༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་རྗེ་སྨན་རི་བའི་སྐུ་གདུང་ཞུགས་འབུལ་ཉིན་མཆོད་སྤྲིན་རྒྱས་འབུལ་ཞུས་པ།

0
1114
པར་པ་ཏི་སེའི་བུ།

ཕྱི་ལོ་༢༠༡༧། ༩། ༡༤། ཉིན་ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་རེ་ཞིག་ཐུན་མོང་འགྲོ་བའི་སྣང་ངོར་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ནས་བཟུང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་བཀའ་དགོངས་ལྟར་ཉིན་བཞིན་ཆགས་མེད་དུ་བླ་མ་མཆོད་པ་དང་ཚོགས་བསགས་མཆོད་འབུལ་གང་འགྲུབ་འབད་མུས་ཡིན་ཞིང་། ༢༠༡༧། ༡༠། ༢། ཉིན་སྐུ་གདུང་ཞུགས་འབུལ་གྱི་དུས་ཁྱད་པར་ཅན་ལ་གདུང་འདེབས་མཆོད་འབུལ་དང་བཀའ་དྲིན་རྗེས་དྲན་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ། གྲྭ་ཚང་བླ་མ། རྩ་འཛིན་སློབ་དཔོན་རྣམ་པ་དབུས་པའི་འདུས་མང་བརྒྱ་ཕྲག་ལྷག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཆེད་ཕེབས་གནང་ཡོད་པ་མ་ཟད། དགོན་འདིའི་འབྲེལ་ཡོད་ཚོགས་སྡེ་གཤེན་བསྟན་དར་རྒྱས་གླིང་སོགས་ནས་གདུང་མཆོད་ཞུ་མུས་དང་། དམིགས་བསལ་དེ་རིང་འདི་གར་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག དགེ་འདུན་རྣམ་པ་དང་། བྱམས་མ་ཚོགས་པ། གསོ་རིག་འབུམ་བཞིའི་དགེ་སློབ། གཞི་རིམ་སློབ་གྲྭའི་དགེ་སློབ་བཅས་ནས་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ས་གནས་འདིར་འཁོད་བོན་གྱི་ལྷ་སྡེ་མི་མང་མཉམ་འཛོམས་ཐོག་གདུང་འདེབས་མཆོད་འབུལ་གང་རྒྱས་ཞུས་ཏེ་དགོང་མོར་བླ་མ་མཆོད་པ་དང་གསོལ་འདེབས་གདུང་ཤུགས་དྲག་པོས་དབྱངས་སུ་གྱེར་ནས་སྣང་གསལ་སྒྲོན་མེའི་འོད་མཆོད་ཕུལ་ཏེ་མགོན་པོ་གང་གི་ཐུགས་དགོངས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་རྩེ་གཅིག་གསོལ་སྨོན་ཞུས་པ་བཅས་ཉིན་འདིའི་མཆོད་འབུལ་ལས་རིམ་མཇུག་གྲུབ་བོ། །

༢༠༡༧། ༡༠། ༠༢། ཉིན་ཏི་སེའི་བུ་ནས་ཕུལ།

 

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།