའི་བྲག །ལྷོ་ནུབ་དབལ་རི་ཟུར་གསུམ་གནས། །ཞེས་པས་ལྷ་ཡུལ་གྱི་གནས་བསྟན་པ་དང་། བདུད་བཏུལ་བའི་མདོ་ལས། སྟོན་པའི་ཐུགས་ཀྱི་སྤྲུལ་པ་ལས་མདུང་རྩེ་འདྲ་བའི་རི་ཞིག་དཔག་བསམ་ལོ་རྒྱས་ཀྱིས་བརྒྱན་པ་ཞིག་སྤྲུལ་ནས་ལྷ་རི་གྱང་ཏོའི་ཟུར་ལ་བཞག ཞེས་ཀོང་པོ་བོན་རི་ལུང་དུ་བསྟན་ལ། ཐུབ་པའི་གསུང་མདོ་སྡེ་ལས། ཁ་བ་ཅན་གྱི་ཡུལ་ནས་ས་རྡོས་འགྲོ་བའི་དོན་བྱེད་པ་ཡོད་དོ། །ཞེས་ཁ་བ་ཅན་ལ་གནས་ཀྱིས་འགྲོ་བ་འདུལ་བ་ཡོད་པ་གསུངས་སོ། །ནང་གི་རྩ་རླུང་ཐིག་ལེ་ལ་ཕྱི་རོལ་དུ་གནས་སུ་འཆར་བ་ཡིན་ཞེས་བཀའ་ཐང་ཆེན་མོ་ལས་གསུངས་སོ། །གཉིས་པ་གནས་ཆེན་འདི་ཉིད་བྱེ་བྲག་ཏུ་བཤད་པ་ལ་ལྔ། ངོ་བོ་དང་ངེས་ཚིག་ངོ་མཚར་བའི་ལུང་ཡིད་ཆེས་པའི་བཀའ་རྟགས་ཏེ་རིག་བྱེད་གྲངས་ལྡན་གྱི་རྣམ་པ་བཞག་པ་ལས། དང་པོ་སྐུ་གསུམ་གྱི་ཞིང་ཁམས་ལས་ལོངས་སྐུའི་ཞིང་གི་ཆ་ཤས་ས་ལ་སྤྱོད་པའི་འོག་མིན་གཉིས་པ་ཞེས་བྱ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ནང་ཚན་ཕྲིན་ལས་ཐུགས་ཀྱི་གནས་ཆེན་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་འགྲོ་བ་འདུལ་བའི་དུས་སུ་འོད་ཟེར་སྤྲུལ་ནས་གནས་འདི་ཉིད་བྱིན་གྱིས་རླབས་པ་དང་། བླ་ཆེན་དྲན་པ་ཡབ་སྲས་ཀྱིས་བྲག་དམར་གཡེར་བའི་ཀེའུ་ཚང་ལ་ཁྲོ་བོ་ཀི་ལ་ཡ་སྒྲུབ་པའི་ཚེ་རྫུ་འཕྲུལ་གྱིས་འབྲུག་ཁྱུང་སེང་གསུམ་དངོས་སུ་སྤྲུལ་ནས་སྣ་ཆེན་བྲག་དཀར་སེང་གེ་གནམ་རྫོང་གི་རྩེར་བབས་ནས་བོན་ཉིད་བདེན་པའི་བྱིན་གྱིས་བརླབས་པའི་ཐུགས་ཀྱི་གནས་དང་། སྒྲུབ་གནས་བརྒྱ་རྩ་ལས་འཆི་མེད་དྲན་པ་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་སྣ་ཆེན་བྲག་དཀར་སེང་གེ་གནམ་རྫོང་ཞེས་བྱ་ལ། ངོ་བོའི་ཆ་ནས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་གནས་ལུགས་དོན་གྱི་འོག་མིན་དང་། སྣང་ཚུལ་གྱི་ཆ་ནས་རྩལ་ཤར་གྱི་རོལ་པ་རྩ་གསུམ་ཞི་ཁྲོ་རབ་འབྱམས་རྒྱ་མཚོའི་ཕོ་བྲང་ཆེན་པོའོ། ། གཉིས་པ་ངེས་ཚིག་ནི། སྣ༵་ཆེན༵་ཞེས་པ་ནི་བྱེད་ལས་ཀྱི་དབང་དུ་བྱས་ནས་མཚན་དུ་གསོལ་བ་ཡིན་ཏེ། རབ་མཐའ་བཞི་རྒྱ་གྲོལ་གྱི་གནས་ལུགས་དང་། འབྲིང་བསྐྱེད་རྫོགས་ཟུང་འཇུག་གི་སྒོམ་རིམ་དང་། ཐ་མས་ཀྱང་ཀུན་སློང་རྣམ་དག་གི་སྒོ་ནས་མཇལ་སྐོར་དང་མོས་གུས་བྱེད་པའི་སྒྲུབ་གཤེན་རྣམས་ཐར་པ་བདེ་ཆེན་གྱི་ལམ་སྣ༵་འདྲེན་པའི་དད་དཔོན་ཆེན༵་པོ་བླ་ན་མ་མཆིས་པ་ཡིན་པས་ན་སྣ་ཆེན་ཞེས་བྱ། བྲག༵་དཀར༵་ཞེས་པ་ནི་མཚན་བྱེད་ཀྱི་དབང་དུ་བྱས་ནས་མཚན་དུ་གསོལ་བ་ཡིན་ཏེ། དབུ་ལ་བདེ་གཤེགས་ཞི་ལྷ་རྣམས་བརྟེན་པ་མཚོན་པའི་ཕྱིར་ཤེལ་གྱི་མཆོད་རྟེན་འདྲ་བའི་བྲག་དཀར་པོ་ངོ་མཚར་སྲིད་ན་འབར་བ་གནས་པའི་ཕྱིར་ན་བྲག༵་དཀར༵་ཞེས་བྱ། སེང༵་གེ༵་གན༵མ་རྫོང༵་ཞེས་པ་ནི་རྣམ་པའི་དབང་དུ་བྱེད་ནས་མཚན་དུ་གསོལ་བ་ཡིན་ཏེ། ཞི་རྒྱས་དབང་དྲག་ལྷ་ཚོགས་ཀྱི་རྟེན་གནས་སེང་གེ་དཀར་མོ་གནམ་ལ་འཆོང་འདྲའི་བྲག་རི་དང་སྤང་རི་ནགས་རི་ལྷུན་སྟུག་ཅིང་དཔངས་མཐོ་བ་ཕུན་སུམ་ཚོགས་པའི་རྫོང་གི་དབྱིབས་ཅན་གྱི་རྣམ་པ་ཡོད་པས་ན་མཚན་དེ་སྐད་གསོལ་བ་ཡིན་ནོ། །གསུམ་པ་ངོ་མཚར་བའི་ལུང་ནི། བསྟན་ཞབས་གཏེར་གྱི་སྐྱོང་བའི་གཏེར་སྟོན་ཆེན་པོ་མདོ་ཁམས་ཤར་གྱི་ཉིན་བྱེད་དབང་པོ་གཏེར་གཉིས་འགྲོ་འདུལ་གར་དབང་གསང་སྔགས་གླིང་པ་མཆོག་ཤིང་ཕོ་སྤྲེལ་ལོའི་ཧོར་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་འདི་སྣང་གཉིས་འཛིན་གྱི་འཁྲུལ་པ་ཀུན་འགགས་ནས་བདེ་སྟོང་དགྱེས་པའི་དགའ་སྟོན་བཟད་མེད་རོལ་པའི་ངང་ལ། དབང་གི་མཁའ་འགྲོ་མ་དམར་མོ་དར་དང་རིན་པོ་ཆེ་ལས་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་ན་མེ་ལོང་འཛིན་པ་ཞིག་གི་མེ་ཏོག་ཐོར་ཞིང་དགྱེས་བའི་གར་བསྒྱུར་ཞིང་སྙན་པའི་གླུ་དབྱངས་དང་བཅས་ཏེ་དྲུང་མུའི་ཚིགས་སུ་བཅད་ནས་གསུངས་བའི་དཀར་ཆག་དྭངས་བ་སྤྲོ་བྱེད་ལས། གནས་དེའི་སྤྱི་བོར་ནོར་བུ་སྤུངས་མཛོད་ལས༔ བདེར་གཤེགས་ཞི་བའི་བཀོད་པ་སྣ་ཚོགས་ཡོད༔ ཐུགས་དཀར་དབང་དྲག་འཁོར་ལོའི་ལྟེ་བ་ལ༔ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱི་རྟེན་གནས་ཡོད༔ རྩ་བ་དུར་ཁྲོད་ལྷུན་འཐུག་བདེ་གནས་ན༔ བསྟན་སྐྱོང་དམ་ཅན་ཚོགས་རྣམས་ལས་ལ་འདུ༔ རི་བོ་དེ་ཡི་ཤར་ཕྱོགས་ཤེལ་གྱི་རི༔ ཞི་བའི་ལྷ་ཚོགས་མ་བཞེངས་རང་བྱོན་ཡོད༔ ཅེས་རྩ་གསུམ་དམ་ཅན་རྒྱ་མཚོའི་འདུས་གནས་དང་ཡི་དམ་ཞི་རྒྱས་དབང་དྲག་གི་རྟེན་གནས་ཡིན་པ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ཡིད་ཆེས་པའི་བཀའ་རྟགས་ནི། སྤྱིར་དྲེགས་པ་ཕོ་མོ་བཏུལ་བའི་རྟགས་ཐབས་ཤེས་ཀྱི་མཚན་མ་ཅུ་གང་དང་སིན་དྷུར་ར་ཁྱད་པར་ཅན་དུ་སྣང་བ་ནི་གནས་ཆེན་ཡིན་པ་ཡོངས་གྲགས་ལྟར་ཡིན་ལ། གནས་འདི་ཉིད་ཀྱང་དེ་དང་མཐུན་པར་སྔོན་འཆི་མེད་ཡབ་སྲས་གསུམ་བྲག་དམར་གཡེར་བའི་ཀེའུ་ཚང་ལ་དྲག་པོ་ཕུར་པའི་ལྷ་ཚོགས་སྒྲུབ་པའི་ཚེ་མདོ་ཁམས་ན་གཟའ་ཀླུ་རྒྱལ་གསུམ་ལས་སོགས་རུ་ཏྲ་མ་རུང་པའི་སྡེ་ཚོགས་དུ་མ་དང་བཅས་པས་བདག་གིར་གཟུང་ཞིང་ལོག་པའི་ལས་ཀྱིས་ཉིན་པར་མི་ཡི་གཟུགས་སུ་སྤྲུལ་ནས་ཡུལ་ཁམས་རྣམས་ཀྱི་གྲོགས་ལ་རྫུས། མཚན་མོར་དྲེགས་པ་རང་གཟུགས་བསྟན་ནས་སྐྱེ་འགྲོའི་སྲོག་ལ་འཚེ་ཞིང་ནད་ཀྱི་ཆར་བབས་སྡུག་བསྔལ་གྱི་མཚོ་མོར་བསྒྱུར་བའི་ཚེ། བླ་ཆེན་ཡབ་སྲས་གསུམ་འབྲུག་ཁྱུང་སེང་གསུམ་དུ་སྤྲུལ་ནས་གནས་ཆེན་བྲག་དཀར་གྱི་རྩེར་བབས་ནས་དྲག་པོ་གསུམ་གྱིས་སྐད་སྒྲོགས། སྐད་ཅིག་ཉིད་ལ་དྲག་པོ་ཕུར་པའི་སྐུ་གསུང་ཐུགས་སུ་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་པའི་དབལ་སོ་དང་ལྡན་པ་འཇིགས་པའི་ཆ་བྱད་དང་འཁོར་ཡང་དེ་བཞིན་དུ་འབུམ་ཕྲག་དུ་མ་སྤྲུལ་ནས་དྲེགས་པ་ཕོ་རྒྱུད་རྣམས་བསྒྲལ་ཏེ་རྣམ་ཤེས་བོན་ཉིད་ཀྱི་དབྱིངས་སུ་སྤར་ཞིང་ཀླུ་བཙན་སྤུན་གསུམ་བཀའ་དམ་དུ་བཅུག་ནས་གནས་ཀྱི་སྲུང་མ་བསྐོས། །ལུས་ཀྱི་དམ་བུ་རྣམས་གཏོར་བས་དུར་ཁྲོད་ཆེན་པོ་དང་གྲུབ་པའི་རིག་འཛིན་རྣམས་ཀྱི་སྒྲུབ་གནས་སུ་གྱུར། དྲེགས་པ་མོ་རྒྱུད་རྣམས་སྦྱོར་བས་དབང་དུ་བསྡུས་ཏེ་གནས་ཡུལ་དུར་ཁྲོད་རྣམས་ཀྱི་སྲུང་མ་བསྐོས་པ་ཡིན་ཏེ། གཏེར་ལུང་ལས། རྩ་བ་དུར་ཁྲོད་ལྷུན་འཐུག་བདེ་གནས་ན༔ བསྟན་སྐྱོང་དམ་ཅན་ཚོགས་རྣམས་ལས་ལ་འདུ༔ ཞེས་གསུངས། དྲེགས་པ་ཕོ་མོ་བརྟུལ་བའི་རྟགས་སུ་ཐབས་ཤེས་ཀྱི་མཚན་མ་ཅུ་གང་དང་སིན་དྷུ་ར་ཁྱད་པར་ཅན་དུ་སྣང་ངོ། །རྩ་གསུམ་རབ་འབྱམས་ཀྱི་ཕོ་བྲང་ཆེན་པོར་གྱུར་བའི་རྟགས་སུ་གནས་དེའི་ཤར་ཕྱོགས་ན་ཞི་ལྷ་བཞི་བཅུ་རྩ་གཉིས་རང་བྱོན་དང་། གཡས་སུ་གུ་རུ་མཚན་བརྒྱད་རང་བྱོན་གཡོན་དུ་གྲུབ་ཐོབ་རིག་འཛིན་བརྒྱད་བཅུའི་བཀའ་རྟགས་དང་བསྟན་པ་ལ་གཉན་འཕྲང་འགྲོ་བའི་དུས་སུ་བཻ་རོ་ཙ་ནས་ཟབ་གཏེར་སྦས་པའི་བཀའ་རྟགས་དང་བྱང་ཕྱོགས་ན་མཁས་པ་མི་བཞིའི་ཞབས་རྗེས་དང་འདུལ་བའི་གཏེར་ཁ་བཻ་རོའི་ཕྱག་ཞབས་དབུ་གསུམ་གྱི་རྗེས་བཞུགས། ལྷ་མོ་དྲེའུ་དམར་ནག་གི་ཞབས་རྗེས་དང་འཇིགས་པ་བརྒྱད་སྐྱོབ་གྱི་སྐུ་རྗེས་བཞུགས། ནུབ་ཕྱོགས་ལ་བདེ་མཆོག་དཀྱིལ་འཁོར་འོད་འབར་བ་བཞུགས། བཀའ་བརྒྱད་དང་གཤིན་རྗེ་ནག་པོ་སྐོར་གྱི་ཟབ་གཏེར་བཞུགས། དྲེགས་པ་འདུལ་བའི་རྟགས་སུ་རྫུ་འཕྲུལ་གྱིས་ཕབ་པའི་གནམ་ལྕགས་ཀྱི་སེར་བའི་རྗེས་གསལ་བ་བཞུགས། ཆུ་དང་བྲག་འཐབ་པའི་མཚམས་ལ་བཻ་རོ་ཙ་ནས་གཏེར་ཁ་ཆ་གསུམ་དང་གསེར་ཁ་གཅིག་གཏེར་སྦས་པའི་བཀའ་རྟགས་སུ་སྐུ་རྗེས་བཞུགས། ལྷོ་ཕྱོགས་རྩ་གསུམ་འབར་བའི་རི་བོ་ཞེས་བྱ་བ་ལ་གོ་ཁྲབ་དང་མཚོན་ཆ་སྣ་ཚོགས་ཀྱི་གཏེར་ཁ་བཞུགས། འཆི་མེད་ཚེ་ཡི་བུམ་པ་འདྲ་བའི་བྲག་རི་ཉམས་དགའ་བ་ལ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་གཟུགས་དང་ཚེ་བསོད་དབང་ཐང་རྒྱས་པའི་བདུད་རྩི་རང་འཁྱིལ་བཞུགས། ཡི་གེ་ཧཱུཾ་ཡིས་མཚན་པའི་རྔ་འདྲ་བའི་ཕ་བོང་ལ་བཀྲ་ཤིས་རྟགས་ཀྱི་རི་མོ་གསལ་བ། གླང་ཆེན་འགྱིང་རིའི་གནས་དོད་དུ་ལག་ལྡན་འདྲ་བའི་བྲག་རི་བརྗིད་པ། དེའི་མདུན་དུ་གཡུ་ཤུག་རྔ་སྐད་རང་གྲགས་ལ་སྨན་མོ་རྣམས་ཀྱི་བསྐོར་བ་མཛད་པའི་རྗེས་གསལ་བ། རྒྱ་སྟག་གཟན་ལ་རྒྱུག་འདྲའི་རི་བོ་རྔམ་པ། དེ་ལ་རྒས་པ་གཞོན་ནུ་གྱུར་པའི་ཆུ་མིག་འཁྱིལ་བ། བཻ་ཌཱུརྱ་བའི་འོད་འཕྲོ་བའི་གངས་བྲག་གི་རི་ཚོམ་ལ་ཤ་ཟ་མཁའ་འགྲོའི་བླ་མཚོ་དམར་པོ་འཁྱིལ་ལེ་མེར་བ། རྫ་གངས་སྙིལ་པ་འདྲ་བའི་ཤར་ཕྱོགས་ཀྱི་རི་བོ་ལ་མ་དང་མཁའ་འགྲོ་རྣམས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་གར་བསྒྱུར་བའི་བྲོ་ར་དོད་པ། རིམས་ནད་སེལ་བའི་ཆུ་མིག་འཁྱིལ་བ། ཆུ་སྲིན་འདྲ་བའི་རི་བོ་ནག་པོ་དཔངས་མཐོ་བ། དེ་ལ་ཚོགས་བདག་མཁའ་འགྲོ་སྡེ་ལྔའི་ཞབས་རྗེས་མངོན་པ། ཐང་གི་དཀྱིལ་ན་ལྕགས་ཀྱི་མཚོ་ནག་ཁྲོ་ཆུ་རང་ཁོལ། འཁོར་ལོའི་སྣ་ཅན་ཉལ་འདྲའི་སྲ་མཁྲེགས་ཀྱི་ཕ་བོང་ལ། ཞང་ཞུང་ཛྭོ་དམར་དབལ་མེ་རང་འབར། དྲག་པོ་གནམ་ལྕགས་ཕུར་པའི་གཏེར་ཁ་གནས་པའི་བྲག་རི་རྒྱལ་མཚན་བསྒྲེངས་འདྲ། འཆི་མེད་ཚེ་ཡི་སྒྲུབ་ཆུ་གནས་པའི་ཁོང་སེང་ཤེལ་གུར་ཕུབ་འདྲ། བོན་སྐྱོང་སྒྲུབ་ཁང་བསྭོ་སྒྲ་སྒྲོགས་པའི་རྡོ་བ་སྐུ་གསུམ་གྱི་དབྱིབས་དོད་པ། ཡང་ཟབ་གུ་རུའི་ཐུགས་སྒྲུབ་དང་ཚེ་ཡི་རིག་འཛིན་བརྒྱད་ཀྱི་སྐུ་གཟུགས་གསལ་བའི་གཡོན་དུ་བྲག་རི་འཇའ་ཚོན་སྤུང་འདྲ་ཚེ་སྒྲུབ་ཡང་སྙིང་འདུས་པའི་ཟབ་གཏེར་གནས་པའི་མདུན་དུ་བྲག་རི་པད་མ་ར་གའི་མདངས་འཕྲོ་བ། ལོ་ལམ་ཞག་གི་ཆོད་པ་ལྟར་མཁའ་འགྲོ་སེང་གདོང་བསྒྲུབ་ན་ལྷག་པར་མྱུར་བའི་ཞིང་སྐྱོང་སེང་གདོང་སྡེ་ལྔའི་སྒྲུབ་ཕུག་ཉམས་དགའ་ཞིང་དྭངས་སྤྲོ་བ། གྱད་ཆེན་དཔའ་བོའི་གོ་ཁྲབ་གྱོན་འདྲའི་བྲག་གི་རི་ལ་བཻ་རོ་ཙ་ནས་ལས་བཞིའི་ལྷུན་གྱིས་གྲུབ་པའི་བརྡ་རྟགས་སུ་ཕྱག་མཛུབ་ཀྱིས་བྲིས་པའི་ཞི་རྒྱས་དབང་དྲག་གི་དབྱིབས་མངོན་པ། དེའི་གཡས་སུ་ངོ་མཚར་ཟླ་བ་ཕུག་ན་གུ་རུའི་སྐུ་ཆས་རྣམ་གསུམ་གྱི་གཏེར་ཁ་དང་ཉི་ཟླ་ནོར་བུ་རང་བྱོན་ལམ་མེར་གསལ་བ། མི་བཟོད་རབ་ཏུ་ཁྲོས་འདྲའི་བྲག་རི་ལ་བར་དོའི་འཕྲང་ཆེན་སོགས་ཀྱི་བཀོད་པ་དང་རྒྱབ་ཏུ་དམར་གཏོར་སློང་འདྲའི་བྲག་རི་ལ་འཕགས་པའི་གནས་རྟེན་བཅུ་དྲུག་རང་བྱོན་སོགས་བཞུགས་སོ། །གནས་དེའི་ནང་དུ་ལྷ་ཡི་གཞལ་ཡས་ཁང་རང་བྱུང་བྲག་གི་ཕུག་པའི་དཀྱིལ་པད་སྡོང་པད་མ་རང་བྱོན་ཞེས་པ་འདབ་བརྒྱར་ལྷུག་པར་བཞད་པའི་པད་མ་བརྩིགས་པའི་རང་བྱོན་རྡོ་ཡི་ཀ་རིང་དང་། དེའི་ཟུར་དུ་མི་རྣམས་ཀྱི་དགེ་སྡིག་གི་ཤན་འབྱེད་སའི་བུག་པའི་འཕྲང་ཞིག་ཡོད་ལ། རྣམ་དཀར་དགེ་བ་ཅན་རྣམས་འཕྲང་དེ་ལས་ཐར་བ་དང་སྡིག་པ་ཤས་ཆེ་བ་རྣམས་དེའི་བར་དུ་བཅུར་ནས་མི་ཐར་བའི་ལོ་རྒྱུས་ཡོད། ཐུར་དུ་བར་དོའི་འཕྲང་དང་ངན་སོང་གསུམ་གྱི་བཀོད་པ་འཇིགས་སུ་རུང་བ་ཡོད་ཀྱང་བགྲོད་དཀའ་བས་གསལ་པོ་མཇལ་ཐུབ་མཁན་རེ་འགའ་ཙམ་ཡིན་པ་གྲགས་སོ། །གྱེན་དུ་གནས་དེ་ཉིད་ཀྱི་རྩེ་མོའི་བར་དུ་ཞི་ཁྲོ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་དང་གཞལ་ཡས་ཁང་གི་བཀོད་པ་ཆ་ཚང་རང་བྱོན་གྱི་ཚུལ་དུ་གནས་སོ། །རྒྱུ་མཚན་ནི་རྒྱལ་ཡུམ་ཤེས་རབ་བྱམས་མ་མི་ཡི་གཟུགས་སུ་རོལ་གར་བསྒྱུར་བའི་དབལ་ཁྱུང་མཁའ་འགྲོ་མཁའ་སྤྱོད་དབང་མོ་དུས་རབས་ཉི་ཤུ་པའི་ནང་དུ་གནས་འདིར་བྱོན་ཞིང་གཡུང་དྲུང་རྣམ་པར་འཇོམས་པའི་གསེར་སྐུ་ཁྲོམ་གཏེར་བཞེས་པའི་སྐབས་སུ། གནས་ཆེན་མ་ཞེས་པའི་རང་བྱུང་ཕུག་པ་འདི་ཉིད་ཀྱི་ནང་དུ་ཆེད་དུ་མ་བྱས་ཀྱང་མར་མེ་བརྒྱ་ཕྲག་དུ་མ་ལམ་མེར་གསལ་ཞིང་རྣམ་ལྔ་ལས་སོགས་མཆོད་པའི་རྒྱན་ཕྲེང་དང་ཞི་ཁྲོའི་ལྷ་ཚོགས་དང་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པ་སྤྱན་གྱི་དཀར་ནག་ཙམ་ཡང་མ་བསྒྲིབས་པར་སྐུ་མདོག་ཕྱག་མཚན་འཇའ་གུར་མེ་རི་ལས་སོགས་བི་ཤྭ་ཀརྨའི་པིར་གྱིས་བྲིས་མ་ཐག་པ་བཞིན་ཐུན་མོང་གི་མཇལ་ཡུལ་དུ་གྱུར་པ་མ་ཟད་རྡོ་མཐེ་བོང་ཙམ་ཡན་ཆད་ལྷ་སྐུ་དང་ཚྭ་ཚྭ་རེད་འདུག་ཅེས་རང་དགོན་གྱི་རྒྱལ་ཚབ་དམ་པ་བླ་མ་པད་མས་ཞལ་དྲོན་མོ་ནས་ཕྲན་ལ་གསུངས་སོ། །དེ་ནི་ཕྱི་རབས་རྗེས་འབྲང་རྣམས་ལ་ཡིད་ཆེས་པའི་ཆེད་དུ་གནས་ཀྱི་ངོ་བོར་ཡིན་ཚུལ་གསལ་བར་བསྟན་པ་མངོན་ནོ། །སོ་འཕགས་ཐུན་མོང་གི་མངོན་སུམ་དུ་མཇལ་ཡུལ་དུ་གྱུར་པ་ནི་པད་སྡོང་ཀ་རིང་གི་རྩེ་ལ་རྫོགས་སྐུའི་སྐུ་གཟུགས་རང་བྱོན་དང་ཕྱོགས་མཚམས་ཀུན་ནས་ཞི་ཁྲོ་ལྷ་ཡི་རང་བྱོན་སོགས་དུ་མ་ངོ་མཚར་བྱིན་ཅན་དུ་གཞུགས། བྲག་གི་གཞལ་ཡས་ཁང་གཉིས་རྩིགས་ཀྱི་ཐོག་ཏུ་ཚེ་ཆུ་བདུད་རྩི་རང་བབས་ཞེས་པའི་ཆུ་མིག་ཆུང་ཆུང་དྲི་བཟང་སྨན་ཀྱི་དྲི་ངད་ཐུལ་བ་ཡོད། བཏུང་ན་ཚེ་ཡི་དངོས་གྲུབ་ཐོབ་པ་དང་ཁྲུས་གསོལ་ན་ནད་གདོན་བར་ཆད་ཞི་བ་གསུངས། གཡས་ན་མཁའ་འགྲོ་སུ་ཀ་སིདྡྷིའི་གསང་ཆུ་ཞེས་ཆུ་མིག་སོགས་མང་ངོ། །རྒྱས་པར་དཀར་ཆག་དྭངས་པ་སྤྲོ་བྱེད་སོགས་ལ་བལྟ་བར་བྱའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་ཕྱག་ཞབས་ཀྱི་རྗེས་ལས་སོགས་དབང་པོའི་སྤྱོད་ཡུལ་མངོན་སུམ་དུ་སྣང་བ་ནི་གནས་ཁྱད་པར་ཅན་ཡིན་པའི་རྟགས་མཚན་རྨད་དུ་བྱུང་བ་ཡིན་ནོ། །དེ་ལྟར་རང་བྱོན་ལས་སོགས་པ་རྣམས་ཚད་མར་རུང་བའི་ལུང་ཡང་བདུད་བཏུལ་བའི་མདོ་ལས། སྟག་གཟིག་དང་ཞང་ཞུང་གི་ས་མཚམས་སུ་པད་མའི་བྲག་ལ་སྐུ་གསུམ་མེ་ལྷའི་དཀྱིལ་འཁོར་གསལ་བ་དང་། བོད་དང་ཞང་ཞུང་གི་སོ་མཚམས་མྱ་ངན་གྱི་བྱེ་གསེབ་ན་རིན་པོ་ཆེའི་བྲག་ལ་ཞབས་རྗེས་བཏོད་ནས་བཀྲ་ཤིས་ཀྱི་ས་རྟགས་བཞགས་སོ། །ཞེས་གསུངས་པས་རང་བྱོན་དང་བཀའ་རྟགས་ཡོད་པ་དང་དེ་ཉིད་ལས། བདག་གི་བཀྲ་ཤིས་ས་རྟགས་ལ། །བསེ་ཁྲབ་ལྕགས་གཞུ་ལྕགས་མདའ་དང་། །བསེ་ཡི་ཕུབ་མོ་གླིང་ཆེན་རྣམས། །སྐྱེད་བྱེད་ས་ཡི་སྙིང་པོར་ཤོག །གསུང་དབྱངས་འཕར་པོ་འཕར་གྲགས་ཉིད། །བདག་གི་གསུང་གི་བསྟན་པའི་དུས། །རང་བྱུང་འགྲོ་བ་འདྲེན་པར་ཤོག །ཅེས་སྔོན་རྫོགས་པའི་སངས་རྒྱས་ཀྱིས་གཏེར་སྦས་ནས་མ་འོངས་པར་འགྲོ་དོན་བྱེད་ཚུལ་དང་། འཕགས་མཆོག་གོང་མ་རྣམས་ཀྱི་སྣང་སེམས་རོལ་གཅིག་ཏུ་འདྲེས་པའི་སྟོབས་ཀྱིས་བཀའ་རྟགས་ཕྱག་རྗེས་སོགས་བྱོན་པ་ཡིན་ལ། དེ་དག་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་བྱེད་པ་ཡིན་པས་དད་པའི་གནས་སུ་བསྟེན་པར་འོས་སོ། ། གསུམ་པ་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེས་པའི་ཚུལ་ལ། ཐོག་མ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་བསྟན་པ་སྤེལ་བའི་མཛད་པའི་སྐབས་སུ་ཐུགས་ཀ་ནས་འོད་ཟེར་བྱེ་བ་སྟོང་ཕྲག་དྲུག་ཅུ་སྤྲོས་པ་ལ་མཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སྟོན་པའི་སྐུ་བྱེ་བ་ཕྲག་བརྒྱ། རིགས་དྲུག་འདྲེན་པའི་གཤེན་དྲུག གླིང་བཞི་འདྲེན་པའི་གཤེན་བཞི་སོགས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པའི་དུས་སུ་སྐུ་མཚན་མཐའ་ཡས་པའི་འོད་ཀྱིས་ཁྱབ་པར་མཛད་ནས་བྱིན་གྱིས་བརླབས་པ་དང་། བར་དུ་གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་དང་འགྲོ་མགོན་ཚེ་དབང་རིག་འཛིན་སློབ་དཔོན་གཡུང་དྲུང་མཐོང་གྲོལ་ལས་ཅན་གྱི་སྐྱེས་བུ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་སོགས་གྲུབ་པའི་རིག་འཛིན་དུ་མས་ཞབས་ཀྱིས་བཅགས་ཤིང་སྒྲུབ་པའི་གནས་སུ་མཛད་ཅིང་གནས་བདག་སྲུང་མ་དང་བཅས་པ་བརྟན་བཞུགས་གསོལ་ཏེ་གནས་སྒོ་ཐོག་མ་འབྱེད་པ་གྲགས་སོ། །གཏེར་ལུང་ལས། དེ་ནས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ བྲག་ལ་སྦས་གནས་བྱིན་གྱིས་བརླབ་པའི་ཕྱིར༔ མངོན་སུམ་སྤྲུལ་པའི་སྐུ་དེ་བྲག་ལ་སྟིམ༔ རྩ་གསུམ་སྲུང་མའི་ཚོགས་ཀྱི་བརྟན་བཞུགས་གསོལ༔ ཀླུ་བཙན་སྤུན་གསུམ་གཏེར་སྲུང་དམ་བཞག་མཛད༔ ཞེས་གསུངས་སོ། ཁྱད་པར་དུ་དུས་རབས་བདུན་པ་ནས་བཟུང་འ་ཞའི་གདུང་ལས་གྲོལ་བའི་འགྲོ་མགོན་ཆེན་པོ་གྲུབ་ཐོབ་ནམ་མཁའ་ལྷུན་གྲུབ་ནས་འགྲོ་མགོན་བླ་རབས་རིམ་བྱོན་གྱིས་གསང་སྔགས་ཟབ་མོའི་སྒྲུབ་གནས་སུ་བསྙེན་ཞིང་བྱིན་གྱིས་བརླབས་པ་དང་གཞག་ཕོ་ཉ་སྤྲུལ་སྐུའི་བླ་རབས་རིམ་བྱོན་གྱིས་ཐུགས་དགོངས་ཟབ་མོས་བྱིན་གྱིས་བརླབས་པ་མ་ཟད་ཤར་རྫ་འཇའ་ལུས་པ་ཆེན་པོ་དང་གཏེར་ཆེན་གསང་གླིང་ཡབ་ཡུམ་དང་སུ་ལ་པཎྜི་ཏ་དང་གློང་གསལ་བདུད་འདུལ་སོགས་སྐྱེས་ཆེན་གྲངས་ལས་འདས་པ་བྱོན་ནས་སྒྲུབ་གནས་སུ་མཛད་པས་ཕྱིས་སུ་བན་བོན་རིས་མེད་ཀྱི་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་རིན་པོ་ཆེ་ལྟ་བུ་གྱུར་པ་ནི་ངོ་མཚར་སྲིད་ན་འབར་བའི་གཏམ་རྒྱུས་ལགས་སོ། །བཞི་པ་གནས་ལ་ཇི་ལྟར་སྐོར་བའི་ཚུལ་བསྟན་པ་ལ་གསུམ། དང་པོ་སྐོར་ལམ་ལ་སྟེང་སྐོར་དང་བར་སྐོར་དང་མཐའ་སྐོར་དང་གསུམ། དང་པོ་ནི་ཀུན་ཏུ་བཟང་པོའི་སྟེང་སྐོར་ཞེས་བྱ་སྟེ་གཡུང་དྲུང་སེམས་དཔའ་ལས་སོགས་རིམ་གཉིས་ཀྱི་རྣལ་འབྱོར་ཅི་རིགས་དང་ལྡན་པའི་སྒྲུབ་གཤེན་ཕོ་མོས་གནས་ཀྱི་སྟེང་ནས་འོད་གསལ་གྱི་ཉམས་སྐྱོང་བའི་ཚུལ་དུ་ཕྱོགས་གང་དུ་ཕྱིན་ཡང་སྐོར་བ་ལས་མ་འདས་པས་ཕལ་གྱི་སྤྱོད་ཡུལ་མིན་ནོ། །གཉིས་པ་ནི་གསང་བདག་ཞི་ཁྲོའི་ལྷ་ཚོགས་བར་སྐོར་ཞེས་བྱ་སྟེ་གནས་ཀྱི་མགུལ་ཙམ་ནས་བསྐོར་བའོ། །གསུམ་པ་ནི་གཙོ་འཁོར་ཡོངས་རྫོགས་མཐའ་སྐོར་ཞེས་བྱ་སྟེ་ཐོག་མ་ཕྱ་བ་ཞེས་པའི་གྲོང་ཚོ་དེ་ནས་འཇུག་སྟེ་གནས་རི་ཡན་ཡག་དང་བཅས་པ་མཐའ་ནས་བསྐོར་བ་དང་སེང་གེ་གནམ་རྫོང་གཅིག་པུའི་མཐའ་ནས་བསྐོར་བ་གཉིས་ཡོད། གཉིས་པ་བསྐོར་བའི་དུས་ནི་གོང་དུ་བཤད་པའི་ཐུགས་རྗེ་ཅན་དེ་རྣམས་ཀྱིས་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་འགྲོ་དོན་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་པས་དུས་ནམ་བསྐོར་ཡང་ཕན་ཡོན་དང་བྱིན་རླབས་ཆེ་བ་ཡིན་ཞིང་ངོས་བཟུང་མེད་ནའང་། སྟག་གི་ལོ་ནི་གནས་འདི་ཡི་གནས་འདུ་ཞེས་བྱ་སྟེ་དུས་འདི་ཉིད་ལ་གནས་བདག་དཔའ་བོ་མཁའ་འགྲོའི་ཚོགས་དང་འཛམ་གླིང་གི་གནས་ཐམས་ཅད་གནས་གཅིག་ཏུ་ཚོགས་སུ་འདུ་ཞིང་གསང་སྤྱོད་ལ་འཇུག་པའི་དུས་ཡིན་པས་འགྱུར་སྟོབས་ཆེ་བ་དང་། སྤྱིར་ན་རྫོགས་པའི་སངས་རྒྱས་དང་སྐྱེས་བུ་ཁྱད་པར་ཅན་འདས་འཁྲུངས་ཀྱི་དུས་དང་ཚེས་བཅུ་བཞི་དང་བཅོ་ལྔ་བཅུ་དྲུག་གསུམ་ལ་ཉ་གསུམ་ཞེས་མདོ་ལས་གསུང་པ་དང་ཚེས་བརྒྱད་དང་ཉི་ཤུ་གཉིས་གནམ་སྟོང་བཅས་ལ་དུས་ཁྱད་པར་ཅན་ཡིན་པས་དུས་དེ་རུ་ལྷ་དང་ཀླུ་དང་མི་དང་མི་མ་ཡིན་དང་གཟུགས་ཅན་གཟུགས་མེད་མཐུ་སྟོབས་དང་རྫུ་འཕྲུལ་ལྟ་སྤྱོད་ཁྱད་པར་ཅན་རྣམས་ཀྱིས་བདེ་བར་གཤེགས་པ་ལ་མཆོད་འབུལ་དང་ཕྱག་བསྐོར་བསྟོད་བཤགས་བོན་ཉན་བཤད་བྱེད་པའི་དུས་ཡིན་པས་འབུམ་འགྱུར་དུ་འགྲོ་བ་ཡིན་ནོ། །གསུམ་པ་སྐོར་ཚུལ་ནི་ལུས་གུས་པ་དང་ངག་གསོལ་འདེབས་དང་འཛབ་དབྱངས་ཡིད་མོས་གུས་དང་དག་སྣང་གི་སྒོ་ནས་བསྐོར་དགོས། འདུལ་བ་དང་མཐུན་པར་སྒོ་གསུམ་བག་ཡོད་དང་ལྡན་པ། བྱང་སེམས་དང་མཐུན་པར་སེམས་བསྐྱེད་རྣམ་དག་དང་ལྡན་པ། གསང་སྔགས་དང་མཐུན་པར་སྒོ་གསུམ་ཁྱེར་སོ་གསུམ་དང་མ་བྲལ་བའི་སྒོ་ནས་བསྐོར་བ་སྟེ་མདོར་ན་མི་དགེ་བའི་བསམ་སྦྱོར་ལུང་མ་བསྟན་གྱི་བྱ་བ་ཐམས་ཅད་སྤངས་ནས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པ་གལ་ཆེ། བྱང་བསྐོར་དང་ལྷོ་བསྐོར་གཉིས་གང་བྱས་ཀྱང་ཁྱད་པར་མེད་ནའང་། སྔོན་ཚེ་བྱང་སྐོར་ཁོ་ན་ལས་ལྷོ་སྐོར་བྱེད་པའི་སྲོལ་མེད་ལ། ཐོག་མར་ཕྱ་བ་ཞེས་པའི་གྲོང་སྡེ་ནས་འཇུག་ལ་གཙོ་འཁོར་ཡོངས་རྫོགས་བསྐོར་ནས་མཐའ་བསྐོར་ཁོ་ན་བྱེད་པ་གྲགས། འོ་ན་བྱང་སྐོར་བྱེད་ན་འབྲས་བུ་མི་འགྲུབ་སྟེ་བོན་སྐོར་ཡིན་པས་ཕྱི་པ་འགྱུར་ཞེ་ན། ཕྱི་པས་བྱང་སྐོར་མི་བྱེད་ཅིང་ལྷོ་སྐོར་བྱེད་པ་མངོན་སུམ་ཚད་གྲུབ་ཡིན་པ་གང་ཞིག བདེ་མཆོག་སོགས་ཕྱི་པ་འགྱུར་པ་ཐལ། བདེ་མཆོག་གི་སྔགས་ཕྲེང་བྱང་སྐོར་དུ་དགོས་པའི་ཕྱིར། ལྔ་པ་ཕན་ཡོན་ནི་མོས་གུས་གསོལ་འདེབས་དང་། ཏིང་འཛིན་བཟླས་བརྗོད་དང་། ཚོགས་འཁོར་གྱི་དགའ་སྟོན་དང། མཆོད་གཏོར་དམ་རྫས་དང་། བསང་གསོལ་གསེར་སྐྱེམས་དང་། ཡིག་བརྒྱ་བཤགས་སྡོམ་དང་། ཚོགས་བསགས་མཎྜལ་དང་། འདོད་གསོལ་སྨོན་ལམ་དང་། མི་རྟོག་ཏིང་འཛིན་སོགས་ཀྱི་སྒོ་ནས་བསྐོར་ན་བླ་མའི་བྱིན་རླབས་འཇུག་པ་དང་། ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར་བ་དང་། དཔའ་བོ་མཁའ་འགྲོས་སྡོང་གྲོགས་བྱེད་པ་དང་། བོན་སྐྱོངས་སྲུང་མས་འཕྲིན་ལས་སྒྲུབ་པ་དང་། དཔལ་མགོན་ཡུལ་ལྷས་མཐུན་རྐྱེན་སྒྲུབ་པ་དང་། ལས་ཉོན་སྡིག་སྒྲིབ་དག་པ་དང་། བསོད་ནམས་ཀྱི་ཚོགས་འཕེལ་བ་དང་། མཆོག་གི་དངོས་གྲུབ་ལ་སྦྱོར་བ་སོགས་བསྐོར་ཚུལ་སོ་སོར་དང་འབྲེལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མཆིས་སོ། །སྐོར་བ་བཅུ་ལ་སྐོར་ཚད་དང་སྐོར་ཚད་རེ་ལ་སྙིང་པོ་དུང་ཕྱུར་གཅིག་གི་ཕན་ཡོན་ཡོད་པ་དེ་ཉིད་ལས། རི་བོ་དེ་ལ་བསྐོར་བ་བཅུ་བྱས་ན༔ སྙིང་པོ་དུང་ཕྱུར་གཅིག་དང་མཉམ་པ་འགྱུར༔ ཞེས་གསུངས་སོ། །དེའི་ཕྱིར་ན་གང་ཞིག་དལ་རྟེན་རྙེད་པའི་སྐལ་ལྡན་ཕོ་མོ་སུ་ཡིན་ཀྱང་གནས་འདི་ཉིད་ལ་བརྟེན་ནས་སྒོ་སྣ་ཚོགས་ནས་ཚོགས་གཉིས་ཀྱི་རྣམ་དཀར་བསོག་པ་ལ་འབད་པ་ཁོ་ན་སྙིང་ནོར་དུ་འཆང་བར་འོས་སོ། །
སླར་སྨྲས་པ།
བཀོད་ལེགས་དབྱིབས་མཛེས་ལྟ་ན་སྡུག་པའི་རི་ཀླུང་དྲི་ལྡན་ནགས་ཚལ་དང་། །
བྱ་བྱེའུ་རི་དྭགས་སྤྲེའུ་མི་རྒོད་བག་ཕེབས་རྒྱུ་བའི་སྐྱིད་ཉམས་དང་། །
དབྱངས་བདུན་རྫོགས་པའི་ཁུ་བྱུག་བུ་མོའི་མགྲིན་གླུ་སྡེབ་པའི་སྙན་འགྱུར་སོགས། །
འགྲོ་བ་མི་ལ་དགའ་སྟོན་བསྐྲུན་པའི་འོག་མིན་ཞིང་གི་བཀོད་པ་མཛེས། །

དུས་བཞིའི་འགྲོས་སུ་ཞལ་བཞི་བསྟན་པ་ནི། །ཐམས་ཅད་མི་རྟག་གདམ་པའི་ངག་མིན་ནམ། །
དཀར་གསལ་བྲག་རིའི་འཛུམ་དཀར་བསྟན་པ་འདི། །སྐྱབས་སྦྱིན་བདག་དྲུང་ཤོག་ཅེས་འབོད་པ་ངེས། །

གནས་ཆེན་འདི་ཡི་བྱིན་རླབས་དྲི་ཆར་ལས། །གདུལ་བྱ་་སྨིན་གྲོལ་པདྨོ་འདབ་བརྒྱར་བཞད། །
ཉམས་དང་རྟོགས་པའི་སྦྲང་རྩིའི་མཚོ་མོ་འཁྱིལ། །སྐུ་བཞིའི་ནོར་བུ་དཔལ་པ་སྤྱོད་པར་ཤོག །

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།