གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བྱུང་རིམ་གཟུར་གནས་དགྱེས་པའི་འབེལ་གཏམ་གྱི་དབུ་རུ་བསྩལ་བའི་བཀའ་མཆིད།

0
2827

ཕྱི་པ་དང་ནང་པ། སངས་རྒྱས་ཀྱི་བསྟན་པ་ཞེས་པའི་བརྗོད་ཚིག་འདི་དག་བོད་ཀྱི་དམངས་ཁྲོད་དུ་ཤེས་ཡོན་ཡོད་མེད་གཉིས་ཀའི་ཁོངས་སུ་གང་མང་བཀོལ་སྤྱོད་བྱེད་པའི་ཚིག་བརྗོད་ཅིག་ཆགས་ཡོད། དེ་ནི་བོད་མི་རྣམས་ལ་རང་བཞིན་ལྷན་སྐྱེས་ཀྱི་ཆོས་དད་ཅིག་གམ་སྲོལ་རྒྱུན་གོམས་གཤིས་སུ་གྱུར་པའི་ཆོས་ཀྱི་བསམ་བློ་ཞིག་ཡོད་པའི་ཁར་རང་ཉིད་ཀྱིས་སྤྱོད་རྒྱུའི་ཆོས་དེ་ངེས་པར་ནང་པའི་ཆོས་ཞིག་ཡིན་དགོས་སྣང་དང་། ནང་པའི་ཆོས་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཡང་དག་ཅིག་ཡིན་པའི་འདུ་ཤེས་བཟང་པོ་བཅོས་མིན་ཞིག་ཡོད་པས་ཡིན། འོན་ཀྱང་ཞན་པའི་ཆ་གང་ཡོད་པ་ནི་བོད་མི་རྣམས་ཀྱིས་རང་རང་གི་བླ་མའམ་དགེ་རྒན་ག་གེ་མོ་ཞིག་གིས་གང་གསུངས་པ་དེ་ཐོག་ནས་ཆོས་ལུགས་བཟང་ངན་དང་ཕྱི་པ་དང་ནང་པའི་དབྱེ་བ་མང་ཐག་ཆོད་ཅིག་ཕྱེས། ཁ་ཚོན་སྲ་ཐག་ཆོད་ཅིག་བཅད་དེ། དངོས་ཡོད་ལོ་རྒྱུས་དང་ཡིག་ཆ་ཁག་ལ་རང་ཉིད་ཀྱིས་ལྟ་རྟོགས་བྱས་ཏེ་གོ་དོན་བཙལ་ཐབས་བྱེད་པའི་ལུགས་སྲོལ་དེ་ཆེས་ཉུང་ཉུང་ཞིག་ཆགས་ནས་བསྡད་ཡོད་པ་དེ་ཡིན། གཞི་རྩ་དེ་ཐོག་ནས་བོད་ཆེན་པོའི་ལོ་རྒྱུས་ནང་སྔ་ཕྱི་རིམ་པར་ཆོས་ལུགས་ནང་ཕན་ཚུན་ཁྱོད་ཕྱི་ང་ནང་དང་། ང་མཐོ་ཁྱོད་དམན་གྱི་བརྗོད་གཞི་ཅན་གྱི་ཡིག་ཚོགས་ཀྱི་གླེགས་བམ་གང་མང་གྲུབ་ཡོད་པ་མ་ཟད། ཆོས་ལུགས་ཀྱི་གནད་དོན་གང་ཡང་མི་རྟོགས་པའི་དམངས་ཁྲོད་དུ་ཡང་། གཡས་བསྐོར་དང་གཡོན་བསྐོར། ཕྱི་སྐོར་དང་ནང་སྐོར་སོགས་ཀྱི་དོན་དུ་ཤགས་འགྱེད་དང་ལག་རྩོད་བྱེད་མཁན་ཡང་གང་འཚམ་ཡོང་གི་ཡོད་པའི་གནས་ཚུལ་མི་ཉུང་བ་ཡོད། 

   དངོས་འབྲེལ་བརྗོད་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་སྒྲུབ་བྱེད་ཀྱི་ཐབས་ཚང་ལ་མ་ནོར་བར་སྟོན་པའི་གྲུབ་མཐའ་ཞིག་ཡོད་ན་དེ་ལས་ལྷག་པའི་ནང་པའི་གྲུབ་མཐའ་ཞིག་མེད་ལ། ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་སྒྲིབ་གཉིས་སྦྱང་དགོས། དེ་སྦྱང་བར་ལམ་རྒྱུད་ལ་སྐྱེ་དགོས། དེ་རྒྱུད་ལ་སྐྱེ་བར་ལམ་གྱི་རྟེན་མེད་དུ་མི་རུང་བ་སྐྱབས་འགྲོ་རྒྱུད་ལ་སྐྱེ་དགོས་ཤིང་། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་དེར་ནང་པ་སངས་རྒྱས་པ་ཞེས་བརྗོད་དགོས་པ་ནི་བན་བོན་གྱི་ཡིག་ཆ་གང་ལ་བལྟས་ཀྱང་གཅིག་ཏུ་མཚུངས། ཡིན་ན་ཡང་། སྤྱིར་བོད་ཀྱི་སྤྱི་ཚོགས་ནང་སློབ་གཉེར་གྱི་ལམ་ལུགས་དེ་དཀོན་དཀོན་ཞིག་དང་། མཁྲེགས་བཟུང་གི་ལྟ་བ་དེ་ཤུགས་ཆེ་ཙམ་ཡོད་པའི་དབང་གིས་ཡིན་ནམ་ཡང་ན་རྒྱུ་མཚན་གཞན་ཞིག་ཡོད་པ་གང་ཡིན་རུང་། ཡིན་ལུགས་ཚུལ་བཞིན་བརྗོད་པའི་ལོ་རྒྱུས་སྨྲ་བ་ཞིག་བོད་ཀྱི་སྤྱི་ཚོགས་ནང་དཀོན་པ་དང་།ཁྱད་པར་དུ་གཡུང་དྲུང་བོན་ལ་ཟུར་ཟ་དང་དོམ་འཆོལ་བྱེད་པ་ནི་རང་བྲིས་ལོ་རྒྱུས་ཀྱི་དེབ་ཐེར་དེའི་རྒྱན་ལྟ་བུ་ཞིག་ཏུ་བརྩིས་ཏེ་བརྗིད་ཉམས་དོད་མདོག་གི་ཚུལ་དུ་ཚིག་གི་ཕྲེང་བ་བསྟར་བའི་ལུགས་སྲོལ་གྱི་གཡའ་དྲི་ངན་པ་དེས་བོད་ཆེན་པོའི་མེས་པོའི་ལོ་རྒྱུས་ཀྱི་མེ་ལོང་མི་གསལ་བར་བྱས། ད་དུང་དུས་རབས་ཉེར་གཅིག་པ་འདི་ཡི་ནང་དུའང་བོད་ཀྱི་ལོ་རྒྱུས་དྲང་ཚུགས་ཐུབ་པ་ཞིག་འཆད་འབྲི་གནང་མཁན་མང་པོ་མེད་པ་མ་ཟད་གྲུབ་མཐའི་རྣམ་བཞག་འཆད་སྐབས་ཀྱང་ཕལ་ཆེར་ཞིག་གིས་གཡུང་དྲུང་བོན་གྱི་གྲུབ་མཐའ་འདིར་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སྟོན་པ་ཡང་དག་ཅིག་མེད་པས་མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པའི་གདམས་ངག་དང་ཉམས་ལེན་མེད་ཚུལ་བཤད་པའི་ཡིག་རིགས་འགའ་ཞིག་ནས་ལུང་འདྲེན་སྐྱར་སྐོར་ཡང་སྐོར་བྱས་ཏེ་བཤད་ཚུལ་དེ་ཡི་མཇུག་བསྡུས་མེད་པའི་གནས་ཚུལ་ལ་གཞིག་ན། བོད་རང་གི་ཐུན་མོང་མིན་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ལོ་རྒྱུས་དང་། བཀའ་དང་བཀའ་བརྟེན་གྱི་གླེགས་བམ་གང་ཡང་སྤྱན་ཡུལ་དུ་གྱུར་མ་མྱོང་བའི་སྣང་ཚུལ་ཞིག་མཆིས། དེ་དག་གི་ཆེད་དུ་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སྤྱན་སྟར་ཞུ་རྒྱུ་ནི་གཡུང་དྲུང་བོན་གྱི་རྗེས་འཇུག་པ་རྣམས་ཀྱི་འོས་འགན་ཞིག་ཏུ་མཐོང་། 

   འོན་ཀྱང་གཡུང་དྲུང་བོན་གྱི་བསྟན་པ་འདིར་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་བགྲང་བྱ་དེ་རྣམས་ཀྱི་རིང་ལ་འགལ་རྐྱེན་གྱི་འཕྲང་ལམ་སྣ་ཚོགས་རྒྱུད་ནས་ད་ལྟའི་བར་གནས་པ་ཞིག་ཡིན་སྟབས། དངོས་གཙོ་སྨྲ་བ་རྣམས་ལ་ཉེ་བར་མཁོ་བའི་དངོས་ཆས་སམ་ཡིག་རྙིང་སུས་ཀྱང་ཀློག་མི་ཐུབ་པ་ཞིག་ཁྲ་ལམ་མེར་མདུན་ཅོག་སྟེང་དུ་འཇོག་རྒྱུ་ཞིག་ད་ལྟའི་ཆར་ཅུང་དཀའ་ནའང་། རྒྱུ་མཚན་དེ་གཅིག་པུས་ད་ལྟ་དངོས་སུ་བཞུགས་པའི་བཀའ་དང་བཀའ་བརྟེན་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁ་གསལ་ཞིང་བརྗོད་བྱའི་དོན་ཕུན་སུམ་འཚོགས་པ། སྐྱར་ཟློས་ཀྱི་སྐྱོན་དང་བྲལ་ཞིང་བརྗོད་དོན་ཚུལ་བཞིན་ཉམས་སུ་བླངས་ན་དོན་འབྲས་དངོས་སུ་ཐོབ་རྒྱུ་ཡོད་པ། བརྗོད་བྱའི་དོན་གང་ལ་དཔྱད་ཀྱང་ཁུངས་འཁྱོལ་ནུས་པ་སོགས་ཀྱི་ཁྱད་བོན་དང་ལྡན་པ། མདོར་ན་ཚན་རིག་མཁས་པ་དང་ཆོས་ལ་མཁས་པ་གང་གིས་ཀྱང་བརྟག་བཟོད་པ་འདི་རྣམས་གསར་རྩོམ་དང་བཅོས་མ་ཡིན་པར་སྒྲུབ་མི་ནུས་པ་ནི་གླེགས་བམ་ཞལ་ཕྱེས་ཏེ་ཞིབ་མཇུག་གནང་ན་དེ་ཙམ་ཤེས་དཀའ་བ་ཞིག་མིན། ད་ལམ་༧ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ཀྱིས་ཁོང་གི་ལས་ཞོར་དང་སློབ་ཞོར་དུ་འབྲི་རྩོམ་གནང་བའི་༼གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བྱུང་རིམ་གཟུར་གནས་དགྱེས་པའི་འབེལ་གཏམ།༽ཞེས་པའི་དེབ་ཐེར་འདི་བཞིན་རགས་ཙམ་ཀློག་རྒྱུ་བྱུང་བའི་ནང་གཡུང་དྲུང་བོན་གྱི་སྟོན་པ། སྟོན་པ་དེས་གསུངས་པའི་བཀའ། དེའི་བྱུང་རིམ་བཅས་ཀྱི་ངོ་སྤྲོད་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་གང་གསལ་འཁོད་འདུག་པ་འདི་སྤྱིར་བོད་ཀྱི་ཆོས་རིག་ལོ་རྒྱུས་དང་། ལྷག་པར་གཡུང་དྲུང་བོན་གྱི་ཡིན་ལུགས་ཚུལ་བཞིན་ཤེས་པའི་བློ་ཁ་ཡངས་པོར་འབྱེད་ནུས་པའི་མཐུན་རྐྱེན་དུ་འགྱུར་ཐུབ་པ་ཞིག་འདུག་པས་དོན་གཉེར་ཅན་རྣམས་ཀྱིས་ཐུགས་སྣང་མཛད་པར་རིགས་སོ།

༢༠༠༡ ལོའི་ཟླ་ ༡ ཚེས་ ༢༨ ཉིན།

བསྟན་པ་གཡུང་དྲུང་གིས་བྲིས།

བྱུང་ཁུངས། ཞང་ཞུང་སྒོ་པའི་འཕྲིན་སྟེགས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།