ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་ནས་གདུང་མཆོད་ཕུལ་བ།

0
1638

འདི་ཟླའི་ཕྱི་ཚེས་༡༤ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་སྐྱོ་གནས་ཐོན་མ་ཐག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བར་དོ་དུས་ཀྱི་སྒྲོན་མེའི་གསལ་གདབ་དང་། འཕོ་བ་གསུངས་པ་མ་ཟད་གནད་ཡོད་འགན་ཁུར་རྣམས་ལ་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་། ཕྱི་ཚེས་༡༥དང་༡༦གཉིས་ལ་འདི་གའི་དགེ་སློབ་ཐུན་མོང་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་རྣམ་ལྔའི་མཆོད་པ་བཤམས་ཤིང་བར་དོའི་སྨོན་ལམ་དང་། ཚེ་དབང་སྨོན་ལམ། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བ་ལྟར་གྱི་གསོལ་འདེབས་རྣམས་དབྱངས་སུ་གྱེར་བཞིན་གདུང་ཚོར་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ། དེ་རྗེས་ཕྱི་ཚེས་༡༧ཉིན་དགེ་སློབ་ཐུན་མོང་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སླར་ཡང་གདུང་མཆོད་རྒྱས་བཤམས་བྱས་ཐོག་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲངས་ནས་མཆོད་སྦྱིན་གནང་། དེར་མཚུངས་དགོང་མོའི་སྐར་ཚོགས་ཀྱི་འོག་ཏུ་གློག་སྒྲོན་གྱི་འོད་དང་། མཆོད་མེའི་མདངས། སྤོས་དཀར་གྱི་དུད་པའི་མཆོད་པ་བཅས་ལ་བརྟེན་ནས་གང་གི་ཟད་པ་མེད་པའི་གསང་གསུམ་གྱི་ཡོན་ཏན་དང་། རླབས་ཆེན་གྱི་མཛད་རྗེས་དག་རྗེས་སུ་དྲན་བཞིན་གདུང་འདེབས་མཆོད་འབུལ་ཞུས་དང་ཞུ་བཞིན་པའི་གནས་ཚུལ་དུ།

མེ་ལོང་ཞེས་སུ་འབོད་པས་༢༠༡༧།༠༩།༡༧དགོང་མོར་ཕུལ།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།