གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོག་བརྗོད་ཉུང་གསལ་བཞུགས།

0
1721
པར་པ་པར་ཆས།

མཛད་པ་པོ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ།

མཐའ་བྲལ་དག་པ་གཉིས་ལྡན་དབྱིངས་ཀློང་ནས།།

རབ་གསལ་ཡེ་ཤེས་ཕུང་པོ་ལོངས་སྐུར་བཞེངས།།

སྣ་ཚོགས་འགྲོ་ངོར་སྤྲུལ་པའི་ཟློས་གར་འབུམ།།

ཐབས་མཁས་སྲིད་པའི་རྒྱལ་བཅས་གཙོ་བོ་བཞི།།

རྫོགས་པའི་སངས་རྒྱས་སྲིད་པའི་རྒྱལ་པོ་ཡིས།།

འབྱུང་ལྔའི་བདག་ཉིད་ལྷ་ལྔའི་བཀོད་པ་མཛད།།

དེ་ཡིས་བོན་འཁོར་རིག་པའི་གནས་ལྔ་བསྐོར།།

སྐྱེ་དགུའི་རྨོངས་པའི་དྲ་བ་ཡོངས་སུ་བཀྲལ།།

འགྲོ་བའི་གཟུགས་དབྱིབས་ཁ་དོག་ཇི་ལྟར་རུང་།།

སེམས་ཀྱི་བདེ་སྡུག་ཚོར་བ་མཚུངས་ཤེས་ཏེ།།

ཕན་བདེའི་འཕྲིན་ལས་བཀོད་པ་བསམ་ཡས་ཀྱིས།།

གནས་སྐབས་མཐར་ཐུག་ཀུན་སྐྱོང་རྒྱལ་བའི་བསྟན།།

གཞུང་འདིར་གཡེན་སྡེ་ལོ་ཟླ་འབྱུང་བ་ལ།།

བརྟེན་པའི་སེམས་ཅན་བསམ་འདས་ཚོགས་རྣམས་ལ།།

ཕན་བདེའི་འཕྲིན་ལས་རྒྱ་ཆེར་གསུངས་པ་དག །

མ་མཐོང་མེད་པར་སྨྲ་ལ་འདི་མི་མཁོ།།

རྣམ་ཀུན་སྒྲིབ་མེད་གཟིགས་པའི་སྤྱན་མངའ་བ།།

གང་གིས་བསྟན་པའི་ལམ་ཁྲིད་འདི་ལས་གཞན།།

མི་སྲིད་པས་ན་ལོག་སྨྲ་ཁྱོད་ཀྱི་དབྱངས།།

ཇི་ལྟར་བདོ་ཡང་སྒྲ་འཛིན་བཀག་བཞིན་གནས།།

སྟོབས་ཆེན་འབྱུང་བའི་ནུས་ཤུགས་མཉམ་མིན་གྱིས།།

ཆོ་འཕྲུལ་གོད་ཆགས་བཅུད་ཀྱི་འགྲོ་ལ་འབེབ།།

དེ་དག་ཆ་ལ་འགོད་ཅིང་བདེ་བའི་ཆེད།།

རྫོགས་སངས་རྒྱས་པས་བོན་སྒོ་བསམ་ཡས་གསུངས།།

ཇི་ལྟར་གསུངས་པའི་རྗེས་སུ་ངེས་ཞུགས་ན།།

ཕན་བདེའི་འབྲས་བུ་གཡུར་བ་དངོས་པོའི་གཤིས།།

དེའི་ཕྱིར་འབྱུང་བ་རིག་པའི་ལྷ་ཚོགས་ལ།།

དད་པས་མཆོད་སྤྲིན་འབུལ་ཕྱིར་གཞུང་འདི་བཀོད།།

དེ་ལ་འདིར་བསྐལ་ཆེན་གྱི་སྟོན་པ་འགྲོ་བའི་དོན་ལ་བྱོན་པའི་ཚུལ་ནི། ཡུལ་གང་དུ་བྱོན། གདུལ་བྱ་གང་གི་ཆེད་དུ་བྱོན། འདུལ་བྱེད་སྟོན་པ་ཇི་ལྟར་བྱོན། གདུལ་བྱ་ལ་བོན་ཇི་ལྟར་གསུངས་པའོ། །དང་པོ་ནི། ཀུན་འབུམ་ཁྲ་བོ་ལས། ལྷ་ཡི་ལུང་ནི་བསྡུས། སྲིད་པའི་རྒྱུད་ནི་བཤིགས། སྟོན་པའི་བསྟན་པ་ནི་གཤེགས། ས་བདག་གི་མངའ་དབང་ནི་འདས་སོ། །དེ་ནས་བར་གྱི་བསྐལ་པ་ཉི་ཤུས་མཐོ་བཅད་དང་། ཟུར་བསྙལ་ཙམ་ཞིག་གནས། དུས་འདི། སྲིད་པ་འདི། འབྱུང་བ་འདི། བསྐལ་པ་འདི་ལ། ཞེས་པས། ཕྱི་ཡི་སྣོད་ཀྱི་འཇིག་རྟེན་ཆགས་འཇིག་གི་དུས་དང་། གཉིས་པ་ནི། ནང་གི་བཅུད་ཀྱི་འགྲོ་བ་རྣམས། ཀུན་འབུམ་ལས། ཁམས་སུམ་ལས་ཀྱིས་འཁོར་བའི་སེམས་ཅན་རྣམས། །ངེས་པའི་དོན་དམ་མ་རྟོགས་སྡུག་བསྔལ་སྤྱོད། །སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བཞི་ལས། །ཐར་པའི་དུས་མེད་མཚོ་དཀྱིལ་གྲུ་ཞིག་འདྲ། །ཞེས་དང་། ཁམས་གསུམ་ལས་ཀྱིས་འཁོར་བའི་སེམས་ཅན་ཉོན་མོངས་འདི། །ངེས་དོན་བསྟན་ཀྱང་མི་གོ་ཤིན་ཏུ་རྨོངས། །བདུད་ཀྱི་ཆུ་བཞིས་ཐར་མེད་སྦྱོང་བ་ལ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་སེམས་ཅན་རྣམས་ཀྱི་ཆེད་དུའོ།། གསུམ་པ་ནི། བསྐལ་ཆེན་གྱི་སྟོན་པ་འགྲོ་དོན་ལ་འབྱོན་དུས། བདེ་བར་གཤེགས་པ་གཙོ་བོ་བཞི་ཡི་ཚུལ་དུ་འབྱོན། དེ་བཞི་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་འབྱོན། གཙོ་བོ་བཞི་ནི། ལྷ་མོ་ས་ཏྲིག་ཨེར་སངས། ལྷ་ཆེན་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། སྟོན་པ་གཤེན་རབ་དང་བཞིའོ། །ལྷ་མོ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་གཞིའམ་ངོ་བོ་དང་། ངོ་བོ་ཉིད་ཀྱི་སྐུ་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ལས། དབྱིངས་ཀྱི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་ཀློང་ནས་བདེ་བར་གཤེགས་པ་ཐམས་ཅད་དང་པོ་བྱུང་ཡང་ཀློང་དེ་ལས་བྱུང་། བར་དུ་གནས་ཀྱང་ཀློང་དེ་ལ་གནས། ཐ་མ་སངས་ཀྱང་ཀློང་དེ་ལ་སངས། ཞེས་གསུངས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་གཞི་དང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཡང་དེ་ཡིན་ཏེ། དེ་ཡི་བདག་ཉིད་མ་ཡིན་པའི་སངས་རྒྱས་མི་སྲིད་པའི་ཕྱིར། དེ་ལྟ་བུའི་སྐུ་ངོ་བོ་ཉིད་དེ་སངས་རྒྱས་ནང་ཕན་ཚུན་གྱི་མཁྱེན་ཡུལ་ལས་གདུལ་བྱ་གཞན་ལ་དངོས་སུ་དེ་ཡིས་འདུལ་ཐབས་ཞན་པས། གཟུགས་ཀྱི་སྐུ་གཤེན་ལྷ་འོད་དཀར་ཀློང་དེ་ལས་སྤྲུལ་པའམ་ཤར། གཤེན་ལྷ་དེ་ཉིད་ས་གནས་ཀྱི་འཕགས་པ་རྣམས་ཀྱི་སྟོན་པ་དང་སློབ་དཔོན་མཛད་པ་ལས་འགྲོ་བ་ཕལ་པའི་སྟོན་པ་མཛད་པའི་སྐབས་ཞན། དེས་ན་གདུལ་བྱ་ཕལ་པའི་ངོར་སྟོན་པ་གཤེན་རབ་མི་བོ་འགྲོ་བ་རང་མཐུན་གྱི་རྣམ་པར་སྤྲུལ། སྟོན་པ་དེས་ཀྱང་འགྲོ་བ་བདུད་ཀྱི་ཆུ་བཞིས་མནར་བའི་ལོག་སྲེད་ཅན། ངེས་དོན་བསྟན་ཀྱང་མི་གོ་བའི་རིགས་འདུལ་བའི་སྐབས་ཞན་ནས་ཐབས་ཀྱི་མཆོག་སྲིད་པ་སངས་པོ་འབུམ་ཁྲི་སྤྲུལ་ཏེ་ཐབས་ཤེས་ཟུང་དུ་སྦྲེལ་བ་ངོ་བོ་གཅིག་པའི་སྐུ་སྟེ། ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །གཅིག་བྱོན་ན་ནི་གཉིས་ཀ་འབྱོན། །གཅིག་ལྡོག་ན་ནི་གཉིས་ཀ་ལྡོག །གཞན་དུ་ན་ནི་དེ་ཉིད་དེ། །ཐབས་དང་ཤེས་རབ་མིན་པར་འགྱུར། །ཞེས་གསུངས། དཔལ་ཆེན་གྱི་ཁམས་འགྲེལ་ལས། ངོ་བོ་གཅིག་ལ་ཁྱད་པར་གསུམ་དང་ལྡན་པ་ཡང་འབྱུང་བ་སྟེ། གདུལ་བྱའི་ཞིང་ཁམས་གཅིག་ལ་ལྷ་གང་གིས་ཐུགས་རྗེས་འཛིན་པ་དང་། གཤེན་གང་གིས་སྟོན་པ་བྱེད་པ་དང་། སྲིད་པ་གང་གིས་རྒྱུད་སྤེལ་བ་གསུམ་འཛོམ་པར་འབྱུང་བ་སྟེ། དེ་ཡང་དང་པོ་གཉིས་ནི། འདུལ་བྱེད་ཐུགས་རྗེའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། གདུལ་བྱ་སེམས་ཅན་གྱི་དབང་དུ་བྱས་པ་སྟེ། དེ་ཡང་གདུལ་བར་བྱ་བའི་སེམས་ཅན་བསྟན་པའི་སྣོད་དུ་མི་རུང་ལ་ལོག་སྲེད་ཅན་གྱི་སྐྱེ་གནས་ལས་ལྡོག་པའི་དོན་དུ་གདུལ་བར་བྱ་བའི་སེམས་ཅན་བསྟན་པའི་སྣོད་རུང་བ་དཀར་པོའི་ས་བོན་ཅན་གྱི་བརྒྱུད་འཕེལ་བར་བྱ་བ་ནི། སྲིད་པའི་ཐུགས་རྗེ་སྟེ། ཞེས་དང་། དེ་ལྟར་ལྷ་གཤེན་སྲིད་པ་གསུམ་རེས་འགྲོ་དོན་མཛད་པ་ནི། མདོ་སྡེ་བསྐལ་བཟང་སོགས་ལུང་དུ་མ་ལས་འབྱུང་བ་དང་། དེ་འདྲའི་ལྷ་མོ་ལྷ་ཆེན་སྲིད་པ་གཤེན་རབ་སྟེ་བདེ་བར་གཤེགས་པ་གཙོ་བོ་བཞི་ནི་ངོ་བོ་གཅིག་པ་ལ་གདུལ་བྱའི་དབང་གིས་རྣམ་པ་ཐ་དད་དུ་བསྟན་པའོ། །དཔེར་ན། གཤེན་རབ་ཀྱིས་གདུལ་ཞིང་རིགས་དྲུག་གི་གནས་སུ་འདུལ་གཤེན་དྲུག་སྤྲུལ་པ་ལྟ་བུའོ། །སྐབས་འདིར་སངས་རྒྱས་ཀྱི་ཞིང་ཁམས་དང་། འབྱུང་ལྔའི་ལྷ་དང་། རིག་པའི་འབྱུང་ཁུང་གི་ཚུལ་རྒྱུད་དོན་བཞིན་བཀོད་པ་ནི། ཀུན་འབུམ་ལས། བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས་དཀྱིལ་ན། ལྷ་ཡི་ཐུགས་རྗེ་བསྐྱེད་ནས་གཤེན་ལྷ་འོད་དཀར་གྱིས་གསས་ཆེན་རུ་བཞི་དང་། དབལ་ཚོགས་བསམ་དུ་མེད་པར་བསྐྱེད་དོ། །སྲིད་པའི་རྒྱུད་སྤེལ་བ་ནི། སངས་པོ་འབུམ་ཁྲིའི་སྐུ་ཡི་གནས་ལྔའི་ཐུགས་རྗེ་ལས་སྤྲུལ་པ་སྲས་ཕོ་དགུ་མོ་དགུ་ལས་སོགས་དཔག་ཏུ་མེད་པར་སྤྲུལ་ལོ། །གཤེན་རབ་ཀྱིས་སྤྲུལ་པ་ཕྱུང་ནས་འདུལ་བའི་གཤེན་བྱེ་བ་འབུམ་ཕྲག་གྲངས་མེད་པར་མཛད་དོ།། དེ་ཡང་ཡུལ་གནམ་གྱི་ཡབ་བླ་རུ། དགུང་གི་ཡང་སྟེང་། ཕྱྭ་ཡུལ་སྣང་བ་ཀླག་བཞི་ན། སྲིད་པའི་གནས་རིགས་ལྔ་ཞིག་ཡོད་དེ། གུང་དྲུག་ལྷ་རྩེ་སྲིད་པའི་ཡུལ་དང་གཅིག བར་ལྷ་འོད་གསལ་གནས་དང་གཉིས། འོག་མིན་ལྷ་ཡི་གནས་ཆེན་དང་གསུམ། མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དང་བཞི། སྲིད་པ་ཡེ་སངས་ཀྱི་ཡུལ་དང་ལྔའོ། །གུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱི་སྔོན་བུ་གཡུ་རྩེ་ཤེལ་གྱི་གསས་མཁར་ན། སྲིད་པ་རླབས་གཅོད་སྤྱི་རྗེའི་ཁྲི་སྟེང་ན། །སྲིད་པའི་རྒྱལ་པོ་སངས་པོ་སྐུར་བཞུགས་པས། །དག་པ་སྲིད་པའི་རྒྱལ་པོ་མུ་མེད་ལ། །ཀུན་རྫོབ་བདེན་པའི་འཁོར་ལོ་རྣམ་བཞི་སྟོན། །དོན་དམ་བདེན་པ་ཡེ་སྲིད་ཐེག་པ་ཡིས། །ཐར་པའི་ལམ་བརྒྱད་འབྱེད་པར་མཛད་པའོ། ། དེ་ཡིས་སྤྲུལ་པའི་སྐུ་མཆོག་བཞི་བསྐྱེད་དེ། །བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན། །རྩོད་བྲལ་ཕྱོགས་མེད་རྒྱལ་བའི་གསས་མཁར་དུ། །མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན། །སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ། །ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས། །བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ། །ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་མཁྱེན་ཐེག་པ་ཡིས། །མི་འཇིགས་སྟོབས་བཅུ་བསྐྱེད་པར་མཛད་པའོ།། འོག་མིན་ལྷ་ཡི་གནས་མཆོག་དམ་པ་ན། །འཕྲིན་ལས་ཀུན་འགྲུབ་སྔགས་ཀྱི་གསས་མཁར་དུ། །ཆུ་སྲིན་མ་ཧ་ཀ་རའི་ཁྲི་སྟེང་ན། །སྲིད་པ་ཡེ་མུ་རྒྱུང་ཕྱོད་ཞེས་ཀྱང་བྱ། །ཡེ་དབལ་མཐུ་སྟོབས་རྒྱལ་པོ་སྐུ་བཞུགས་ནས། །འོག་མེན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ། །ཀུན་རྫོབ་བདེན་པ་ནང་གི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་དབལ་ཐེག་པ་ཡིས། །ཏིང་འཛིན་ཡན་ལག་དྲུག་ཅུ་བསྐྱེད་པའོ།། མགོན་བཙུན་ཕྱ་ཡི་གྲོང་ཁྱེར་ཆེན་པོ་ན། །ཐུགས་རྗེ་ཀུན་སྐྱོབ་སྨན་གྱི་གསས་མཁར་དུ། །ནམ་མཁའི་བ་མོ་ཆེ་ཡི་གདན་ཁྲི་ལ། །སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ། །ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ནས། །བསྐོ་བ་དམ་པའི་ཕྱ་རྗེ་ཐམས་ཅད་ལ། །ཀུན་རྫོབ་བདེན་པ་གསོ་བ་རིག་པ་སྟོན། །དོན་དམ་བདེན་པ་ཡེ་རྗེ་ཐེག་པ་ཡིས། །གཤེན་རབ་ལམ་བཞི་བསྐྱེད་པར་མཛད་པའོ།། སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། །འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། །གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ན། །སྲིད་པ་བརྟེན་པའི་ས་འཛིན་ཞེས་ཀྱང་བྱ། །ཡེ་དབང་ས་ཡི་རྒྱལ་པོ་སྐུ་བཞུགས་པས། །སྲིད་པའི་འཁོར་སྡེ་བསམ་དུ་མེད་པ་ལ། །ཀུན་རྫོབ་བདེན་པ་ཕྱི་ཡི་རིག་པ་སྟོན། །དོན་དམ་བདེན་པ་ཡེ་དབང་ཐེག་པ་ཡིས། །ཡེ་ཤེས་དབང་པོ་དྲུག་ཉིད་བསྐྱེད་པའོ། །ཞེས་དང་། སངས་པོ་འབུམ་ཁྲིས་སྤྲུལ་པའི་སྐུ་བཞི་བསྐྱེད་པ་ནི། ཀུན་འབུམ་ལྡེབ་༼༤༢༧༽ལས། སྲིད་པ་ཐམས་ཅད་ཀྱི་མྱེས་པོ་ཆེན་པོ་དེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ཆེན་པོ་ལྔ་མཛད་དེ། སྐུ་ཡི་སྤྲུལ་པ་གཡུང་དྲུང་ཡེ་རྗེ་སྨོན་ལམ་གྱི་རྒྱལ་པོར་སྤྲུལ་ནས། སྨོན་ལམ་ཡིད་བཞིན་དུ་འགྲུབ་པ་དེས། ཡིད་ལ་ལུས་ཀྱི་སྨོན་ལམ་བཏབ་ནས། ལུས་ཀྱི་སྲིད་པ་ཆགས་པར་མཛད་དོ། །ད་ལྟ་ཡང་གསོ་བ་རིག་པ་ལུས་ཀྱི་མཚན་ཉིད་ལ་སྨྲ་བའོ།། གསུང་གི་སྤྲུལ་པ་ལས། གཡུང་དྲུང་ཡེ་སྲིད་སྒྲ་བླའི་རྒྱལ་པོར་སྤྲུལ་ནས། སྒྲ་ལ་དབང་སྒྱུར་བའི་སྲིད་པ་དེས། སྒྲ་ཡི་སྣང་བ་རང་གྲུབ་ཏུ་མཛད་པས། ད་ལྟ་ཡང་སྒྲ་རིག་པ་ངག་གི་མཚན་ཉིད་སྨྲ་བའོ།། ཐུགས་ལས་སངས་པོ་ཉིད་དུ་བྱུང་ནས། སྲིད་པ་ཐམས་ཅད་མི་འཁྲུག་པ་འབྱེད་པར་མཛད་པས། ད་ལྟ་ཡང་འཁོར་ལོ་རྣམ་བཞིའི་དོན་གྱི་མཚན་ཉིད་ལ་སྨྲ་བའོ།། ཡོན་ཏན་གྱི་སྤྲུལ་པ་ལས་གཡུང་དྲུང་ཡེ་དབང་གི་རྒྱལ་པོར་སྤྲུལ་ནས། ཡེ་ནས་དབང་པོ་ཐོབ་པའི་སྲིད་པ་ཆེན་པོ་དེས། ཡོན་ཏན་ལྷུན་གྲུབ་ཏུ་གྱུར་པ་འབྱུང་བ་ལྔ་ལ་མངའ་མཛད་པས། ད་ལྟ་ཡང་ཕྱི་རིག་པ་འབྱུང་བ་བེམ་པོ་སྣོད་ཀྱི་མཚན་ཉིད་ལ་སྨྲ་བའོ།། འཕྲིན་ལས་ཀྱི་སྤྲུལ་པ་ལས་གཡུང་དྲུང་ཡེ་དབལ་མཐུ་སྟོབས་ཀྱི་རྒྱལ་པོར་སྤྲུལ་ནས། སྲིད་པ་ཐམས་ཅད་མཐུ་བྱིན་སྟོབས་བསྐུར་བས། ད་ལྟ་ཡང་ནང་རིག་པ་བཅུད་ཀྱི་རིག་པ་དང་སྔགས་ཀྱི་མཚན་ཉིད་ལ་སྨྲ་བའོ།།   དེ་ཡི་ནང་ནས་ཀྱང་གཡུང་དྲུང་ཡེ་དབང་ས་ཡི་རྒྱལ་པོ་དེས། སྐུ་སྲིད་པའི་རྒྱལ་པོ་ཆེན་པོར་སྤྲུལ་ནས། གསུང་བདེན་པའི་བོན་དུ་སྟོན་ཞིང། ཐུགས་ཕྱི་རིག་པའི་གནས་ལ་གཟིགས་སོ། །ཕྱི་ཐམས་ཅད་ལ་བརྟག་པས་འབྱུང་བ་ལྔ་ལ་ཐུག་ནས། འབྱུང་བ་ཆེན་པོ་ལྔ་ཡི་ལྷ་ལྔར་བཀྱེ་བ་ཡིན་ཏེ། ཀུན་འབུམ་གོ་འབྱེད་ས་ཡི་ལྷ་དང་། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ་དང་། ཀུན་རིག་རྒྱས་པ་མེ་ཡི་ལྷ་དང་། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ་དང་། ཀུན་འཇོམ་རྒྱལ་པོ་ཆུ་ཡི་ལྷ་དང་། ལྷ་རུ་སྤྲུལ་པ་འགྱེད་དེ་སྲིད་པའི་རྒྱལ་པོ་ཆེན་པོ་མཛད་ནས། སེམས་ཅན་གྱི་དོན་ལ་བརྩོན་པར་བཞུགས་སོ། །ཞེས་དང་། ལུང་དེ་ཉིད་ལས། སྲིད་པའི་རྒྱལ་པོ་གཡུང་དྲུང་ཡེ་དབང་དེས། སངས་པོ་འབུམ་ཁྲིའི་མདུན་དུ་མེ་ཏོག་ཕུལ་ནས་ཞུས་པ། ཁམས་གསུམ་ལས་ཀྱིས་འཁོར་བའི་སེམས་ཅན་རྣམས། །ངེས་པའི་དོན་དམ་མ་རྟོགས་སྡུག་བསྔལ་སྤྱོད། །སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བཞི་ལས། །ཐར་པའི་དུས་མེད་མཚོ་དཀྱིལ་གྲུ་ཞིག་འདྲ། །དེ་ལ་བདག་གིས་ཕན་ཞིག་གདག་ལགས་ན། །ཐབས་ཀྱི་རྒྱལ་པོས་ཐབས་རྣམས་གང་མཐུན་པ། །དུས་ལ་བབས་སམ་བདག་ལ་བཤད་དུ་གསོལ། །ཞེས་ཞུས་པས། སངས་པོས་བཀའ་བསྩལ་པ། སྐྱེས་བུ་ཆེན་པོ་ཐབས་ལ་མཁས་པའི་མཆོག །གཡུང་དྲུང་ཡེ་དབང་ཞུས་པ་ཤིན་ཏུ་ལེགས། ཁྱོད་ཀྱིས་ཕན་གྱི་གདག་ལུགས་བསྟན་པ་ནི། །སྐུ་སྲིད་པའི་རྒྱལ་པོ་ཆེན་པོ་ཞིག་མཛད་པའི་དུས་ལ་བབས་པ་ཡིན། ཐུགས་ཀྱིས་སྤྲུལ་པ་སྲས་ཕོ་དགུ་མོ་དགུ། ཕོ་དབོན་མོ་དབོན་སུམ་བརྒྱ་རྩ་བརྒྱད། དབང་ཆེན་འཁོར་ལོ་སྒྱུར་བ་བརྒྱ་དང་བཅུ། འཕྲིན་ལས་མཐའ་ཡས་བསྒྲུབ་པ་ཉིས་བརྒྱ་དང་ཉི་ཤུ། ཐུགས་ཀྱི་སྡོང་འདེབས་བདུན་བརྒྱ་བཞི་བཅུ་དང་། དེ་ལས་གྱེས་པ་སྲིད་པའི་རྒྱལ་པོ་ནི། བསམ་དུ་མེད་པའི་ཚོགས་སུ་སྐུ་སྤྲུལ་ལ། སེམས་ཅན་དོན་བྱ་སངས་རྒྱས་ལས་ཡིན་པས། སྐྱེ་འགྲོའི་བློ་ཚོད་བསྟུན་ལ་འགྲོ་དོན་གྱིས། ཞེས་དང་། བདེར་གཤེགས་ཀུན་འབུམ་གོ་འབྱེད་ཀྱི་སྐུ་ཡི་ཆ་ལས་བྱུང་བའི་རྫས་བསྡུས་ཏེ། ཡི་གེ་དཔའ་བོ་འབྲུ་དགུ་བྲིས་ཏེ་འཇིག་རྟེན་སྐྱེད་པའི་སྨོན་ལམ་བཏབ། གསེར་གྱི་རུས་སྦལ་སེར་པོ་བྱུང་བ་དང་། རུས་སྦལ་དེ་ཡི་སྐྱེ་མཆེད་དང་ཕུང་ཁམས་སོགས་ལས། ས་ཡི་སྙིང་པོ་ཀུན་ཁྱབ་དང་། དེ་ལས་ས་ཡི་ཁྱབ་དགུ་སོགས་ས་བདག་གི་ཚོགས་དང་། ལོ་ཟླ་ཞག་དུས་ཐང་ཡུད་སྐད་ཅིག་སོགས་ཀྱི་ལྷ་དང་སྤྲུལ་པ་ཡང་སྤྲུལ་རྒྱལ་བློན་འབངས་འཁོར་གྱི་རྣམ་པའི་ས་བདག་འབྱུང་སྐྱོང་དྲེགས་པའི་ཚོགས་དང་། དར་རྒུད་གཟའ་སྐར་ཕྱོགས་སྐྱོང་སོགས་བྱུང་སྟེ་སྲིད་པའི་རྨང་གཞི་བྱེད་དོ། །མདོར་ན། ཀུན་འབུམ་རྒྱས་པའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་སོགས་ཡོད་པར་གསུངས། ཀུན་འདུལ་ལྕགས་ཀྱི་མགོན་ལྷ་ཉི་ཤུ་རྩ་དྲུག་དང་། དཀྱིལ་འཁོར་བར་ཁྱམས་སུ་འབྱུང་བ་ལྔ་ཡི་ས་བདག་དྲུག་ཅུ་ནི། བྱང་སྨད་དུ་འབྱུང་བའི་བྱི་བ་ལྔ། བྱང་ཤར་དུ་གླང་ལྔ། ཤར་སྟོད་དུ་སྟག་ལྔ། ཤར་སྨད་དུ་ཡོས་ལྔ། ལྷོ་ཤར་དུ་འབྲུག་ལྔ། ལྷོ་སྟོད་སྦྲུལ་ལྔ། ལྷོ་སྨད་དུ་རྟ་ལྔ། ལྷོ་ནུབ་ཏུ་ལུག་ལྔ། ནུབ་སྟོད་དུ་སྤྲེལ་ལྔ། ནུབ་སྨད་དུ་བྱ་ལྔ། བྱང་ནུབ་ཏུ་ཁྱི་ལྔ། བྱང་སྟོད་དུ་ཕག་ལྔ་དང་དྲུག་ཅུའོ། །དེ་རྗེས་སུ་གནམ་གྱི་ལྷ་ལྔ། ས་བདག་ལྔ། ཕྱོགས་སྐྱོང་ལྔ། དེ་རྗེས་སུ་འབྱུང་བ་ལྔ་ལ་རྟེན་བཅས་པའི་གདོན་ཆེན་ཉི་ཤུ་རྩ་ལྔ། འདི་དག་ལྷ་གཉན་རང་བཞིན་ཏེ། །མེ་དང་མེ་ཡི་ཚ་བ་ལྟར། །ནུས་པ་བཞི་ལ་ཤུགས་འབྱིན་པ། །སྣང་ཞིང་སྲིད་པ་ལྷ་འདྲེའི་ཚོགས། །བེམ་པོ་འབྱུང་ལྔའི་རང་བཞིན་ཅན། །དངོས་མེད་ཡིད་ཀྱི་རྟ་ལ་ཞོན། །མྱུར་མགྱོགས་གློག་གི་བང་རླབས་ཅན། །དཔའ་རྩལ་ནུས་མཐུ་ཐོག་དང་མཚུངས། །ཡོད་དངོས་སྣང་མཐའ་རྣམས་པར་འཇིགས། །མེད་དངོས་མཐའ་བྲལ་གནོད་རྟགས་སྟོན། །རིག་བཅས་སྟེར་ལོང་རེག་འཕྲད་དཀའ། །བདག་འཛིན་ཉོན་མོངས་ཡིད་དང་ལྡན། །ཁྱབ་པར་རྒྱུ་ཞིང་གནས་གཅིག་འཛིན། །ཡོངས་སུ་འབྱུང་བས་འབྱུང་པོའི་གདོན། །སྐྱེ་བ་རབ་དམན་ཡི་དྭགས་སྡེ། །བློ་སེམས་ཕྱིན་ལོག་གནོད་འགལ་མཛད། །རྒྱ་ཆེ་འགྲོ་བ་ཡོངས་ལ་ཁྱབ། །བསམ་འདས་གྲངས་མེད་གདུག་པ་སྟོན། །དམ་བཅས་གཉན་འཛིན་རང་སྲོག་བསྲུང་། །བཀའ་ཁྲིམས་གཞུང་བཟུང་འབྱུང་ལྔར་རྒྱུ། །ཕན་གནོད་ལས་མཛད་སྟོབས་པོ་ཆེ། །དེ་ལྟར་གསས་མཁར་དེ་ཡི་ཕྱི་རིམ་ན། །དཔལ་མགོན་གཉེན་པོ་བདུན་ཅུའི་ཚོགས། །དེ་རྣམས་ཀུན་འདུལ་ལྕགས་ལྷའི་སྐོར་རོ། །ལྕགས་ལྷའི་གཞུང་ས་འདུལ་དང་། འབྱོར་བ་རྒྱས་པ། འཁྲུག་རྩོད་ཞི་བ། ཡུལ་ཁམས་བཀྲ་ཤིས་བདེ་ལེགས་སོགས་ཀྱི་ཆེད་མཆོད་རྟེན་བཞེངས་པའི་སྐོར་འབྱུང་། ཀུན་སྒྲོལ་དབྱིངས་ཕྱུག་རླུང་ལྷའི་དཀྱིལ་འཁོར་གྱི་རྩ་བའི་ལྷ་ཉེར་དྲུག་དང་། དེ་ཡི་ཕྱི་ཁྱམས་སུ་འཁོད་པའི་ཚོགས་ལས། རྒྱུད་ལྟར། གཉིས་པ་ལོག་ལྟ་སུན་འབྱིན་པ་ལ་གསུམ་སྟེ། ལྟ་བ་ལོག་པ་དང་། སྤྱོད་པ་ལོག་པ་དང་། དེ་སུན་འབྱིན་པའོ། །དང་པོ་ནི། ཕྱི་རོལ་པའི་གྲུབ་མཐའ་ངན་པར་ཞུགས་པས་ལྷ་སྒོ་ཐམས་ཅད་ཕྱིན་ཅི་ལོག་པའོ། །གཉིས་པ་ནི། རང་གི་ཐེག་པར་ཞུགས་ནས་སྤྱོད་པས་ཁྲིམས་མ་ཐུབ་པས་ཆེད་དུ་བསྒོམས་ཀྱང་དོར་བར་གྱུར་པའོ།། གསུམ་པ་དེ་སུན་འབྱིན་པ་ལ་ཡང་གཉིས་ཏེ། དོན་གྱིས་དང་། ནུས་པས་སོ།། དང་པོ་ནི། ལྗོན་པ་དྲང་མཉེན་གྱི་ཚལ་དུ། ལྗོན་པ་སྐྱེས་ཀྱི་གླིང་ན། སྐྱེས་དཔལ་རྔ་མོང་གི་མགོ་ཅན་རྒྱལ་པོར་ཡོད་པ་ལ། ཕྱི་རོལ་པའི་ལོག་ལྟ་རྒྱལ་པོ་མཛད་ནས། དུས་དུས་སུ་ལོག་ལྟ་ཅན་ཐམས་ཅད་འཚོགས་ནས་ལྷ་མཆོད་པར་བྱེད་པ་ལ། སྟོན་པས་དེ་འདུལ་བའི་ཆེད་དུ་རྒྱལ་པོའི་གམ་ན། སྐྱེས་བུའི་ཆ་བྱད་བསྟན་ཏོ། །དེ་ལ་ཐམས་ཅད་ལྷར་རྟོགས་ཤིང་མཆོད་པ་བྱེད་པའི་ཚེ་ན། སྐྱེས་བུའི་ཆ་བྱད་ཅན་ནི་ཀུན་སྒྲོལ་རྒྱལ་པོའི་སྐུར་གྱུར་ནས། ལོག་ལྟ་ཅན་ཐམས་ཅད་སྐྲགས་པ་དང་། རེངས་པ་དང་། བརྒྱལ་བར་བྱས་སོ། །དེའི་ནང་ནས་ཀྱང་ལོག་ལྟའི་ཡིད་འགྱུར་བར་མི་ནུས་པའི་ལྗོན་པ་སྤྲེའུ་མགོའི་སྡེ་ནི། རྒྱལ་ཁམས་དང་བཅས་པ་གླིང་གཞན་དུ་སྐད་ཅིག་གིས་བསྐྲད་པར་བྱས་སོ།། འདུལ་བར་ནུས་པ་རྔ་མོང་གི་མགོ་ཅན་རྒྱལ་ཁམས་དང་བཅས་པ་བརྒྱལ་བ་སངས་ནས། ཕྱག་དང་མཆོད་པ་བྱས་ཤིང་གསུང་མཉན་ཞིང་བཀའ་ལས་མི་འདའ་བར་དམ་བཅས་ནས། སྟོན་པས་བརྩིག་ལ་དབབ་སྟེ། རྫུ་འཕྲུལ་གྱི་སྐུ་ཀུན་སྒྲོལ་རླུང་གི་ཆ་བྱད་ཅན་བཤིགས་ནས། ཕྱི་རོལ་པ་སྐྱེས་བུའི་གྲུབ་མཐའ་ལ་ལྟ་བ་སུན་ཕྱུངས་སོ།། དེ་ལ་སྟོན་པས་བཀའ་བསྩལ་པ། ཀྱེ་མ་ལྗོན་པ་སྐྱེས་དཔལ། འདི་ནས་དབུས་སུ་བསྒྲོད་པ་ཤིན་ཏུ་དཀའ་བ། དྲག་པོ་རླུང་གི་ཕོ་བྲང་ན། རླུང་གི་བོན་པོ་དྲག་ཤུགས་ཀྱི་རྫི་རླུང་ཅན་ཡོད་ཀྱི། དེ་ལ་བསྟན་པའི་སྙིང་པོ་རབ་ཏུ་ཞུས་ཤིག དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ལ་བསྟན་དུ་རུང་ཡང་། དེས་ནི་ལོག་རྟོག་གསུམ་རིམ་པ་དེ་འབྱོང་བར་བྱེད་དོ། །ཞེས་ལུང་བསྟན་ཏོ། །ལོག་རྟོག་གསུམ་ནི། ལུས་དང་སེམས་གཉིས་རྫས་གཅིག་པས་ལུས་ཞིག་པའི་འོག་ཏུ་སེམས་ཀྱང་ཆད་ནས་མེད་པར་བལྟ་བ་དང་གཅིག ཕྱི་ནང་གི་སྣོད་བཅུད་ཐམས་ཅད་གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་བུའི་རྣམ་འགྱུར་ལས་བྱུང་ཞིང་ཟག་བཅས་ཀྱི་མངོན་ཤེས་ཀྱིས་བལྟས་པས་སྣོད་བཅུད་རྣམས་གཙོ་བོའི་རྣམ་འགྱུར་ལས་བྱུང་བ་མ་ཡིན་པ་རྟོགས་ནས་སྣོད་བཅུད་དེ་རྣམས་རང་སར་དེངས་ནས་སྐྱེས་བུ་རང་དབང་དུ་གྱུར་པ་ནི། ཐར་པ་ཡིན་པར་ལྟ་བ་དང་གཉིས། བདེན་རྫུན་དགའ་སྡུག་ལེགས་ཉེས་ཐམས་ཅད་ལྷ་མཆོད་ལེགས་པས་བདེ་བ་དང་། མཆོད་མ་ལེགས་པས་མི་བདེ་བ་དང་སྡུག་བསྔལ་བྱེད་པར་འདོད་པའི་ལྟ་བ་དང་གསུམ་མོ། །ལོག་རྟོག་དང་པོ་ནི། སྐྱེ་བ་སྔ་ཕྱི་དང་མི་རྟག་ཤི་ཐབས་དང་འདུར་ཐབས་སོགས་བསྟན་པས་ཁེགས། གཉིས་པ་ནི། ཕྱི་རིག་པ་ཤེས་བྱའི་གནས་ལུགས་སོགས་ལས་འབྲས་འཐད་སྒྲུབ་ཀྱི་རིགས་པས་ཁེགས། གསུམ་པ་ནི། བྱེད་པོ་རྟག་བརྟན་མི་སྲིད་པར་སྒྲུབ་བྱེད་ཀྱི་རིགས་པ་དང་། དར་རྒུད་ཀྱི་རྟེན་འབྲེལ་ལ་བརྟེན་ནས་ཁེགས་སོ།   །ལོག་རྟོག་རྣམས་རིམ་བཞིན་ཁེགས་ཤིང་བརྟན་པ་ལྔ་པོ་ཐོབ་པར་གསུངས། བར་ཆོད་ལ་གསུམ་སྟེ། འཇིག་རྟེན་འདིར་ཚེ་ལུས་སྲོག་ལ་བར་དུ་གཅོད་པའི་དར་རྒུད་དང་། དེས་ལམ་ལ་བར་དུ་གཅོད་པ་དང་། དེ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའོ། །དེ་རྣམས་ཞི་བར་བྱེད་པ་ལ། གནས་དང་། ཞི་བ་དང་། བྱེད་པའོ། །དང་པོ་གནས་ནི། རང་གི་ལས་ཀྱི་རྣམ་པར་སྨིན་པས་ཡིད་རླུང་གི་རྟ་ལ་ཞོན་ཅིང་རང་ལ་གནས་པ་རང་གི་རང་ལ་ཕན་པ་དང་། གནོད་ཅིང་དར་རྒུད་བཅུ་གཉིས་སོ། །གཉིས་པ་ཞི་བ་ནི། འདི་ནི་འདི་ཡི་རང་བཞིན་སངས་པར་དཀའ་ལ་གཉུག་རིང་བར་དོ་ནས་ད་ལྟ་གནས་པ་དེ། བོན་འདིས་རང་ལ་རང་ཞིར་བྱེད་དོ། །གསུམ་པ་བྱེད་པ་ནི། ཀུན་སྒྲོལ་གྱིས་ལུས་འདི་ལ་བརྟེན་ཏེ་འདུར་བར་བྱེད་དོ། །དེ་ལས་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི་རྒྱལ་པོ་དྲེགས་པ་དྲུག་ཅུ། དེའི་རྒྱལ་པོ་ལས་ཀྱི་ཞིང་སྐྱོང་བཅུ་གཉིས། དེ་རྣམས་ཀྱི་རྒྱལ་པོ་ཀུན་སྒྲོལ་ཉིད་དོ། །དྲེགས་པ་དྲུག་ཅུ་ནི། དར་རྒུད་བཅུ་གཉིས་ལས། དབུགས་ལེན་ལ་ལྔ། ངོ་བོ་ནི་སྐྱེ་གནས་སྔ་མའི་ལུས་རྫོགས་པས་ཤེས་པ་རླུང་གི་རྟ་ལ་ཞོན་ནས་ཡོད་དེ་དར་རྒུད་ཐབས་ཀྱིས་བརྒྱུད་དོ། །མཐུན་དཔེ་ནི། དབུགས་རྒྱུ་མཚོ་རུ་རྐྱལ་ཞོན་པ་འདྲ། དེ་ཡི་ཕོ་ཉའམ་ལས་བྱེད་ནི། བདུད་ལྔའོ། །གནས་ནི། ར་བ་བཞིའོ། །གཟུངས་ནི་ཁྲི་སེག་ཅན། སྐྱེ་གནས་ཏེ་མངལ་གནས་ལ་ཡང་ལྔ། ངོ་བོ་ནི་སྐྱེ་སྒོ་བཞི་གང་རུང་ལ་གནས་བཅས་པའོ། །དཔེ་ནི། གནམ་བྱ་རྒྱར་འཐུམ་འདྲ། ལས་བྱེད་ནི་དམུ་ལྔའོ། །གཟུངས་ནི་མ་མ་ཧྲི་ཏི། སོགས་བཟླས་པས་སྲིད་མེད་པ་ལ་སྲིད་འཁོར་ཞིང་བུ་མེད་པ་ལ་བུ་སྐྱེ་བར་བྱེད་དོ།། གཟུགས་རྫོགས་ནི། ངོ་བོ་ལུས་ཀྱི་ཡན་ལག་གཟུགས་རྫོགས་པའོ། །དཔེ་ནི། སྐྱེས་བུ་རྒྱན་ཚང་འདྲའོ། །ལས་བྱེད་ནི། གཉན་ལྔའོ། །གནས་ནི་ཐ་ཆུང་བཞིའོ། །གཟུངས་ནི་ཧ་ར་ཅན། བཟླས་པས་གཟུགས་མ་རྫོགས་པ་རྫོགས་པར་འགྱུར་ཞིང་རྫོགས་པ་མི་ཉམས་ལ། ཁྱད་པར་དུ་མོའི་དབང་པོ་ལས་ཕོ་ཡི་དབང་པོར་འགྱུར་རོ།། བཙས་པའི་ངོ་བོ་ནི། སྐྱེ་གནས་ལས་ལུས་བཙས་པའོ། །དཔེ་ནི། ལྷ་བུ་སྦུབས་འབྱིན་འདྲའོ། །ལས་བྱེད་ནི་སྐྱོབ་པའི་ལྷ་ལྔའོ། །གནས་པ་ནི་ར་བ་བཞིའོ། །གཟུངས་ནི་སད་དོ་ཨ་མར། བཟླས་པས་སྲི་དང་གནོད་པ་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། ཁྲུས་བྱེད་ཀྱི་ངོ་བོ་ནི། ཁྲུས་བྱས་ལྷ་མཆོད་བདུད་བཀར་སྲི་མནན་སྲོག་མདའ་གཟུག་པའོ། །དཔེ་ནི། ཚན་གྱིས་དྲི་བསལ་འདྲའོ། །ལས་བྱེད་ནི། གཙང་མའི་ཀླུ་ལྔའོ། །གནས་ནི། འབྲིང་པོ་བཞིའོ། །གཟུངས་ནི་མུར་ཟངས་ན་ག གོས་གྱོན་ནི། ངོ་བོ་ནི། སྔ་མའི་བསོད་ནམས་ཀྱི་འཕྲོ་བླངས་ནས་བཟང་ངན་ལ་དར་དྲག་པར་སྤྱོད་དོ། །དཔེ་ནི། བུད་མེད་རྒྱན་རྫོགས་འདྲའོ། །ལས་བྱེད་ནི། འཇིག་རྟེན་རྒྱལ་པོ་ལྔའོ། །གནས་ནི། ཐ་ཆུང་བཞིའོ། །གཟུངས་ནི་ཝེར་རོ་གྷ་ཡ། ལས་བྱེད་པ་ནི། ངོ་བོ་ནི། སྔོན་གྱི་ལས་འཕྲོས་འཕངས་པའི་ལས་ཀྱི་ཤུལ་ལ་སྤྱོད་དོ། །ལས་བྱེད་དམ་ཕོ་ཉ་ནི། བཙན་ལྔའོ། །དཔེ་ནི། གཤེད་མས་བདས་པ་འདྲའོ། །གནས་ནི་ར་བ་བཞིའོ། །གཟུངས་ནི་ཨེ་ཧུར་ཐུམ་སོགས་སོ ཁབ་གནས་པའམ་དར་བ། ངོ་བོ་ནི། སྲིད་པར་ཀུན་ཏུ་སྦྱོར་བའོ། །དཔེ་ནི། ཤོ་དམ་རྒྱན་ཐོབ་འདྲ། ལས་བྱེད་ནི། འཇིག་རྟེན་གྱི་གནོད་སྦྱིན་ལྔའོ། །གནས་ནི། འབྲིང་པོ་བཞིའོ། །གཟུངས་ནི་ཡག་ཤ་སེ་ན་སོགས་སོ། རྒས་པ་དང་རྒུད་པ། ངོ་བོ་ནི། འབྱུང་བ་རྒུད་པས་ལུས་འཁོག་པའོ། །དཔེ་ནི། རྒུད་པ་ཤེས་མེད་འདྲའོ། །གནས་པ་ཐ་ཆུང་བཞིའོ། །ལས་བྱེད་ནི། སྲིད་པའི་བགེགས་ལྔའོ། །གཟུངས་ནི་ལིང་ལིང་དྷ་ཀི་སོགས་སོ།། ན་བ་ནི། ངོ་བོ་ནི། འདུ་བ་རྣམ་བཞི་བཙས་པའོ། །དཔེ་ནི། ནད་པ་ཉམ་ཐག་འདྲའོ། །ལས་བྱེད་ནི། སྲིད་པའི་སྲིན་པོ་ལྔའོ། །གནས་པ་ནི། ར་བ་བཞིའོ། །གཟུངས་ནི། རག་མོ་ཏྲགྴ། སོགས་སོ།། ཤི་བ་ནི། ངོ་བོ་ནི། ཚེ་ཟད་ནས་དུས་ཀྱི་འདུ་བྱེད་ཉམས་པའོ། །དཔེ་ནི། ཤི་བདག་གིས་བསད་པ་འདྲའོ། །ལས་བྱེད་ནི། འཆི་བདག་གི་གཤིན་རྗེ་ལྔའོ། །གནས་པ་ནི། འབྲིང་པོ་བཞིའོ། །གཟུངས་ནི། ཤིན་ཙོ་ཏ་ཀའོ།། དུས་ཞུགས་ནི། ངོ་བོ་བམ་ཆེན་སྲིད་པའི་དུར་དུ་འདེབས་པའོ། །དཔེ་ནི། དུར་ཁྲོད་གཅན་རོལ་འདྲའོ། །ལས་བྱེད་ནི། དུར་ཁྲོད་ཀྱི་མ་མོ་ལྔའོ། །གནས་པ་ཐ་ཆུང་བཞིའོ། །གཟུངས་ནི། མ་མ་མུ་མུ། སོགས་སོ།། སྟག་སྦྲུལ་སྤྲེལ་ཕག་བཞི་ནི། དར་རྒུད་ཀྱི་འགོ་ཟུག་པ་ཡིན་པ་དང་། གཉན་པའི་ཕྱིར་རོ།། གཞན་ཡང་ཕྱི་འཁོར་དུ་ལོ་ཁམས་དྲུག་ཅུ་རྩ་བརྒྱད་ཀྱི་བསྟོད་བསྐུལ་འབྱུང་བ་ནི། འབྱུང་བའི་ཁམས་བརྒྱད་འབྱུང་སྟེ། དེ་ནི་ཤར་ཤིང་ཁམས་རྒྱལ་པོ། ལྷོ་ཤར་རླུང་ཁམས་རྒྱལ་པོ། ལྷོ་མེ་ཁམས་རྒྱལ་པོ། ལྷོ་ནུབ་ས་ཁམས་རྒྱལ་པོ། ནུབ་ལྕགས་ཁམས་རྒྱལ་པོ། བྱང་ནུབ་གནམ་ཁམས་རྒྱལ་པོ། བྱང་ཆུ་ཁམས་རྒྱལ་པོ། བྱང་ཤར་རི་ཁམས་རྒྱལ་པོ། སྤར་ཁའི་མིང་མེད་ཀྱང་དོན་འདྲ་བ་བརྒྱད་ཀྱི་འཁོར་དུ་འབྱུང་ལྔའི་ཁྱད་ཀྱིས་ལོ་དྲུག་ཅུ་དང་། ཀུན་སྒྲོལ་དབྱིངས་ཕྱུག་གི་དཀྱིལ་འཁོར་ཕྱི་ནང་གི་སྐོར་རོ།། ཀུན་སྒྲོལ་གྱི་གཞུང་དུ་སྲུང་བཟློག་བསད་པའི་སྐོར་དང་། རིགས་བརྒྱུད་དཔལ་འབྱོར་སྲིའུ་གསོ་བ། དབང་ཐང་རླུང་རྟ་རྒྱས་པ་སོགས་རླུང་འཁོར་གྱི་ལས་འབྱུང་། ཀུན་འཇོམས་རྒྱལ་པོ་ཆུ་ཡི་ལྷ་དབྱིངས་ན་བཞུགས་པ་དེ་དངོས་སུ་བྱུང་བ་དང་། དངོས་སུ་ཆུ་ལྟར་བསྟན་པ་དང་། ཆུ་ལྷ་འབྱུང་བའི་ལྡེག་གནོན་དུ་བྱུང་བས་འགྲོ་དོན་མཛད་པའོ། །ཕྱི་ཞེས་བྱ་བ་ཐབས་ཀྱི་རང་བཞིན་སྣོད་ཀྱི་ཚོགས་སུ་གྱུར་པ་ནི། སྤྱིར་ན་འབྱུང་བ་ལྔའོ། །བྱེ་བྲག་ཏུ་དབྱེ་ན་དེ་དག་ཀྱང་ལོ་ཟླ་ཞག་དུས་ཐང་ཡུད་སྐད་ཅིག་སྐད་ཙམ་མོ། །ཁྱད་པར་དུ་བསྟན་ན་སྨེ་བ་དགུ། དེ་ལ་སྲིད་པ་མི་འགྱུར་བའི་ཞིང་ཁམས་དགུ། དེ་ལ་འཁྲས་བཅས་པའི་ཁམས་དགུ། དེ་འདུལ་བའི་གཉེན་པོ་ཆུ་ལྷ་དགུའོ། །རིག་པ་ཞེས་བྱ་བ་ཤེས་རབ་ཀྱི་རང་བཞིན་བཅུད་ཀྱི་ཚོགས་སུ་གྱུར་པ་ནི། སྤྱིར་ན་སེམས་དང་སེམས་ཅན་ལས་བྱུང་བའམ། བྱེ་བྲག་ཏུ་རྣམ་ཤེས་ཚོགས་བརྒྱད་དོ། །ཁྱད་པར་དུ་བསྟན་ན་དབང་པོ་ཆགས་པའི་རྟེན་ནོ། །ཀུན་འཇོམས་རྩ་བའི་ལྷ་ཉེར་བརྒྱད་དང་། ཕྱི་འཁོར་གདུལ་བྱ་འདུལ་བྱེད་ཀྱི་ཚོགས། རྒྱལ་པོའི་ཕོ་བྲང་ལ་རྒྱལ་ཁམས་འདུ་བ་ལྟར་ལ། ཞིང་ཁམས་ཉི་ཤུས་བསྐོར་བར་གྱུར་པ་ལ། གཅིག་དཀར་ཁམས་ལ་གནས་པའི་ལྷ། མདེའུ་ཐུང་བཙུན་མོ་སོགས་ཕྱི་ལྷ་དགོས་དགུ་དང་། ནང་ལྷ་གཡུང་བཅུ། གཉིས་ནག་ཁམས་ལ་གནས་པའི་བདུད་གཉིས། གསུམ་མཐིང་ཁམས་ལ་གནས་པའི་སྲིན་མོ་གསུམ། བཞི་ལྗང་ཁམས་ལ་གནས་པའི་ཀླུ་མོ་བཞི། ལྔ་སེར་ཁམས་ལ་དབང་སྒྱུར་ས་བདག་བདུན། དྲུག་དཀར་ཁམས་ལ་གནས་པའི་ཕྱ་བཙུན་དྲུག བདུན་དམར་ཁམས་ལ་གནས་པའི་བཙན་བཙུན་བདུན། བརྒྱད་དཀར་ཁམས་ལ་གནས་པའི་ལྷ་མོ་བརྒྱད། དགུ་དམར་ཁམས་ལ་གནས་པའི་གཡང་ལྕམ་དགུ། ཁམས་དགུར་གནས་པའི་གདོན་ཆེན་གདུག་པ་དགུ། ཁམས་དགུ་འགོ་བར་བྱེད་པའི་ལྷ་ཆེན་དགུ། ཁམས་དགུ་སྐྱོང་བར་བྱེད་པའི་སྲུང་མ་དགུ། ཤར་ཕྱོགས་ཤིང་ཁམས་རྒྱལ་དང་སྟག་ཡོས་བཅུ། ལྷོ་ཕྱོགས་མེ་ཁམས་རྒྱལ་དང་རྟ་སྦྲུལ་བཅུ། ནུབ་ཕྱོགས་ལྕགས་ཁམས་རྒྱལ་དང་བྱ་སྤྲེལ་བཅུ། བྱང་ཕྱོགས་ཆུ་ཁམས་རྒྱལ་དང་བྱི་ཕག་བཅུ། ལྷོ་ཤར་རླུང་ཁམས་རྒྱལ་པོ་འབྲུག་ལྔ་དང་། ལྷོ་ནུབ་ས་ཁམས་རྒྱལ་པོ་ལུག་ལྔ་དང་། བྱང་ནུབ་གནམ་ཁམས་རྒྱལ་པོ་ཁྱི་ལྔ་དང་། བྱང་ཤར་རི་ཁམས་རྒྱལ་པོ་གླང་ལྔ་གནས། ཀུན་འཇོམ་ཆུ་ལྷའི་ནང་ནད་གདོན་བྱད་ཁ་སྨེ་མནོལ་ཐམས་ཅད་ཁྲུས་ལྔས་སྦྱོང་བར་བྱེད་པ་དང་། ཚེ་དང་བསོད་ནམས་འཕེལ་བའི་ཐབས་སོགས་འབྱུང་། ཀུན་རིག་རྫུ་འཕྲུལ་མེ་ལྷ་བཞི་དང་། མེ་སྐྱོང་བརྒྱད་དང་། མེ་ལེན་ཆེན་མོ་བརྒྱད་དང་། ཤིང་ཐུ་མ་བཞི་དང་། རླུང་ལྷ་བཞི་དང་། སྒོ་མ་ཆེན་མོ་བཞི་དང་། ཕྱི་འཁོར་སྡེ་བརྒྱད་དགུ་བཅུ། འདིའི་ཡན་བདེ་བར་གཤེགས་པ་གཙོ་བོ་བཞི་དང་ཁྱད་པར་དུ་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིའི་ཐུགས་རྗེ་ཐབས་ལ་བརྟེན་ནས་གདུལ་ཞིང་ཕྱི་ནང་གི་བཀོད་པ་དང་། གདུལ་བྱ་འགྲོ་བའི་ཚོགས་དང་བསྟུན་ཏེ་གཉེན་པོར་སྤྲུལ་པ་དང་། ཕན་བདེ་ལ་བཀོད་པའི་ཐབས་བསྟན་པ་བཅས་སོ།། བཞི་པ་ནི། གདུལ་བྱའི་འགྲོ་བ་ཕལ་པ་གྲུབ་མཐས་བློ་མ་བསྒྱུར་བ་དག་ཇི་ལྟར་བསྟན་སྒོར་བཙུད་ནས་དགེ་བའི་ས་བོན་བསྐྲུན་པའི་ཚུལ་ནི། ཀུན་འཇོམ་ཆུ་ལྷ་ལས། གཡུང་དྲུང་བོན་ལ་བཀའ་རྒྱ་ཆེ་ཞིང་ལུང་གྲངས་མང་ན་ཡང་སྲིད་པའི་ཡེ་ཁོག་རིག་པའི་གནས་ལྔ་ཡིན་ཏེ། འདི་དག་མེད་ན་འགྲོ་བ་ཐམས་ཅད་དམུ་ལོང་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རིག་པའི་གནས་ལྔ་ལ་མཁས་པར་མ་བྱས་ན། རྒྱལ་སྲས་རྣམས་ཀྱང་ཐམས་ཅད་མཁྱེན་པ་ལ་རིང་བར་འགྱུར་རོ། །འདི་དང་ལྡན་ན་གང་ཟག་ཐ་མལ་གྱིས་ཀྱང་དོན་ཆེན་འགྲུབ་པར་ནུས་ཏེ། བཟོ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། རྡོ་ཤིང་གི་རྣམ་པ་ལས་ཀྱང་གཟུགས་བརྙན་དུ་ཕྱུང་ནས་འཕགས་རྒྱལ་རྣམས་ཀྱིས་ཀྱང་ཕྱག་གི་ཡུལ་དུ་སྤྲུལ་ནུས་སོ།། ཕྱི་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། ཕྱི་རོལ་གྱི་ཡུལ་ཐམས་ཅད་རིག་པའི་གནས་སུ་བཅད་ནས། སྣང་སྲིད་ཀྱི་བདེ་སྡུག་ལེགས་ཉེས་སིལ་བུར་སྟོན་ནུས་སོ། །གསོ་བ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། འཇིག་རྟེན་ས་རྡོ་རྩི་ཤིང་ཐམས་ཅད་སྨན་དུ་ཤེས་པར་བྱས་ནས། སྐྱེ་འགྲོ་སྲོག་དབུགས་ཀྱིས་བསྡུས་པའི་དཔལ་མགོན་དུ་བྱེད་ནུས་སོ།། ནང་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ནི། ནང་བཅུད་ཀྱི་སྐྱེ་བཞི་འགྲོ་དྲུག་རྟོག་དཔྱོད་ཀྱི་ཡུལ་དུ་བརྟག་ནས། མི་བཟོད་པའི་ཟུག་རྔུའི་ཉེས་པ་བསལ་ཏེ། མི་ལས་ལྷ་རུ་བསྒྲུབ་ནུས་སོ།། སྒྲ་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས། སྣོད་བཅུད་སྣང་གྲགས་ཀྱི་སྒྲ་ཚོགས་མཉན་ནས། བརྡ་མི་འཕྲོད་པའི་ཡུལ་རྣམས་སུ། རང་གི་རིག་པས་བརྡ་སྤྲོད་ཀྱི་དོན་ནུས་སོ།། ཚུལ་འདི་ལྟ་བུའི་ཐབས་ལ་བརྟེན་ཏེ། འགྲོ་བའི་གནས་སྐབས་སུ་ནད་ཀྱིས་མནར་བ་ལ་སྨན་དཔྱད་ཀྱིས་ཕན་པ་དང་། སྨན་དཔྱད་ཀྱིས་དུས་རྟག་ཏུ་གསོ་བ་མི་ནུས་པ་མཐོང་ནས། ཐབས་ཅི་དགོས་པ་མོ་དང་རྩིས་པྲ་རྨི་ལམ་ལྷ་ཡི་བཀའ་བབས་སོགས་གང་རུང་ལ་བརྟེན་ནས་གནོད་བྱེད་ངོས་བཟུང་། ཇི་ལྟར་ངོས་བཟུང་བ་དེ་དག་ལ་ཕན་བྱེད་གཏོ་ཐབས་གང་འོས་པ་བསྒྲུབ། དེ་ལྟར་ཕན་གནོད་བྱེད་པོ་ནི། རང་གི་ལས་ཀྱི་རྣམ་པར་སྨིན་པ་དང་། འཕྲལ་དུ་བྱུང་བའི་རྐྱེན་ནི་གོང་གི་གཏོ་ཡི་ལས་ཚོགས་སུ་བཤད་པའི་ལོ་དང་ས་བདག་སྤར་ཁ་སྨེ་བ་ལོ་དྲུག་ཅུ་གཡེན་སྡེའི་ཚོགས་ལ་མཆོད་བཤགས་བྱེད་པ་དང་། ཕྱ་གཡང་ཚེ་ཡི་དངོས་གྲུབ་ཞུ་བ་སོགས་ཀྱི་ཐབས་ལ་བརྟེན། འགྲོ་བ་མི་ཡི་འཚོ་རྟེན། འབྲས་དྲུག་སྐྱེ་འཕེལ་ཕྱུགས་ལུག་གསོ་སྐྱོང་། ཚོང་ཁ་སྡེབ་སྦྱོར་སོགས་དང་། ལོ་དུས་ཀྱི་ཆར་ཆུ་སོགས་སྐབས་སུ་འོང་ཞིང་སྙོམ་པ་དང་། ནད་མུག་འཁྲུགས་རྩོད་ཞི་ཞིང་བདེ་བར་གནས་པ་སོགས་ཆོ་ག་འདི་ཡི་ཐབས་ལ་བརྟེན་ནས་བསྐྱང་བ་དང་། དེ་ལྟར་གནས་སྐབས་ཀྱི་བདེ་དགེས་རྒྱུན་མི་འཁྱོང་བ་མཐོང་ནས། ཡུན་གྱི་བདེ་གནས་ཐོབ་པའི་ཐབས་གཙུག་ལག་དཔལ་འབུམ་དཀར་པོ་དང་། ནང་རིག་པའི་གཞུང་ལ་ཐོས་བསམ་དགོས་པ་དང་། ལག་ལེན་བཅས་ཕྲ་ཞིང་ཞིབ་པར་རྟོགས་དགོས། དེ་ཡང་འོ་ཚོད་ཙམ་དང་ཡིད་དཔྱོད་ཙམ་གྱིས་དོན་འགྲུབ་པ་ཉུང་བས། ལུང་འདི་ལས་འབྱུང་བཞིན་སྒོ་བཞི་མཛོད་ལྔ་དང་ཕྱི་ནང་གི་བོན་སྒོ་རྣམས་ཀྱི་བརྗོད་བྱ་ཚད་མས་གྲུབ་པ་ལ་ཡིད་བརྟོན་དགོས་པས། ལས་དང་པོ་བས་མངོན་སུམ་གྱིས་བོན་གྱི་དེ་ཉིད་རྟོགས་པ་དཀའ་བས་རྗེས་དཔག་ཚད་མས་དཔྱད་ནས་རྟོགས་དགོས་ལ། དེ་ཡང་ཚུལ་དང་བྱ་བ་ཇི་ལྟར་ན། ལུང་དེ་ཉིད་ལས། དེ་དག་བོན་མིན་མ་ཡིན་ཡང་། །བོན་ལས་འཕགས་པ་མཛོད། །ཅེས་པ། ལུས་ཀྱི་ནང་ན་སེམས་གནས་བཞིན། །ཆ་འགའ་འདྲ་ཡང་ཐུན་མོང་མིན། །རྗེས་སུ་དཔག་པའི་གཞལ་བྱ་སྟེ། །ཅིའི་ཕྱིར་གསོ་བས་རྩ་བརྟག་བཞིན། །བཤིག་ནས་བལྟས་ན་སྐྱེས་བ་འཆི། །མངོན་སུམ་བལྟས་ན་ལུས་ཀྱིས་བསྒྲིབས། །དེས་ན་རྟགས་ལས་དོན་མཐོང་འདྲ། །དེ་དོན་མཛོད་ལ་རྣམ་བཞི་སྟེ། །དབྱིངས་དང་ཡེ་ཤེས་མཁའ་མཉམ་བོན། །ཐབས་དང་ཤེས་རབ་ཟུང་འབྲེལ་བོན། །ཐབས་ལ་རིག་པའི་གནས་ལྔ་སྟེ། །མངོན་པ་སྒྲ་དང་གསོ་ནང་རིག །དེ་ལས་ཕྱི་རིག་གཞི་ཡི་བོན། །ཤེས་བྱ་གཏན་ལ་འབེབ་པ་དང་། །རིན་ཆེན་ཀུན་འབུམ་ལམ་གྱི་བོན། །མངོན་པར་རྟོགས་པ་སྟོན་པ་དང་། །གཡུང་དྲུང་ཡེ་དབང་འབྲས་བུའི་བོན། །ཐེག་ཆེན་སངས་རྒྱས་སྟོན་པ་ཡི། །ཐེག་པ་གསུམ་གྱི་ངེས་དོན་གྱིས། །ཞེས་གསུངས་པ་བཞིན་གཞུང་འདི་དག་གིས་གནས་སྐབས་ཚེ་གང་གི་སྤང་ལེན་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་རྐྱེན་རིག་པའི་ལམ་ནས་བཙལ་ཚུལ་བསྟན་པས་ན། གཞུང་འདི་འདོད་འབྱུང་ནོར་བུ་ལྟ་བུ་མཐོང་ངོ་།། ཡང་ཁ་ཅིག་གིས་ཀུན་འབུམ་གོ་འབྱེད་ཀྱི་ཆོག་གཞུང་ལས་མཆོད་པའི་རྫས་སྨན་རག་ཚོགས་སོགས་བྱུང་བ་ལ་བསམས་ནས་སྔགས་གོང་མའི་ཁོངས་སུ་བཞག་འདུག་པ། སྤྱིར་ཐེག་པའི་རིམ་པ་དང་དགོས་སུ་སྔགས་ཕྱི་ནང་གི་ཁྱད་པར་མཁྱེན་དགོས་པ་འདུག གཞུང་འདི་ལས་བཀའ་རྒྱུད་ནི་སྣང་སྲིད་སིལ་བུར་འཆད་པའི་བོན། སྲིད་པ་གཡུང་དྲུང་ལས་བྱུང་བ་ཞེས་བྱ་བའི་ནང་ནས། སྣང་ཐམས་ཅད་གཏན་ལ་དབབ་པ། ཕྱི་རིག་པའི་བོན་ལ་མངའ་མཛད་པའི་ལྷ་རྣམས་མཆོད་པས། ཀུན་འབུམ་གོ་འབྱེད་ལམ་མངོན་པར་རྟོགས་པའི་བོན་སྡེར་འདུས་སོ། །ཞེས་གསུངས་པས་གཞུང་འདི་ཐེག་པ་གང་དུ་གཏོགས་པ་གསལ་ལོ།། སྔོན་བསགས་བཟང་པོའོ་ས་བོན་མ་ཉམས་པས། །དུས་རྐྱེན་གནམ་ལྕགས་དྲག་པོའི་ཆར་ཕབ་ཀྱང་། །བོན་འདིར་དད་པའི་སྙེ་ཕུང་སླར་ཡང་རྒྱས། །གྲོགས་བཟང་རྣམས་དང་སྦྲགས་ཏེ་ལམ་འབྲས་སྨིན། །གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་བསགས་པའི་མཛོད། །གང་ལ་སྤྱོད་པའི་མཁྱེན་དཔྱོད་ལྡེ་མིག་སྟོར། །ལོ་དུས་བསྐལ་པར་བཅད་རྒྱར་བཞུགས་པ་ནི། །ཕྱིས་བྱུང་མཁས་སྙན་ཅན་ཚོའི་ངོ་རེ་གནོང་། །རྒྱལ་བའི་བསྟན་ལ་དད་པའི་རྣམ་དཀར་ཚོགས། །རྒྱལ་བསྟན་རིན་ཆེན་དར་རྒྱས་ཡུན་གནས་ཕྱིར། །བསྔོས་པ་ཇི་བཞིན་འགྲུབ་པའི་མཐུན་འགྱུར་དུ། །འདིར་བརྟེན་སྐྱེ་དགུ་ཚོགས་ཀྱིས་མཛད་དུ་གསོལ།། ཅེས་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྒྱུད་གཟུངས་མན་ངག་དང་བཅས་པ་འདི་རྣམས་ཁུངས་བཙུན་ཞིང་དོན་ཆེ་བ་ཡིན་ཡང་། ཕྱག་ལེན་བྱེད་པ་དཀོན་པར་གྱུར། འདི་སྔར་དར་ནུབ་ཀྱི་སྐབས་སུ་པུ་རོང་གི་ཤེལ་མཚོར་སྦས་པ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷར་ཕྱ་སྲས་ཀེང་ཙེས་ལུང་བསྟན་ཏེ་གཏེར་ཁ་འདྲ་མིན་ཁ་ཤས་ཐོན། དེ་ལྟར་ཐོན་པའི་གཏེར་རྣམས་རྗེ་བཙུན་གྱི་སྲིང་མོ་ཁྲོ་ཆུང་མ་ལ་གཏེར་གྱི་བཀའ་བབ་ཡིན་ཡང་ཁྲོ་ཆུང་ཚེ་འཕོས་ནས་ལྷ་ཡི་སྐྱེ་བ་བཞེས་པ་ཡིན་པས་དེ་ཡི་ཚེ་རྫོགས་ནས་དམྱལ་སྟོན་གཞོན་ནུ་འབུམ་དུ་འཁྲུངས་པས། དེ་དང་དུས་མ་འཛོམ་བར་རྗེ་བཙུན་གྱི་ཡོན་བདག་ཨ་ད་ལྷ་སྲས་ལ་བཅོལ་ནས་ནམ་ཞིག་གཞོན་ནུའི་མིང་ཅན་ཞིག་བྱུང་དུས་དེ་ལ་སྤྲོད་གསུངས། ཨ་ད་ལྷ་སྲས་དེ་ཡི་བུ་ལྷ་བཙན། ལྷ་བཙན་གྱི་བུ་ལྷ་རྒྱལ། དེ་ཡི་བུ་ལྷ་མགོན་དེ་ཡི་རིང་གཤོང་གི་ལུང་པའི་ནང་དུ་སོག་པོའི་དམག་བྱུང་སྟེ་དངོས་རྫས་ཐམས་ཅད་རི་གསེང་དུ་སྦས་དགོས་པ་བྱུང་ནས་གཏེར་མ་རྣམས་རི་གསེང་དུ་སྦས། ལྷ་མགོན་གྱི་དུས་གཞོན་ནུ་ལ་ཕུལ། དེ་ནས་བརྒྱུད་རིམ་སོགས་མ་གསལ་ཡང་། ཕྱིས་སུ་ཉག་རོང་དབལ་གཏེར་གསང་སྔགས་གླིང་པར་དྲན་པ་ནམ་མཁས་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་མཐུད་ཆོག་པའི་ལུང་བསྟན་བྱུང་བཞིན། བོད་ཡུལ་ཕྱོགས་སུ་བཀའ་འགྱུར་རིན་པོ་ཆེའི་ལུང་ཚར་གསུམ་གསུངས་པའི་བྱིན་རླབས་ཐོབ་པ། ཁྱུང་ཡུལ་གཡུང་དྲུང་དཔལ་རིའི་སྐུ་མཚམས་པ་ཚབ་ཤི་གཡུང་དྲུང་རྣམ་དག་ནས་བཀའ་འགྱུར་རིན་པོ་ཆེའི་ཕྱོགས་བསྡུས་འགའ་ཞིག་གི་ལུང་རྒྱུན་གུས་པས་ཐོབ་པ་ཡིན། ད་ལྟ་ཁྲི་བརྟན་ནོར་བུ་རྩེ་ཡི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དང་། ཨ་ཁུ་དགེ་བཤེས་ཤེས་རབ་རིན་ཆེན་སོགས་ཡིག་སྒྲིག་དང་དག་བཤེར་མཛད་པའི་འདུས་སྡེའི་བཤེས་གཉེན་རྣམས་ཀྱིས་རྒྱུ་ཚག་གང་གཟབ་གནང་བ་ལ་བརྟེན་ནས་གཞུང་འདི་ལ་བཀུར་བསྟི་ཞུ་བའི་སྐལ་བ་བྱུང་། དེ་ལྟར་ཕྱག་ལས་དང་མཐུན་རྐྱེན་མཛད་པོ་རྣམས་ལ་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞེས་བསྟན་འཛིན་རྣམ་དག་གིས་གཤེན་གྱི་འདུས་སྡེ་ཁྲི་བརྟན་ནོར་བུ་རྩེར་བཀོད་པའོ།། །།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།