གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འདས་མཆོད་འཚོགས་པ།

0
913
པར་པ་ཁྱུང་ཐོག་རྒོད།

བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འཛམ་བུ་གླིང་དུ་བསྐལ་ཆེན་གྱི་སྟོན་པ་རུ་བྱོན་ཏེ་མཛད་ཆེན་བཅུ་གཉིས་ཀྱི་མཛད་པ་ཐ་མ་རྣམ་པར་གྲུབ་པའི་མཛད་པ་འམ་མྱང་ངན་འདས་པའི་མཛད་པ་བསྟན་པ་ཡིན་ཏེ། ལུང་ལས། བོན་ཉིད་དབྱིངས་ལ་སྐྱེ་འཆི་མི་མངའ་ཞིང་། །སེམས་ཉིད་ཡེ་ནས་སྐྱེ་འཆི་བདུད་དང་བྲལ། །མི་རྟག་རྟག་ཏུ་རེ་བའི་སེམས་ཅན་རྣམས། །ལན་གཅིག་རྟག་ཏུ་རེ་བ་སུན་ཕྱུངས་ཕྱིར། །འཁོར་བའི་གནས་ནས་མྱ་ངན་འདས་ཚུལ་བསྟན། །ཞེས་གསུངས།  དེ་ཡང་སྟོན་པ་མྱ་ངན་འདས་པའི་དུས་ནི་སྟོན་པ་མཆོག་གཤེན་ལོ་གྱ་གཉིས་ཀྱི་ལོ་སྔགས་པའི་ལུགས་ལྟར་སྟོན་ཟླ་ཐ་ཆུང་དང་རྒྱ་རྩིས་ཀྱི་དགུན་ཟླ་ར་བའི་གནམ་སྟོང་གི་ཉི་ཤར་དུས་སུ་མྱང་ངན་ལས་འདས་པ་ཡིན་པ་དང་། དེའི་དུས་ལ་དགེ་བ་ཅི་བྱས་ཐམས་ཅད་འབུམ་འགྱུར་འགྲོ་བ་ཡིན་ཏེ། གསང་སྔགས་རྫོང་འཕྲང་ལས། ཡང་ཁྱད་ནི། སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་ཏེ། ལོ་ཤིང་ཕོ་བྱི་བ། ཟླ་བ་སྔགས་པའི་དགུན་ཟླ་ཆ་ཆུང་། རྒྱ་རྩིས་ཀྱི་དཔྱིད་ར་བ། ཚེས་བཅོ་ལྔའོ། །སྐར་མ་རྒྱལ། དུས་ཚོད་ནམ་ལངས་པའོ། །སྔགས་པའི་སྟོན་འབྲིང་པོ། རྒྱ་རྩིས་པའི་ཐ་ཆུང་གི་ཚེས་བརྒྱད་ལ། བསྟན་པ་བཞག་པ་དང་། གདུང་ཚོབ་མུ་ཆོ་བྱོན་པའི་དུས་སོ། །སྔགས་པས་སྟོན་ཟླ་ཐ་ཆུང་རྒྱ་རྩིས་ཀྱི་རྒུན་ཟླ་ར་བའི་གནམ་སྟོང་ལ། མྱ་ངན་འདས་པའི་དུས་ཏེ། དེ་རྣམས་ལ་དགེ་བ་ཅི་བྱས་འབུམ་དུ་འགྲོའོ། །ཞེས་གསུངས་ལྟར་ཡིན་པས། གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་ལོ་བསྟར་རེ་བཞིན་དུས་ཆེན་འདི་སྲུང་བརྩི་ཞུས་དང་ཞུ་བཞིན་པ་རེད། འདི་ལོ་༢༠༡༧། ༡༡། ༡༨ཉིན་མཆོད་པ་རྣམ་ལྔ་བཤམས་ཏེ་མཆོད་བཟོ་ལེགས་པར་བྱས། དེ་རིང་འབྱུང་ལྡན་༣༠༡བོད་མེ་བྱ་ལོའི་སྔགས་པའི་ལུགས་ལྟར་སྟོན་ཟླ་ཐ་ཆུང་དང་རྒྱ་རྩིས་ཀྱི་དགུན་ཟླ་ར་བའི་གནམ་སྟོང་སྟེ་ཧོར་ཟླ་༩ཚེས་༣༠་ཉིན་ཞོགས་པ་སྔ་མོ་གསོ་སྦྱོང་འཚོགས་པ་དང་དེ་ནས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་བདེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་གཞུང་སྲོང་ཏེ་བདག་ཅག་གི་སྟོན་པ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དངོས་འབྱོར་ཡིད་སྤྲུལ་ཡིད་ཀྱི་མཆོད་པ་སྣ་ཚོགས་པ་དང་བཅས་ཏེ་འདས་མཆོད་སྲུང་བརྩི་ཞུ་བཞིན་པའི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༧། ༡༡། ༡༩ཉིན་སྤེལ།། །།

དགོངས་ཚུལ་མེད།

གསལ་བརྡ། གལ་སྲིད་སྐུ་ཉིད་ཀྱིས་རྩོམ་གྱི་གཤམ་དུ་དཔྱད་གཏམ་སྤེལ་ཚེ་ངེས་པར་མཁྱེན་དགོས་པ་ནི། རང་མིང་དངོས་དུ་བཀོལ་ནས་ཕན་ཚུན་གུས་བཀུར་དང་བརྩི་འཇོག་ལྡན་པའི་སྒོ་ནས་དཔྱད་མཆན་འདེབས་རྒྱུ་མ་ཟད་བསྟན་པར་འཚེ་བའི་རིགས་དགག་བྱ་རུ་དགོངས་དགོས་པ་དང་། དེ་བཞིན་ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པ་དང་རྒྱས་དགོས་ཕྱིར་ཁྲིམས་འགལ་གཤེ་སྐུར་གྱི་རིགས་སྤང་བྱ་རུ་བཟུང་ནས་བསྟན་པ་སྤྱི་ལ་ཕན་པའི་མཆན་བུ་འདེབས་རོགས་གནང་ཞུ་ཞུ། །

ལན་སློགས།