གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་སྤྱི་སྨན་ཞབས་ཞུ་སྒྲུབ་ཕྱོགས་སྐོར།

0
1501
པར་པ་ཏི་སེའི་བུ།

སྨན་དཔྱད།༢ང་ཚོ་འགྲོ་བ་མི་ཞིག་འཇིག་རྟེན་ཁམས་འདིར་འཚོ་གནས་བྱེད་པ་ལ་གཞི་རྩའི་ཆ་རྐྱེན་ལ་ལུས་ངག་ཡིད་གསུམ་བདེ་ཐང་དགོས་པ་དེ་རེད། སེམས་ཀྱི་བདེ་ཐང་ནི་འདོད་ཆུང་ཆོག་ཤེས་དང་། བྱམས་སྙིང་རྗེ། གཞན་ཕན་གྱི་བསམ་བློ། སྟོང་ཉིད་རྟོགས་པའི་ཤེས་རབ་བཅས་ལས་འབྱུང་དགོས་པ་རེད་ལ། ངག་གི་བདེ་ཐང་ནི་ཚིག་རྩུབ་རྫུན་སྨྲ་སོགས་སྤངས་ནས་ཚིག་འཇམ་དང་། མཐུན་མཇུག་གི་གཏམ་དང་བདེ་བར་གཤེགས་པའི་གསུང་རབ་ཀློག་འདོན་བཅས་ལས་འབྱུང་དགོས། ལུས་ཀྱི་བདེ་ཐང་གི་རིང་རྒྱུ་ནི་སྲོག་གཅོད་སྤངས་ནས་སྲོག་སྐྱོབས་པ་དང་བརྡུང་རྡེག་སྤངས་ནས་གཞན་ལ་བྱམས་སྐྱོང་བྱེད་པ་བཅས་ཡིན། ཉེ་རྒྱུ་ནི་ད་ལྟའི་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་བརྟེན་ནས་འབྱུང་དགོས་པ་ཞིག་རེད། ལྷག་པར་དུ་དགེ་སྦྱོར་བ་དང་སློབ་གཉེར་བ་བཅས་ལ་ལུས་ཀྱི་བདེ་ཐང་མེད་ན་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་ཨང་དང་པོ་དེ་མ་ཚང་བ་ཡིན་པས། ང་ཚོའི་གཞུང་ནང་དུ་བྱང་ཆུབ་སྒྲུབ་པ་ལ་ལུས་རྟེན་དེ་གལ་ཆེན་པོ་བརྩིས་ནས་ལུས་འདུལ་བའི་ནད་ཀྱིས་མ་གནར་བ་དགོས་པར་གསུངས་ཡོད། དེས་ན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་འགྲོ་བའི་སྡུལ་བསྔལ་གྱི་ནད་ལས་སྐྱོབ་པའི་ཐབས་སུ་བོད་ལུགས་ཀྱི་གསོ་བ་རིག་པའི་སྒོ་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་། སྨན་ཁང་བཙུགས་གནང་ཡོད་པ་དང་། དེ་བཞིན་ཕྱི་ལུགས་ཀྱི་གསོ་བ་རིག་པའི་སྒོ་ནས་ནད་བཅོས་ཞབས་ཞུ་བསྒྲུབ་པའི་ཐབས་ལམ་དུ་སྒོ་བསྟེན་སྨན་ཁང་བཙུགས་ནས་མི་དམངས་དང་། སློབ་ཕྲུག དགེ་འདུན་པ་བཅས་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད་སྒོ་བསྟེན་སྨན་ཁང་གི་སྨན་པ་ཚེ་རིང་ལགས་ཀྱིས་རིན་མེད་ཐོག་འཆར་ཅན་དུ་སྨན་བཅོས་གནང་གི་ཡོད་པ་རེད། ང་ཚོ་ལ་དགྲ་མ་བྱུང་སྔོན་ནས་དགྲ་དྭོགས། ཆུ་མ་བྱུང་སྔོན་ནས་ཆུ་རག  ཟེར་བའི་དཔེ་ལྟར། ན་ཚ་ཆེན་པོ་མ་བྱུང་སྔོན་ནས་ན་ཚ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ང་ཚོས་ན་ཚ་སྔོན་འགོག་ལ་དོ་སྣང་མེད་པའི་རྐྱེན་གྱིས་འུ་མ་ཐུག་བར་སྨན་ཁང་དུ་བརྟག་དཔྱད་མ་བྱས་པའི་རྐྱེན་གྱིས། སྨན་བཅོས་འཕྱི་དྲགས་ཏེ་སྨན་བཅོས་ཀྱི་དཀའ་ལས་མང་པོ་ཞིག་འཕྲད་བཞིན་ཡོད་པ་རེད། དེ་ལྟ་བུའི་དགོས་པའི་སྒོ་དུ་མ་ལ་དམིགས་ནས་ད་ལན་ཁྲི་བརྟན་ནོར་བུ་རྩེའི་སྐབས་བརྒྱད་པའི་བཙའ་སྐྱོང་ལྷན་ཚོགས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་པས་གོ་སྒྲིག་ཞུས་ནས་དེ་རིང་སྟེ། ཕྱི་ལོ་ 2017 ཟླ་བ་ 04 ཚེས་15 ཉིན་ཕྱི་ལུགས་ཀྱི་སྨན་པ་གྲགས་ཅན་བལ་ཡུལ་པཱ་ཏྲིང་སྨན་ཁང་གི་སྨན་པ་ཡ་རྡིབ་ Doctor yadabe ལགས་གདན་འདྲེན་ཞུས་ནས་སྒོ་བསྟེན་སྨན་ཁང་དུ་རིན་མེད་ཐོག་དགོན་གྱི་གྲྭ་བཙུན་དང་སློབ་ཕྲུག ལྷ་སྡེ་མི་དམངས་བཅས་ལ་ཕྱི་ལུགས་གསོ་བ་རིག་པའི་སྒོ་ནས་བརྟག་དཔྱད་དང་སྨན་བཅོས་གནང་སོང་ལ། ན་ཚ་སྔོན་འགོག་དང་ནད་པར་སྨན་བཅོས་ཀྱི་ལས་གཞི་འདི་མུ་མཐུད་ནས་ཟླ་བ་གཉིས་རེའི་ནང་སྨན་པ་ཆེ་ཁག་གདན་འདྲེན་ཞུ་ནས་བརྟག་དཔྱད་དང་། སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་འདི་ཁྱུང་ཁྲི་ལྡེས་ 2017 ཟླ་བ་་04 ཚེས་ 15 ཉིན་སྤེལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།