བོན་དཔེ་དྲི་མེད་གཟི་བརྗིད་པོད་གསུམ་པའི་མཚམས་སྦྱོར།

0
1717
ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་དུ་ཡོད་པའི་གཟི་བརྗིད་དཔེ་རྙིང་གི་དབུ་ལྡེབ།

མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གསུམ་པའི་ནང་དུ་གཤེན་རབ་དགུང་ལོ་གསུམ་ནས་དྲུག་བར་གྱི་མཛད་རྣམ་གསལ་ཞིང་།  སྤྱིར་གཟི་བརྗིད་ལེའུ་དྲུག་ཅུ་རེ་གཅིག་ཡོད་པ་ལས། ལེའུ་བཅུ་པ་སྲིད་གཤེན་ཐེག་པ་གཏན་ལ་ཕབ་པའི་མདོ་དང་།  ལེའུ་བཅུ་གཅིག་པ་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་གྱི་དོན་བསྟན་པའི་མདོ་དང་། ལེའུ་བཅུ་གཉིས་པ་དགེ་བསྙེན་གྱི་ཐེག་པ་བསྟན་པའི་མདོ་དང་། ལེའུ་བཅུ་གསུམ་པ་དྲང་སྲོང་ཐེག་པ་བསྟན་པའི་མདོ་བཅས་ཁྱོན་ལེའུ་བཞི་ཡོད་པ་ལས།

<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ཐེག་པ་བཞི་པ་སྲིད་གཤེན་གྱི་བོན་གཏན་ལ་ཕབ་པའི་མདོ་>>ཡི་ནང་དུ། རྒྱལ་བུ་སྟོན་པ་གཤེན་རབ་དེ། དགུང་ལོ་གསུམ་གྱི་སྐབས་ཕྱི་རོལ་གྱི་ཞིང་ཁམས་སུ། ཡབ་རྒྱལ་བོན་ཐོད་དཀར་བཞིན། རྒྱ་མཚོ་ལ་སྐུ་ཁྲུས་བྱེད་པ་དང་། གྲོང་ཁྱེར་ལ་ཞབས་ཀྱིས་འཆག་པ་དང་། ཞང་མེས་ལ་ཞེ་ས་འབུལ་བ་དང་། ཞིང་ཁམས་ལ་ལྟད་མོ་ལྟ་བ་དང་། བསྟན་པ་སྤེལ་བ་རུ་དགོངས་ནས། མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ། གྲོང་ཁྱེར་ལང་ལིང་དུ་ཞབས་བཅགས་ཤིང། འཇིག་རྟེན་མངའ་དབང་ཅན་རྣམས་ཀྱིས་ཡི་རང་གིས་ཞེ་ས་ཕུལ། གྲོང་ཁྱེར་དབུས་སུ་གསས་ཁང་ཁོ་མ་རུ་རིང་བཞེངས། རྒྱལ་པོ་ས་ལའི་སྲས་པོ་རྒྱལ་བུ་གསལ་ཁྱབ་དང་། སྲས་རྒྱལ་བུ་འོད་མཛེས་འཁོར་བཅས་ཀྱིས་ཞབས་ནས་བཏེགས་པས་སྔོན་གཏོ་རྒྱལ་ཡེ་མཁྱེན་གྱིས་སྨོན་ལམ་ཐེབས་པའི་མེས་པོ་ས་ལ་ལ་སོགས་ལས་འཕྲོ་ཅན་མང་པོ་སྨིན་གྲོལ་གྱི་འབྲས་བུ་མངོན་དུ་བརྙེས་སོ། །

དགུང་ལོ་བཞི་བཞེས་ནས་སྲིད་པ་ཡེ་ཁྲི་བདལ་འོད་ཀྱི་བུ་སྲིད་གཤེན་གཙུག་ཕུད་ལ་སྲིད་གཤེན་ཐེག་པ་བསྟན་ཏེ། སྲིད་གཤེན་གྱི་སྒྲ་དོན་ནི། སྲི༵ད་ནི་ཐམས་ཅད་སྲིད་པས་སྲིད། །གཤེ༵ན་ནི་དེ་དག་འདུལ་བས་གཤེན། །ཞེས་དང་། འཇུག་སྒོའི་རིམ་པ་ནི། ལྟ་བ་བླ་ཡིད་སེམས་དང་གསུམ། །སྡུད་ཅིང་ཐར་པར་འདྲེན་པར་ལྟ། །སྒོམ་པ་བདག་གཞན་གཉིས་མེད་དོན། །བཏང་སྙོམས་ཆེན་པོའི་ཏིང་འཛིན་བསྒོམ། །སྤྱོད་པ་འགྲོ་བ་ཐམས་ཅད་ལ། །བྱམས་དང་བརྩེ་བའི་ངང་ཚུལ་བྱ། །འབྲས་བུ་ཡེ་ཤེས་ཐེག་པ་སྙེག །ལྷ་ནི་འདུར་སྲས་རྨ་བོ་བསྒོམས། །སྲིད་གཤེན་གཙུག་ཕུད་ཐུགས་ལ་ཞོག །ཞེས་གསུངས་ནས་སྲིད་གཤེན་ཐེག་པའི་སྒོ་ནས་ཤི་བ་འདུར་ཐབས་བསྟན་པ་འདི་ལྟར། རྒན་པ་རྣམས་ལ་བཀྲ་འདུར་བྱ། །བཀྲ་འདུལ་ཡག་ན་རྗེས་ཤུལ་དར། །གཞོན་པ་རྣམས་ལ་སྟག་འདུར་བྱ། །སྟག་འདུར་ཡག་ན་ཚེ་དཔལ་བསྐྱེད། །ཆུང་བ་རྣམས་ལ་སྲི་འདུར་བྱ། །སྲི་འདུལ་ཡག་ན་རིགས་རྒྱུད་འཕེལ། །གྲི་རྒོད་རྣམས་ལ་གྲི་འདུལ་བྱ། །གྲི་འདུར་ཡག་ན་གཞོན་སྲི་ཐུལ། ཞེས་པས་འདུར་གྱི་དགོས་དམིགས་དང་འདུར་ཐབས་བཅས་གསུངས་ནས་གཉེར་གཏད་མཛད་པའི་སྐོར་ཡོད།

ལེའུ་བཅུ་པ་<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་གྱི་ཆོ་ག>> ནི་སྔོན་གྲོང་ཁྱེར་ལང་ལིང་དུ་གསས་ཁང་ཁོ་མ་རུ་རིང་བཞེངས་པ་དེ་ལ་རབ་གནས་ཀྱི་ཆོ་ག་མཛད་ཕྱིར་གསུང་ཤིང། །དེ་ཡང་ཀུན་དབྱིངས་དཀྱིལ་འཁོར་གྱི་སྒྲ་དོན་འདི་ལྟར། ཀུ༵ན་ནི་མ་ལུས་འདུས་པའི་ཀུན། །དབྱི༵ངས་ནི་ཐམས་ཅད་འབྱུང་བས་དབྱིངས། །དཀྱི༵ལ་ནི་ཞིང་ཁམས་རྫོགས་པའི་དཀྱིལ། །འཁོ༵ར་ནི་གཙོ་འཁོར་ལྡན་པའི་འཁོར། །ཞེས་དང་། སྔོན་དངོས་རྗེས་ཀྱི་བྱ་བ་རྫོགས་པར་མཛད་ནས་འཁོར་གྱི་དམ་པ་ཚངས་པ་གཙུག་ཕུད་ལ་བསྟན་པའི་གཉེར་དུ་གཏད་པའི་སྐོར་ཡོད།

ལེའུ་བཅུ་གཅིག་པ<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་དགེ་བསྙེན་གྱི་ཐེག་པ་གཏན་ལ་ཕབ་པའི་མདོ་>>ཡི་ཆོ་ག་ནི་གཤེན་རབ་དགུང་ལོ་ལྔ་ལོན་ནས་གཡུང་དྲུང་དགུ་བརྩེགས་ཀྱི་ཤར་ཕྱོགས་གཡུང་དྲུང་བཀོད་པའི་གླིང་ཆེན་དུ་བྱོན་ནས་དགེ་བཅུ་ཚད་མར་བསྲུང་ཞིང་སྡིག་བཅུ་སྤང་བའི་ཕྱིར་དུ་གསུངས། དགེ་བསྙེན་གྱི་སྒྲ་དོན་དང་འཇུག་སྒོ་ནི། དགེ༵་ཞེས་བྱ་བ་སྡིག་པ་མེད། །ལུས་ངག་ཡིད་གསུམ་དགེ་བར་བཀོལ། །དང་དུ་བླང་པའི་དགེ་བ་ཞེས། །བསྙེ༵ན་ཞེས་བྱ་བ་ཡང་དག་དོན། །ཕྱིན་ཅི་མ་ལོག་བསྙེན་པས་བསྙེན། །དགེ་ལ་བསྙེན་ཞིང་ཚུལ་ལ་གནས། །ཡང་དག་དོན་ལ་འཇུག་སྤྱོད་དོ། །ཞེས་དང་། སྔོན་དངོས་རྗེས་ཀྱི་ལས་ཆོག་རྫོགས་པར་གསུངས་ནས་ཚངས་པ་གཙུག་ཕུད་ལ་གཉེར་དུ་གཏད་པའི་སྐོར་ཡོད།

<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ཐེག་པ་དྲུག་པ་དྲང་སྲོང་ཐེག་པ་གཏན་ལ་ཕབ་པའི་མདོ་>>ནི་གཤེན་རབ་དགུང་ལོ་དྲུག་བཞེས་སྐབས་སུ་འོལ་མོ་གླིང་ཆེན་གྱི་ནུབ་ཕྱོགས་གྲོང་ཁྱེར་སྤྲོས་ལྡན་གྱི་དབུས། འདུལ་བ་ཁྲིམས་ཀྱི་གླིང་དུ་གཤེན་འཁོར་རྣམ་དག་གཙུག་ཕུད་སོགས་ལ་གསུངས། དྲང་སྲོང་གི་སྒྲ་དོན་ནི། དྲ༵ང་ནི་དྲང་པོར་སྤྱོད་པས་དྲང་། །སྲོ༵ང་ནི་རྒྱུ་འབྲས་བསྲུང་བས་སྲོང་། །ཞེས་དང་། འཇུག་སྒོ་དང་དགོས་དམིགས་ནི། ལམ་ནི་སྤོང་ལམ་སྒོ་རུ་འཇུག །ཐབས་ནི་ཚུལ་དང་ལྡན་པར་བྱ། །དོན་ནི་གྲངས་མེད་ཚོགས་རྫོགས་ཤིང་། །གྲངས་མེད་སྒྲིབ་པ་སྦྱང་བར་མངོན། །ཡོན་ཏན་མ་བརྩལ་ལྷུན་རྫོགས་ལ། །གང་ལྟར་སྨོན་པ་དེ་བཞིན་འགྲུབ། །འབྲས་བུ་མངོན་སངས་རྒྱ་བ་འཐོབ། ཞེས་དང་། སྲང་སྲོང་ཐེག་པའི་བོན་གྱི་འབུམ་སྡེ་ཆེན་པོ་བཞི་ནི། བྱེ་མ་ཉི་ཁྲི་རྒྱུན་གྱི་འབུམ། །ཤེས་རབ་ཕར་ཕྱིན་ཡུམ་གྱི་འབུམ། །ཁམས་བརྒྱད་རིག་པ་གཏན་འབེབ་འབུམ། །རྣམ་དག་འདུལ་བ་ཁྲིམས་ཀྱི་འབུམ་བཅས་ཡིན། སྟོན་པས་དྲང་སྲོང་ཐེག་པའི་སྤང་བླང་གི་བསླབ་བྱ་རྫོགས་པར་བསྟན་རྗེས་འཁོར་རྣམས་ཀྱིས་ཡིད་རང་ཕུལ་བ་བཅས་ཀྱི་སྐོར་འཁོད་ཡོད།

ཏི་སེའི་བུ་ནས།༢༠༡༧།༠༦།༠༤ཉིན།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།