སངས་རྒྱས་སྨན་རི་བ།

0
781

ཁྱེད་ནི་ཁམས་གསུམ་སེམས་ཅན་གྱི་བློ་མུན་བསལ་བའི་སྒྲོན་མེ་དང་། བསྟན་འགྲོའི་དཔལ་མགོན་ཏེ། གྱེར་བསྟན་མི་ནུབ་པའི་རྒྱལ་མཚན་དང་།ཐར་པའི་དེད་དཔོན་ཡིན། ཁྱེད་ཀྱི་ཞལ་གདམས་བདུད་རྩིའི་ཟིལ་མ་ནི་སྐྱེ་རྒུའི་བདེ་སྐྱིད་ཀྱི་གསོའི་སྨན་དང་། ངའི་བསླབ་གསུམ་གྱི་ལྗང་བུ་སྐྱེ་བའི་ཟིལ་དང་རླན་ཡང་ཡིན། ཁྱེད་ནི་ཐུན་མིན་ཞང་བོད་ཀྱི་ཤེས་རིག་གི་སྲོག་འཛིན་དང་། གྱེར་བསྟན་གྱི་མངའ་བདག་སྟེ། ངའི་རྩ་བའི་བླ་མ་ཡང་ཡིན། ཁྱེད་ནི་དཔལ་ལྡན་སྨན་རིའི་ཁྲི་འཛིན་ཏེ། རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་དགོངས་རྟོགས་དབྱེར་མེད་ཡིན་པ་ལུང་ལས་བསྔགས་པའི་འགྲོ་འདྲེན་གྱི་སྟོན་པ་ཆེན་པོ། ལུས་མི་གྲལ་དུ་བཞུགས་ཀྱང་སེམས་སངས་རྒྱས་ཀྱི་དབྱིངས་གྲལ་དུ་འཁོད་པའི་སྐུ་གསུམ་མངོན་གྱུར་གྱི་སྟོན་པ་སྟེ། དེ་ཡང་ལྷ་མིའི་རྣམ་འདྲེན་དམུ་རྒྱལ་སྲས་པོ་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་བསྒྲལ་ཏེ་ཐར་པ་བདེ་ཆེན་གྱི་སར་འགོད་པའི་ཕྱིར་དུ་གསུངས་པའི་བོན་མདོ་སྔགས་སེམས་གསུམ་གྱི་ཟབ་གདམ་དབང་ལུང་མན་ངག་བརྒྱུད་པ་དང་བཅས་པ་རྣམས་ཡོངས་འཛིན་སེང་ཆེན་རྣམ་གཉིས་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་རྗེས་བཞག་གནང་བ་བཞིན་ཞལ་ངད་ཀྱི་ཟིལ་པ་མ་ཡལ་བར་དམ་གཙང་གི་དྲི་ངད་ཐུལ་ལེ་བ། མཐུ་བྱིན་གྱི་ཚན་ཁ་མ་ཉམས་པ་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་བཀོད་པ། བརྒྱུད་རིམ་གྱི་ཉག་ཐག་མ་ཆད་པ་འཆང་བའི་དཔོན་གསས་བླ་མ་ཡིན།  ཁྱེད་ནི་སངས་རྒྱས་ལས་སེམས་དཔའ་མི་སྣང་བ་ནི་ངའི་དད་པ་དང་། ཁྱེད་ཀྱི་དངོས་བྱུང་གི་ཡོན་ཏན་དང་ཕྲིན་ལས་ཀྱིས་བཞག་པའི་བྱིན་རླབས་ཀྱི་ཚན་ཁ་ཞིག་ཡིན།

ཁྱེད་ནི་བསྟན་འགྲོའི་དོན་དུ་བསམ་བཞིན་དུ་བྱོན་པ་རྒྱལ་བ་གཉིས་པའི་རྣམ་སྤྲུལ་ཡིན་པས། ཁྱེད་སྐུ་གཡུང་དྲུང་ལྷུན་པོ་ལ་ཉེར་འཚེའི་རྡུལ་གྱིས་གོས་པ་མི་མངའ་ཡང་། འགྲོ་བའི་བསོད་ནམས་ཀྱིས་དབང་གིས་རེ་ཞིག་སྐུ་ལ་སྙུང་གཞི་བཞེས་ཚུལ་བསྟན་པ་ཐོས་མ་ཐག་ངའི་ལུས་སེམས་སྡུག་གིས་ཡོངས་སུ་ཁེངས་ཏེ་ཅི་བྱ་ལྟོས་བྲལ་དུ་གྱུར། ངས་རེ་ས་དང་འོ་འདོད་འབོད་ས་ནི་མཆོག་གསུམ་ལས་གཞན་མ་མཆིས་པས། ཁྱེད་སྐུ་བསྟན་འགྲོའི་དོན་དུ་འཚོ་བཞུགས་ཡོང་བའི་ཆེད་དུ་ནངས་ནུབ་དུས་དྲུག་ཏུ་ལག་ཟུང་ཐུགས་ཁར་སྦྱར་ཏེ། དུས་གསུམ་བདེར་གཤེགས་ལ་གསོལ་བ་ནི་བཏབ། བསྙེན་སྒྲུབ་ཀྱི་ལས་ལ་ཞུགས། སྐབས་འགར་ཕན་པ་ཆེ་བ་སྙམ་ནས་བོན་སྐྱོང་ལས་ལ་བསྐུལ་ཞིང་དབལ་རྔ་དྲག་ཏུ་བརྡུང་། གླུད་ཡས་རྫོངས་སུ་བཏབ་དང་། དྲི་ཞིམ་བསང་དུད་མཁའ་དབྱིངས་སུ་འཕྱུར་བཞིན་དར་ཚོན་སྣ་ལྔའི་རླུང་རྟ་གྱེན་དུ་བསྒྲེངས་ཏེ་ལྷ་གསོལ་དང་ཀླུ་གསོལ་ཡང་བྱས། ཕྱྭ་ཚེའི་བསྙེན་པ་དང་། ཞབས་བརྟན་གསོལ་འདེབས་ནི་སྐབས་འགར་མཁའ་ལམ་དུ་བཞུད་བཞིན་གྲངས་སུ་བསགས། སྐབས་འགར་གཙུག་པུར་བསྡད་དེ་བསྙེན་ཚད་གྲངས་སུ་བགྲངས་པ་དང་། སྐབས་འགར་མལ་དུ་ཉལ་བཞིན་ཁྱེད་སྐུ་མི་འགྱུར་གཡུང་དྲུང་གི་ཁྲི་རུ་རྟག་བརྟན་བཞུགས་པའི་གསོལ་བ་འདེབས་བཞིན་བདག་སེམས་རྨི་ལམ་གྱི་གྲོང་དུ་བཞུད་ལ་ཁད་ཀུན་རྟོག་སེམས་ཀྱི་མི་ཕོས་ཆོ་འཕྲུལ་ཡ་མ་ཟུང་གིས་མནོ་བསམ་མ་ངེས་པ་སྣ་ཚོགས་བཏང་སྟེ། ཁྱེད་ནི་བསྟན་འགྲོར་ཕན་བདེ་སྟེར་བའི་ཡིད་བཞིན་ནོར་བུ་ལྟ་བུ་ལགས་པས།  དུས་ནམ་ཡང་ཉེར་འཚེ་རྡུལ་གྱིས་གོས་པ་མི་རིགས་སོ་ཞེས་ཆིག་ལབ་བྱེད་བཞིན་པའི་ངང་སྐབས་འགར་སྔངས་སྐྲག་དང་འཇིགས་སྣང་གིས་མགོ་ཡི་སྐྲ་དང་ལུས་ཀྱི་བ་སྤུ་ཡང་གྱེན་ལ་གཟེངས་ནས་ལུས་པོ་རྔུལ་ཆུ་ཁྲམ་མེར་བྱང་ཁོག་དབུག་རིང་གིས་སྦྱོང་བཞིན་གསོལ་འདེབས་དང་། སྨོན་ལམ་སྣ་ཚོགས་བྱེད་བཞིན་མཚན་གྱི་རྒྱལ་མོའི་ཆོ་འཕྲུལ་ཡལ་ལ་ཉེ་བ་དང་། ཤར་ཕྱོགས་ནས་སྐར་ཆེན་གྱི་འོད་སྣང་རབ་ཏུ་འཚེར་བ་ཐེང་མང་བྱུང་། དུས་མཚུངས་སུ་རང་འཁྲིས་ལས་དོན་ཆེད་ཤར་ནུབ་ཀྱི་རྒྱལ་ཁམས་དུ་མར་འགྲིམས་བཞིན་ཉིད་ཀྱི་གསེར་ཞལ་མྱུར་དུ་མཇལ་བའི་སྨོན་ལམ་དང་། རེ་བ་ཡིད་ལ་འཆང་བཞིན་རང་དགོན་གྱི་ལས་དོན་སྒྲུབ་ལ་བརྩོན།

ཕྲན་ནི་ནུབ་ཕྱོགས་ཀྱི་གླིང་ཆེན་དུ་ཆགས་པའི་གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་ཆེན་མོའི་གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་དུ་སྨྲ་དབང་མི་ཡི་སེང་གེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནུབ་ཕྱོགས་པའི་བོན་གྲོགས་ཚོའི་ལྷན་དུ་སྒོ་གསུམ་མཚམས་ལ་ཞུགས་ཏེ། བླ་མེད་རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལམ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ལ་བརྩོན་བཞིན་ཡོད་པའི་སྐབས་སུ་ཁྱེད་ཀྱི་སྐུ་མཆོག་གདོད་མ་ཀུན་བཟང་གི་རྒྱལ་སར་གཤེགས་ལ་ཉེ་བའི་གནས་ཚུལ་ཐོས་པ་དང་། ངས་ལག་གཉིས་མགོར་འཇུས་ཏེ་རྒྱུང་ཞག་ཆུ་ཡི་སྒྲོན་མ་ནས་མིག་ཆུའི་ཐིག་ཕྲེང་ལྷུད་ལྷུད་དུ་འབྲུག་བཞིན་ཕྲུ་གུ་མས་བོར་བའི་མྱོང་ཚོར་དང་སེམས་སྡུག་གི་དབུག་རིང་འབྱིན་བཞིན་གནས་མལ་དུ་ལུས། ཁྱེད་ནི་བསྟན་དང་འགྲོ་བའི་དོན་ཅུང་ཙམ་མི་བཞུགས་པར་སྐུ་ཡི་བཀོད་པ་གཞི་དབྱིངས་སུ་བསྡུས་པ་ཅི་ཡི་དོན། བདག་ལྟ་བུ་སྐྱེ་བོའི་ཚོགས་རྣམས་བདག་འཛིན་དང་ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བས། ཁྱེད་ཀྱི་ཐུགས་རྗེ་དང་། བྱིན་རླབས་ནི་ཤིན་ཏུ་དགོས་གལ་ཆེ་བས། སྐུ་མཆོག་རིན་པོ་ཆེ་བསྟན་འགྲོའི་དོན་དུ་མི་འགྱུར་བརྟན་པར་བཞུགས་པའི་རེ་བའི་གདུང་འབོད་ལ་ཐུགས་དགོངས་ཅུང་ཙམ་མི་མཛད་པ་ཅི་ཡིན་སྙམ་པའི་སེམས་གདུང་སེམས་ངང་མིག་གཉིས་ཅེར་རེ་མཁའ་དབྱིངས་སུ་བལྟས་ཏེ་ཅི་བྱ་ལྟོས་བྲལ་ངང་དུ་ལུས།

དེ་ནས་གསང་གསུམ་བོན་གྱི་མཛོད་འཛིན་མཆོག་གི་ཞལ་གསུང་བཞིན་གསལ་བའི་སྒྲོན་ནི་བཏེགས། གཙང་མའི་ཚན་ཆབ་ནི་བཤམས། དྲི་ཞིམ་གདུག་སྤོས་ནི་བཏབ། དག་པའི་ལྷ་སངས་ནི་བསྒྲིགས། མཛེས་ལྡན་མེ་ཏོག་རྣམས་བཀོད་ནས་མཆོད་པ་རྣམ་ལྔ་གྲངས་སུ་བཤམས་ཏེ། དཔལ་གཤེན་བསྟན་དར་རྒྱས་གླིང་གི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། གྲྭ་བཙུན་དང་། ནུབ་ཕྱོགས་པའི་བོན་གྲོགས་རྣམས་ཀྱི་ལྷན་དུ་བླ་མ་མཆོད་པ་དང་། ཚེ་དབང་སྨོན་ལམ་བཅས་དབྱངས་སུ་གྱེར་བཞིན་སྒོ་གསུམ་དགེ་བའི་ལས་ལ་བརྩོན།

དེ་ནས་དགུང་ཞག་བཞི་ཅུ་ཞེ་དགུའི་རིང་ཉིན་ལྟར་གསོལ་འདེབས་དང་། སྨོན་ལམ་ཞུས་པ་མ་ཟད། བདུན་ཚིགས་རྣམས་སུ་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པ་དང་། གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་པོ་དྲན་པ་ནམ་མཁའི་ཚོགས་མཆོད་རྒྱས་འབུལ་བཅས་སྡིག་སྤོང་དགེ་སྒྲུབ་དང་། ཚོགས་བསགས་སྒྲིབ་སྦྱོང་གི་ལས་ལ་གཞོལ་བ་ཡིན། དེ་རིང་ནི་དགུང་ཞག་ཞེ་དགུའི་ཐ་མ་སྟེ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་ཐ་དག་འབད་མེད་ལྷུན་གྱིས་གྲུབ་ཏེ་སྐུ་ཡི་བཀོད་པ་གདུལ་བྱ་ཐུན་མོང་གི་ངོར་ལྷོ་གླིང་འདིར་བསྡུས་པའི་ཚུལ་བསྟན་ཀྱང་། ཞིང་གཞན་དང་། གདུལ་བྱ་གཞན་གྱི་དོན་དུ་དག་པའི་མཛད་འཕྲིན་ནི་སྲིད་མཐའ་མ་སྟོང་བར་དུ་མཛད་པས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཞིན་དུ་མཐའ་རུ་ཕྱིན་པའི་སྨོན་འདུན་དང་། དུས་རྟག་ཏུ་ཉིད་ཀྱི་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པའི་དད་གུས་མོས་མདུན་དང་བཅས་ཉིད་ཀྱི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༡ ཕྱི་ཚེས་ ༥ ཉིན་བོན་གྱི་གདན་ས་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་བྲིས།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།