གཤེན་བསྟན་དར་རྒྱས་གླིང་ནས་ཕུལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཚིག

0
454

༧སྐྱབས་གནས་གཡུང་དྲུང་གནས་བཞིའི་ཐུགས་རྗེའི་སྐྱབས་འོག་ཏུ་འཁོད་པའི་བོན་གྱི་ལྷ་འབངས་སྤྱི་དང་། བྱེ་བྲག་ཏུ་  ༧དཔལ་ལྡན་རྒྱལ་བ་སྨན་རི་བའི་སྐྱབས་གནས་འདུས་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ་འདེབས་དོན།

དེ་ཡང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༡༤ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་འདི་སྣང་གི་བཀོད་པ་བསྡུས་ཏེ།  དགོངས་པ་བོན་ཉིད་ཀྱི་ཀློང་དུ་ཐིམ་པའི་སྐྱོ་གནས་ཐོན་མ་ཐག་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་གཙོས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དང་།  ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་གི་འདུས་སྤྱི། དེ་འབྲེལ་འཛམ་གླིང་རྒྱལ་ཁབ་ཁག་གི་བོན་ཚོགས་སྤྱི་སྒེར་ཐམས་ཅད་ལ་བློ་ཕམ་དང་སྐྱོ་གདུང་ཚད་མེད་བྱུང་། 

   དེ་ལྟ་ནའང་མགོན་པོ་གང་ཉིད་སྐུ་ཡི་སྙུན་གཞི་བཞེས་ཚུལ་བསྟན་པ་ནས་དེ་ག་གདན་ས་དཔལ་ལྡན་སྨན་རི་དགོན་དབུས་བོད་དང་རྒྱ་བལ་གཙོས་པའི་འཛམ་གླིང་ཡུལ་གྲུ་གང་སར་གནས་འཁོད་བོན་དགོན་བོན་འབངས་ཡོངས་ཀྱིས་སྐུ་ཕྱྭའི་རིམ་གྲོ་གང་དྲག་ཞུས་པ་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་བོན་གྱི་༧གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་དང་།   དེ་འབྲེལ་ཚོགས་སྡེ་ཐམས་ཅད་ཀྱིས་སྐུ་ཕྱྭའི་རིམ་གྲོ་ཅི་དྲག་གང་དྲག་ཞུས་གནང་བ་དང་།  མ་ཟད་སྐྱོང་སྤྲུལ་རིན་པོ་ཆེས་འགན་བཞེས་ཀྱིས་ཉེ་གནས་ཞབས་འབྲེང་བ་རྣམས་ཀྱིས་རྒྱ་གར་དང་ཨ་རིའི་ཆེད་མཁས་སྨན་པར་བསྟེན་བཏུག་གིས་སྨན་དཔྱད་ཇི་ལེགས་ཞུས་པའི་རྟེན་འབྲེལ་བསླུ་བ་མེད་པའི་འབྲས་བུར་ལོ་གཉིས་ལྷག་སྐུ་ཚེ་བསྲིངས་ཏེ་རང་ཅག་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་བཞུགས་ཀྱང་།

མཐར་གདུལ་བྱ་གཞན་དོན་དུ་གཟིགས་ཏེ་འདུས་བྱས་ཀྱི་དངོས་པོ་རྣམས་སྟོང་གཟུགས་སྒྱུ་མའི་རྣམ་པར་གདམས་པའིི་དོན་དངོས་སུ་བསྟན་ཏེ་གོང་ཟླའི་ཚེས་ལ་གཟུགས་སྐུའི་བཀོད་པ་བསྡུས་པའི་སྐྱོ་གནས་ཐོན་མ་ཐག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་བཀའ་སློབ་ལམ་སྟོན་དང་།   ཐུགས་གསོའི་བཀའ་འཕྲིན་གནང་བ་ལྟར་དེ་ག་གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་དུ་༧སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེས་དབུས་པའི་སྨན་རིའི་འདུས་སྤྱི་ཡོངས་དང་འབྲེལ་ཡོད་ཚོགས་སྡེ་རྣམས་ཀྱིས་གདུང་འདེབས་མཆོད་འབུལ་ལུགས་མཐུན་ཞུ་བཞིན་པར་དད་པ་དང་གདུང་སེམས་དྲག་པོས་ཡིད་རངས་ཞུ་རྒྱུ་དང་།  མ་ཟད་བོད་ནང་དང་རྒྱ་བལ་གཙོས་པའི་ཤར་ནུབ་ཀུན་ཏུ་བོན་གྱི་དགོན་སྡེ་དང་ཚོགས་སྡེ་མི་མང་ཀུན་གྱིས་གདུང་མཆོད་སྨོན་ལམ་གང་གཟབ་གནང་བཞིན་པར་རྗེས་སུ་ཡིད་རངས་ཞུ།

ཁྱད་པར་དུ་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་བླ་སྤྲུལ་མང་པོས་༧སྐྱབས་རྗེ་མཆོག་གི་འཕགས་པའི་མཛད་འཕྲིན་རྗེས་སུ་དྲན་བཞིན་ཐུགས་གསོའི་འཚམས་འཕྲིན་ལྷུག་པར་བསྩལ་བ་དང་བོད་ཀྱི་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་དང་ཆོས་སྡེ་ཁག་དང་བོད་མིའི་ཚོགས་སྡེ་ཁག་གང་སར་གདུང་མཆོད་སྨོན་ལམ་ཞུས་དང་ཞུ་བཞིན་ངོས་དག་སྣང་ནོར་བུའི་འོད་ཀྱིས་ཀུན་ནས་མཛེས་པར་བྱས་པ་ནི་བླ་མ་དམ་པའི་ཐུགས་དགོངས་རྫོགས་པའི་མཆོད་སྤྲིན་རྨད་དུ་བྱུང་བར་གྱུར་བས་བཅོས་མིན་གྱི་བཀའ་དྲིན་ལེགས་གསོལ་ཞུ།

འདི་ནས་ཀྱང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དང་ཕ་རན་སིའི་གཤེན་བསྟན་དར་རྒྱས་གླིང་འདུས་སྤྱི་ཡོངས་དང་འབྲེལ་ཆགས་བོན་གྱི་ཚོགས་སྡེ་ཁག་ཏུ་༧སྐྱབས་རྗེ་སྨན་རི་བ་ཆེན་པོ་མཆོག་གི་ཐུགས་དགོངས་རྫོགས་པའི་གདུང་འདེབས་མཆོད་འབུལ་རྒྱས་བསྡུས་ཅི་རིགས་ཞུ་བཞིན་པ་དང་།  མགོན་པོ་གང་གི་སྐུ་ཚེ་རིལ་པོར་ལྷུར་བླངས་པའི་གཡུང་དྲུང་སེམས་དཔའི་སྤྱོད་པ་ཟབ་མོ་རྗེས་སུ་དྲན་པའི་སྒོ་ནས་དགེ་སྒྲུབ་སྡིག་སྤོང་ལ་བརྩོན་ཅིང་དགུང་ཞག་ཞེ་དགུའི་རིང་མུ་མཐུད་མཆོད་འབུལ་སྨོན་ལམ་ཞུ་རྒྱུ་དང་།

ལྷག་པར་ད་ལམ་ཕྱི་ཟླ་༡༠ཚེས་༢ཉིན་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་གནས་སྐབས་དང་བསྟུན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་འདི་ག་གཤེན་བསྟན་དར་རྒྱས་གླིང་དུ་བླ་སློབ་སྐྱ་སེར་ལྷན་འཛོམས་ཀྱིས་བདེར་གཤེགས་སྨོན་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གདུང་མཆོད་སྨོན་ལམ་ཞུ་བ་དང་འབྲེལ་དད་པ་དང་འདུན་པ་དྲག་པོའི་སྒོ་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཚིག་ཏུ།

  ༧གཤེན་བསྟན་དར་རྒྱས་གླིང་དང་དེ་འབྲེལ་ནུབ་ཕྱོགས་བོན་གྱི་ཚོགས་སྡེ་ཁག་ཐུན་མོང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༠༢ ཉིན།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།